ཨི་རག་ནང་གཞུང་ལ་ངོ་རྒོལ་ཆེན་པོ་བྱེད་བཞིན་འདུག
དཀྱིལ་ཤར་ཡུལ་གྲུ་ཨི་རག་ནང་དུ་གཞུང་ལ་ལྐོག་ཟ་རུལ་སུངས་དང་། དེ་བཞིན་ལས་ཀའི་གོ་སྐབས་མེད་པའི་སྐྱོན་བརྗོད་འོག མི་མང་གིས་ངོ་རྒོལ་ལས་འགུལ་ཁྱབ་ཆེན་སྤེལ་བཞིན་འདུག་པ་དང་། དེའི་ཁྲོད་ངོ་རྒོལ་བ་ཁག་ཅིག་དམར་གསོད་བཏང་ཡོད་འདུག
དཀྱིལ་ཤར་ཡུལ་གྲུ་ཨི་རག་ནང་དུ་གཞུང་ལ་ལྐོག་ཟ་རུལ་སུངས་དང་། དེ་བཞིན་ལས་ཀའི་གོ་སྐབས་མེད་པའི་སྐྱོན་བརྗོད་འོག མི་མང་གིས་ངོ་རྒོལ་ལས་འགུལ་ཁྱབ་ཆེན་སྤེལ་བཞིན་འདུག་པ་དང་། དེའི་ཁྲོད་ངོ་རྒོལ་བ་ཁག་ཅིག་དམར་གསོད་བཏང་ཡོད་འདུག
ཟླ་༡༠ པའི་ཚེས་༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨི་རག་ནང་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་བརྒྱུད་ནས། རྒྱལ་ཁབ་དེའི་ནང་ལས་ཀའི་གོ་སྐབས་མེད་པ་དང་། སྤྱི་དམངས་ཞབས་ཞུའི་མཐུན་རྐྱེན་ཞན་པོ་ཡོད་པ། དེ་བཞིན་གཞུང་ནང་ལྐོག་ཟ་རུལ་སུངས་ཁྱབ་ཆེན་ཡོད་པ་སོགས་ལ་ངོ་རྒོལ་ཆེད། ངོ་རྒོལ་གྱི་འཆར་གཞི་འཐེན་ཏེ། ཟླ་༡༠ པའི་ཚེས་༡ དང་༢ ལ་ཨི་རག་གི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་ནང་མི་མང་གིས་ངོ་རྒོལ་ལས་འགུལ་ཆེན་པོ་སྤེལ་ཡོད་འདུག ངོ་རྒོལ་ནང་དུ་འགོ་ཁྲིད་དམིགས་བསལ་མེད་ཁར། ཆོས་ལུགས་དང་སྲིད་དོན་གྱི་ཚོགས་པ་བྱེ་བྲག་གི་རྒྱབ་སྐྱོར་དང་འབྲེལ་བ་ཡང་མེད་པས། མི་མང་གི་ངོ་རྒོལ་ཡིན་འདུག་པས། ཨི་རག་གཞུང་གིས་ངོ་རྒོལ་ཁྱབ་ཆེན་འདི་འདྲ་འབྱུང་གི་ཡོད་པར་ཚོད་དཔག་བྱུང་མེད་འདུག
ཟླ་༡༠ པའི་ཚེས་༡ ལ་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་ནས་ངོ་རྒོལ་བ་༢ བསད་འདུག་པ་དང་། དེ་བཞིན་ཚེས་༢ ཉིན་ངོ་རྒོལ་བ་༣ དང་ཉེན་རྟོག་པ་༡ བསད་འདུག དེ་ཡང་ཉེན་རྟོག་པས་མི་མང་ངོ་རྒོལ་བ་ཁ་འཐོར་གཏོང་ཆེད་དུ་མེ་མདའ་བརྒྱབ་པ་དང་མིག་ཚ་བྱེད་ཀྱི་དུག་རླང་བཏང་བ་སོགས་བྱས་པས། ས་གནས་ཤིག་ཏུ་མི་མང་ཁག་ཅིག་གིས་ཉེན་རྟོག་པ་དང་མེ་མདའ་རྒྱག་རེས་བྱས་ཡོད་ཁར། ས་གནས་གཞན་ཞིག་ཏུ་གཞུང་ལས་ཁང་རྩེགས་ཤིག་ལ་མེ་བརྒྱབ་པ་སོགས་བྱས་ཡོད་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་སྨན་པའི་ཚོགས་པ། གསར་ཁང་ཁག་ཅིག་གིས་ད་བར་མི་མང་༩ བསད་ཡོད་པ་དང་། སྨས་སྐྱོན་ཕོག་པའི་ཁ་གྲངས་གྲོང་ཁྱེར་གཅིག་ཏུ་༧༨ ཡིན་ཡང་། ས་གནས་གཞན་ཁག་ནས་གྲངས་ཁ་རག་ཐུབ་ཀྱི་མེད་ཁར། ཚེ་སྲོག་ཤོར་བའི་ཁ་གྲངས་དེ་ཡང་ཞིབ་འཇུག་ར་སྤྲོད་བྱེད་ཐུབ་ཀྱི་མེད་འདུག
དེ་ཡང་ཨི་རག་གི་གཞུང་གསར་པ་སླེབས་ནས་ལོ་ངོ་༡ སོང་བའི་ནང་། ཐེངས་འདིའི་ངོ་རྒོལ་ལས་འགུལ་ནི་གཞུང་ལ་ངོ་རྒོལ་དང་ཁོང་ཁྲོའི་རྣམ་འགྱུར་སྟོན་པའི་ལས་འགུལ་ཁྱབ་ཆེ་ཤོས་ཆགས་འདུག ཟླ་༡༠ པའི་ཚེས་༢ ཉིན་ཨི་རག་གི་སྲིད་བློན་མཱ་ཧ་ཌི་ཡིས་རྒྱལ་ཁབ་ཀྱི་བདེ་སྲུང་ལྷན་ཚོགས་ཛ་དྲག་ཐོག་བསྐོངས་འདུག་པ་དང་། རྗེས་སུ་བསྒྲགས་གཏམ་ཞིག་སྤེལ་ཏེ། ངོ་རྒོལ་ལས་འགུལ་ཁྲོད་ཕྱོགས་གཉིས་ཀ་ནས་ཚེ་སྲོག་ཤོར་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་འགྱོད་སྣང་ཆེན་པོ་ཡོད་པ། རྒྱལ་ཁབ་ནང་ངོ་རྒོལ་གྱི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། དེ་བཞིན་ངོ་རྒོལ་བའི་དགོས་འདུན་བཅས་ལ་ཁས་ལེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དུས་མཚུངས་སུ་ངོ་རྒོལ་ལས་འགུལ་ཁྲོད་གཏོར་བཅོམ་གྱི་བྱ་སྤྱོད་ལ་ངོས་ལེན་རྩ་བ་ནས་མེད་པ། དེ་བཞིན་མི་མང་དང་གཞུང་སྒེར་གཉིས་ཀྱི་རྒྱུ་ནོར་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ལག་ལེན་བསྟར་རྒྱུ་ཡིན་སྐོར་བསྒྲགས་འདུག
འཛམ་གླིང་གི་དངུལ་ཁང་ཆེན་མོ་ལ་གཞིགས་ན། ཨི་རག་ནས་ལས་ཀ་མེད་པའི་གཞོན་སྐྱེས་ནི་བརྒྱ་ཆ་༢༠ ལས་མང་བ་ཡིན་འདུག ཟླ་༡༠ པའི་ཚེས་༡ ཉིན་ཨི་རག་གི་སྲིད་བློན་གྱིས་མཐོ་སློབ་ཐོན་པའི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་ཁས་ལེན་བྱས་ཏེ། སྣུམ་དང་གཞུང་གི་ལས་ཁུངས་གཞན་རྣམས་ལ་ཕྱིའི་རྒྱལ་ཁབ་ཁག་གི་ཚོང་ལས་ཁང་ཁག་ཏུ་ལས་བྱེད་བརྒྱ་ཆ་༥༠ ཨི་རག་མི་མང་ལས་བསྐོ་བྱེད་རྒྱུའི་གན་རྒྱ་འཇོག་དགོས་པའི་བཀའ་ཁྱབ་བཏང་ཟིན་སྐོར་བརྗོད་འདུག
ཨི་རག་གི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཞིག་གིས། ཐེངས་འདིའི་ངོ་རྒོལ་ལས་འགུལ་ནི་ཁོང་གིས་ད་བར་མཐོང་བའི་མི་མང་ལས་འགུལ་ཆེ་ཤོས་དང་ཚབས་ཆེ་ཤོས་ཤིག་ཀྱང་ཡིན་པ། དེ་ཡང་ལས་འགུལ་དེའི་ནང་འབོད་སྒྲའམ་དགོས་འདུན་འདྲ་མིན་འདོན་མཁན་ཡོད་པ་དང་། སྤྱི་མོས་ཀྱི་འགོ་ཁྲིད་གཅིག་མེད་ཁར། དེ་དག་ནི་ཆོས་ལུགས་སམ་སྲིད་དོན་ཚོགས་པ་བྱེ་བྲག་གཅིག་གི་རྗེས་འཇུག་པ་མིན་པས། ངོ་རྒོལ་བ་རྣམས་སྟངས་འཛིན་བྱེད་རྒྱུ་དང་། དེ་དག་དང་གྲོས་མོལ་བྱེད་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག
དེ་བཞིན་ཏུར་ཀི་ནང་ཡོད་པའི་དཔྱད་བརྗོད་པ་ཞིག་གིས། ཨི་རག་ནི་དམག་འཁྲུག་གི་གནོད་སྐྱོན་ཕོག་པའི་རྒྱལ་ཁབ་གཅིག་ཡིན་ཁར། མངའ་ཁུལ་དུ་ཨ་རི་དང་ཨི་རན། ཏུར་ཀི་སོགས་ཀྱི་བར་ལ་འགལ་ཟླ་ཆེན་པོ་ཡོད་པས། གནས་སྟངས་ཤིན་ཏུ་ཛ་དྲག་ཡིན་པ་དང་། དེ་བཞིན་དུས་ཐུང་ནང་ཨི་རག་གཞུང་དེས་དཔལ་འབྱོར་གནས་སྟངས་འགྱུར་བ་གཏོང་ཐུབ་ཐབས་མེད་ཀྱང་། དེ་ལ་བརྟེན་ནས་གཞུང་འཕོ་འགྱུར་བཏང་ཡང་དཔལ་འབྱོར་གྱི་གནད་དོན། ལྐོག་ཟ་རུལ་སུངས། འཇིགས་སྐུལ་རིང་ལུགས། བདེ་སྲུང་གི་ཉེན་ཁ་སོགས་དང་འཐབ་རྒོལ་བྱེད་པར་ཕན་ཐོགས་ཡོང་རྒྱུ་མིན་སྐོར་བརྗོད་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱིས་གནས་སྟངས་དེའི་ཐོག་སེམས་འཚབ་ཀྱི་རྣམ་པ་བསྟན་ནས། ཞི་འཇམ་ཡོང་བའི་རེ་སྐུལ་དང་མི་མང་ལ་ངོ་རྒོལ་གྱི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་འདུག དེ་བཞིན་ཨི་རག་གི་སྲིད་འཛིན་གྱིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ་ཉེན་རྟོག་རུ་ཁག་ལ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་དེ་ནི་རྩ་ཁྲིམས་ཀྱི་ཐོབ་ཐང་ཡིན་པའི་དྲན་སྐུལ་བྱས་ཏེ། ཨི་རག་གི་གཞོན་སྐྱེས་ཚོས་ལེགས་བཅོས་དང་ལས་ཀ་དགོས་པའི་དགོས་འདུན་བཏོན་ཡོད་པས། དགོས་འདུན་དེ་དག་སྒྲུབ་རྒྱུ་གཞུང་གི་ལས་འགན་ཡིན་སྐོར་བརྗོད་འདུག དེའི་ཐོག་ཨི་རག་གི་གྲོས་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་ཁྲོད་ཀྱི་དྲག་སྤྱོད་ལ་ཞིབ་འཇུག་དགོས་པའི་བཀའ་ཁྱབ་བཏང་ཡོད་ཁར། གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་ཉེན་རྟོག་པས་ངོ་རྒོལ་བ་རྣམས་ལ་དྲག་གནོན་བྱས་པའི་སྐྱོན་བརྗོད་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།