ཨི་ཛེ་རིལ་གཞུང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཆུང་དུ་གཏོང་འཆར་འདུག 

ཨི་ཛེ་རིལ་གྱི་སྲིད་བློན་ནཱི་ཐན་ཡཱ་ཧུའི་སྲིད་གཞུང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཆུང་དུ་གཏོང་བ་དང་། གྲོས་ཚོགས་ཀྱི་དབང་ཚད་ཆེ་རུ་གཏོང་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་འདུག་པ་དང་། དེ་ལ་སྐྱོན་བརྗོད་བྱེད་མཁན་ཚོས་གལ་ཏེ་འཆར་གཞི་དེ་དག་དངོས་སུ་ལག་བསྟར་ཐུབ་ཚེ། ཨི་ཛེ་རིལ་གྱི་མང་གཙོའི་ལམ་ལུགས་ནང་དུ་ལྗིད་སྙོམ་སྟངས་འཛིན་མེད་པ་ཆགས་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག 

ཟླ་༡ པོའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ། ཉེ་ཆར་ཨི་ཛེ་རིལ་སྲིད་གཞུང་གི་ཁྲིམས་ཀྱི་བློན་ཆེན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་ཞིབ་ལམ་ལུགས་ལ་འགྱུར་བ་ཤུགས་ཆེན་ཞིག་གཏོང་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་འདུག་པ་དང་། ཁོང་གི་འཆར་གཞི་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འཕོག་ཡོད་པའི་སྲིད་བློན་ནཱི་ཐན་ཡཱ་ཧུ་ཡིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་འདུག སྲིད་བློན་ཁོང་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་པ་ནས་བཟུང་། ཁོང་གིས་གསར་ཁང་རྣམས་དང་ཉེན་རྟོག་པ། དེ་བཞིན་གཞུང་གི་ཁྲིམས་རྩོད་པ་བཅས་ནས་ཁོང་ལ་སྲིད་དོན་གྱི་དམིགས་འབེན་དུ་བཟུང་བཞིན་ཡོད་པ་ལས། ཉེས་འཛུགས་དེ་དག་བདེན་པ་མིན་སྐོར་གྱི་ནན་བརྗོད་བྱེད་བཞིན་ཡོད་འདུག 

ཁྲིམས་ཞིབ་ལམ་ལུགས་འགྱུར་བ་ཆེན་པོ་གཏོང་རྒྱུའི་འཆར་གཞི་ནང་དུ། གལ་ཏེ་ཁྲིམས་ཞིབ་ཁང་གིས་ཁྲིམས་ཞིག་རྩ་ཁྲིམས་དང་མཐུན་གྱི་མེད་པར་ངོས་འཛིན་གྱིས་བཀག་འགོག་བྱས་ནའང། གྲོས་ཚོགས་ཀྱི་འཐུས་མི་༡༢༠ ནས་༦༡ གི་རྒྱབ་སྐྱོར་ཐོབ་ཚེ་ཁྲིམས་དེ་གཏན་འབེབས་བྱེད་ཆོག་པ་བཟོ་རྒྱུ། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་བསྐོ་གཞག་གི་ལས་དོན་ལ། སྲིད་དོན་མི་སྣ་ཚོར་འགན་དབང་ཆེ་རུ་གཏོང་རྒྱུ། གཞུང་གི་སྤྱི་ཁྱབ་ཁྲིམས་རྩོད་པའི་ལས་གནས་དེ་མི་གསུམ་ལ་ཆ་བགོས་བྱས་ཏེ། མི་གཉིས་དེ་གཞུང་དང་གྲོས་ཚོགས་ཀྱིས་བསྐོ་གཞག་བྱེད་རྒྱུ་ཡོད་པ་བཟོ་འཆར་ཡོད་འདུག 

དེ་སྔོན་ཨི་ཛེ་རིལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། ཨི་ཛེ་རིལ་གཞུང་གིས་བཙན་བཟུང་འོག་ཡོད་པའི་པཱེ་ལི་སེ་ཐན་གྱི་མངའ་ཁུལ་དུ་མི་སྒེར་གྱི་ས་ཆར་དམག་སྒར་བཙུགས་པ་དེ་ནི་ཁྲིམས་འགལ་ཡིན་པ་ཐག་གཅོད་བྱས་འདུག་པ་དང་། ད་ལྟའི་སྲིད་གཞུང་དེས་ཐག་གཅོད་དེ་ཕྱིར་འཐེན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་འདུག དེ་བཞིན་ཨ་ཧྥེ་རི་ཀ་ནས་སྐྱབས་བཅོལ་ཞུ་བར་ཡོང་མཁན་ཚོར་བཀག་ཉར་བྱེད་པའི་དུས་ཡུན་རིང་དུ་གཏོང་ཆོག་པ་བཟོ་རྒྱུའི་རེ་བ་ཡོད་སྐོར་བརྗོད་འདུག 

ཁྲིམས་ཀྱི་བློན་ཆེན་གྱིས་ད་ལྟའི་ཆར་མི་མང་ཚོར་ཁྲིམས་ཞིབ་ལམ་ལུགས་ལ་ཡིད་ཆེས་མེད་པ་ཆགས་ཡོད་པས། ཁོང་གིས་ད་ལྟའི་ཆ་ཐེ་བྱུས་བྱེད་རྒྱུ་མང་དྲགས་མཁན་གྱི་ཁྲིམས་དཔོན་ཚོར་ཡོད་པའི་དབང་ཚད་དེ་དག མི་མང་གིས་འོས་འདེམས་བྱས་པའི་སྲིད་དོན་མི་སྣ་ཚོར་ཡོད་པ་བཟོ་རྒྱུ་ཡིན་པ། ད་ལྟའི་ཆར་མི་མང་གིས་འོས་མ་བླུགས་པའི་ཁྲིམས་དཔོན་དེ་ཚོས་མི་མང་ཆེད་དུ་ཐག་གཅོད་བྱེད་ཀྱི་ཡོད་པས། དེ་ནི་མང་གཙོ་མིན་སྐོར་བརྗོད་འདུག དེ་བཞིན་ཁོང་གིས་ལས་དོན་དེ་ནི་སྲིད་བློན་ནཱི་ཐན་ཡཱ་ཧུ་ལ་ཁྲིམས་ཞིབ་འགྲོ་བཞིན་པའི་གནད་དོན་དང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་འདུག 

ཁྲིམས་ཞིབ་ལམ་ལུགས་འགྱུར་བ་གཏོང་འཆར་དེར་གཞུང་གི་སྤྱི་ཁྱབ་ཁྲིམས་རྩོད་པ་དང་ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་འདུག་ཀྱང་། ཁོ་ཚོས་འགྱུར་བ་དེ་བཀག་འགོག་བྱེད་ཐུབ་ཀྱི་ཡོད་མེད་ཚོད་དཔག་བྱེད་དཀའ་བ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།