ཨི་རན་གྱི་རྡུལ་མཚོན་གྲོས་མོལ་བསྐྱར་དུ་འགོ་འཛུགས་བྱེད་རྒྱུ་ཡིན་འདུག
ཨི་རན་གྱི་རྡུལ་མཚོན་གྲོས་མོལ་གྱི་སྤྱི་ཁྱབ་སྐུ་ཚབ་ཀྱིས་རྒྱལ་ཁབ་དེ་དང་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་གཞན་བར། རྡུལ་མཚོན་ལས་གཞིའི་ཐོག་གི་གྲོས་མོལ་བསྐྱར་དུ་འགོ་འཛུགས་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། ད་ལྟའི་ཆར་གྲོས་མོལ་ནང་ཨ་རི་མེད་པ་རེད།
ཨི་རན་གྱི་རྡུལ་མཚོན་གྲོས་མོལ་གྱི་སྤྱི་ཁྱབ་སྐུ་ཚབ་ཀྱིས་རྒྱལ་ཁབ་དེ་དང་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་གཞན་བར། རྡུལ་མཚོན་ལས་གཞིའི་ཐོག་གི་གྲོས་མོལ་བསྐྱར་དུ་འགོ་འཛུགས་རྒྱུ་ཡིན་སྐོར་བརྗོད་འདུག་པ་དང་། ད་ལྟའི་ཆར་གྲོས་མོལ་ནང་ཨ་རི་མེད་པ་རེད།
ཟླ་༡༡ པའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ཚེས་༢༩ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་ཨོ་སི་ཀྲུ་རི་ཡའི་རྒྱལ་ས་ཝི་ན་ནང་དུ། ཨི་རན་དང་ཨི་རན་གྱི་རྡུལ་མཚོན་གྲོས་མཐུན་ཐོག་མིང་རྟགས་བཀོད་མཁན་ཨ་རི་ཕུད་པའི་རྒྱལ་ཁབ་གཞན་བར་གྲོས་མོལ་གྱི་ལས་དོན་འགོ་འཛུགས་བྱེད་རྒྱུ་ཡིན་འདུག་པ་དང་། དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་སྐབས་སྔོན་མའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གྲོས་མཐུན་ནས་ཕྱིར་འཐེན་བྱས་ཏེ། ཨི་རན་ལ་དཔལ་འབྱོར་ཉེས་ཆད་བཏང་བ་རྣམས་མེད་པ་བཟོ་ཆེེད་ཡིན་འདུག
ཡུ་རོབ་མཐུན་ཚོགས་ཀྱིས་བརྗོད་དོན་ལ། གྲོས་མོལ་དུ་མཉམ་ཞུགས་བྱེད་མཁན་ཚོས་ཨི་རན་གྱི་རྡུལ་མཚོན་གྲོས་མཐུན་ནང་དུ་ཨ་རི་ཕྱིར་ལོག་ཐུབ་ཆེད་དུ་གང་འདྲ་བྱེད་དགོས་མིན་ཐད་གྲོས་སྡུར་མུ་མཐུད་བྱེད་རྒྱུ་དང་། དེ་བཞིན་གྲོས་མཐུན་དེ་ཡོངས་སུ་རྫོགས་པ་དངོས་སུ་ལག་བསྟར་གང་འདྲ་བྱེད་དགོས་མིན་ཐད་གྲོས་མཐུན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
གྲོས་མོལ་གྱི་སྐབས་སུ་ཨི་རན་གྱི་རྡུལ་མཚོན་གྲོས་མཐུན་ཐོག་ཏུ་མིང་རྟགས་བཀོད་མཁན་ཨ་རི་ཕུད་པའི་རྒྱལ་ཁབ་གཞན་ཏེ་རྒྱ་ནག་དང་ཨུ་རུ་སུ། འཇར་མན། ཧྥ་རན་སི། དབྱིན་ཡུལ་བཅས་མཉམ་ཞུགས་བྱེད་རྒྱུ་རེད་འདུག
ཕྱི་ལོ་༢༠༡༥ ལོར་ཨི་རན་རྒྱལ་ཁབ་ཀྱིས་རྡུལ་མཚོན་བཟོ་སྐྲུན་ལས་གཞི་མཚམས་འཇོག་ཡོང་ཆེད་དང་། དཀྱིལ་ཤར་ཡུལ་གྲུའི་ནང་མཚོན་ཆ་མཁོ་སྒྲུབ་ཀྱི་འགྲན་སྡུར་དང་དམག་འཁྲུག་གི་ཉེན་ཚབས་ཆུང་དུ་གཏོང་ཆེད། ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། འཇར་མན། རྒྱ་ནག ཨུ་རུ་སུ་བཅས་དང་ཨི་རན་བར་གྲོས་མཐུན་ཞིག་བཞག་ནས་མིང་རྟགས་བཀོད་ཡོད་པ་དང་། དེའི་ནང་ཨི་རན་གྱིས་ལོ་༡༥ བར་རྡུལ་མཚོན་བཟོ་སྐྲུན་མཚམས་འཇོག་བྱ་རྒྱུ་དང་། རྡུལ་མཚོན་བཟོ་སྐྲུན་ཆེད་དགོས་མཁོ་ཆེ་བའི་གཏེར་ཁ་ཡུ་རན་ནེམ་གསོག་འཇོག་ཚད་བཀག་བཟོ་རྒྱུ་ཁས་ལེན་བྱེད་དགོས་པ་དང་། དེ་དང་བསྟུན་ནས་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨི་རན་ལ་བཀལ་བའི་དཔལ་འབྱོར་ཉེས་ཆད་ཕྱིར་འཐེན་བྱ་རྒྱུ་ཁས་ལེན་བྱས་ཡོད་འདུག་ཀྱང་། ཨ་རིའི་སྲིད་འཛིན་དུ་ཌོ་ནལ་ཊོམ་བདམས་ཐོན་བྱུང་བ་ནས་བཟུང་། གྲོས་མཐུན་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པ་དང་། དེ་བཟོ་བཅོས་མ་བྱས་ཚེ་ཨ་རི་ཕྱིར་འཐེན་བྱ་རྒྱུའི་སྡིགས་ར་ཐེངས་མང་བསྐུལ་ཡོད་པ་ལྟར། ཕྱི་ལོ་༢༠༡༨ ལོའི་ཟླ་༥ པའི་ཚེས་༨ ཉིན་སྲིད་འཛིན་ཊོམ་གྱིས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་རེ་སྐུལ་ལ་མ་ལྟོས་པར། ཨ་རི་གྲོས་མཐུན་དེ་ནས་ཕྱིར་འཐེན་བྱས་ནས་ཨི་རན་ལ་དཔལ་འབྱོར་ཉེས་ཆད་བཏང་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། ཨི་རན་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་འདུག་པས། ཨི་རན་གྱིས་ཀྱང་གཏེར་ཁ་ཡུ་རན་ནེམ་གསོག་འཇོག་གི་ཚད་བཀག་ལས་མང་བ་གསོག་སྒྲུབ་བྱེད་འགོ་བཙུགས་ཡོད་པ་རེད།
འོན་ཀྱང་ཨ་རིའི་སྲིད་འཛིན་དུ་རྗོ་བྷའེ་ཌན་འདེམས་ཐོན་བྱུང་རྗེས། ཨ་རིའི་སྲིད་གཞུང་གིས་གལ་ཏེ་ཨི་རན་གྱིས་རྡུལ་མཚོན་གྲོས་མཐུན་གྱི་ཆ་རྐྱེན་རྣམས་སྒྲུབ་ཚེ། གྲོས་མཐུན་དེར་བསྐྱར་དུ་ཞུགས་ཆེད་དུ་གྲོས་མོལ་བྱེད་འདོད་ཡོད་སྐོར་བརྗོད་ཡོད་པ་རེད་དེ། ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཛཱ་རཱི་ཧྥེ་ཡིས་གལ་ཏེ་ཨ་རིའི་སྲིད་གཞུང་གསར་པ་རྡུལ་མཚོན་གྲོས་མཐུན་ལ་བསྐྱར་དུ་ཞུགས་རྒྱུ་ཡིན་ཚེ། ཐོག་མར་དཔལ་འབྱོར་ཉེས་ཆད་དེ་དག་ཕྱིར་འཐེན་བྱེད་དགོས་པ་དང་། དེའི་རྗེས་སུ་ཨ་རི་གཞུང་དང་ཐུག་འཕྲད་ཀྱིས་ཊོམ་གྱི་ལས་ཡུན་སྐབས་སུ་དཔལ་འབྱོར་ལ་ཨ་སྒོར་ཁྲག་ཁྲིག་༡ གི་གནོད་སྐྱོན་ཆེན་པོ་བཏང་ཡོད་པས། དེའི་ཆེད་དུ་གུན་གསབ་དགོས་སྐོར་གྱི་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། གུན་གསབ་དེ་ཡང་རྒྱལ་ཁབ་དེའི་ནང་ཨ་རིས་མ་འཛུགས་བྱེད་པ་དང་། ཡང་ན་དངུལ་གྱི་གུན་གསབ་སྤྲོད་པ། ཡང་ན་མ་འོངས་པར་ཊོམ་གྱིས་བྱས་པ་ལྟར་མི་ཡོང་བའི་ཆེད་དུ། རྡུལ་མཚོན་གྲོས་མཐུན་ནས་ཕྱིར་འཐེན་བྱེད་རྒྱུ་མེད་པའི་ཐབས་ལམ་བཟོ་བ་སོགས་བྱེད་སྲིད་སྐོར་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།