ཨི་རན་གྱིས་ཨི་སི་རེལ་ལ་ཚུར་རྒོལ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་ཨི་སི་རེལ་གྱིས་བརྗོད།
ད་ཆར་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་དུ་དམག་འཁྲུག་གཞི་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་འདུག་པ་དང་། ཉེ་ཆར་ཨི་སི་རེལ་གྱིས་ཧ་མ་སིའི་འགོ་དཔོན་གཙོ་གྲས་ཤིག་ཨི་རན་གྱི་ས་ཐོག་ཏུ་བསད་པར་བརྟེན། ཨི་རེན་གྱིས་ཁོང་ཚོའི་ས་ཐོག་ཏུ་ཨི་སི་རེལ་གྱིས་ཁྲིམས་འགལ་ཐོག་ནས་ཁོང་ཚོའི་མགྲོན་པོ་བསད་པ་ནི་ཧ་ཅང་གིས་ཉེན་ཚབས་ཆེན་པོ་ཡིན་པར་བརྗོད་ནས། ད་ཆར་ཨི་སི་རེལ་གྱི་གསང་བའི་ལས་ཁུངས་ནས་ཨི་རན་གྱིས་ཨི་སི་རེལ་ལ་ཚུར་རྒོལ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པར་བརྗོད་ཡོད་འདུག
ཕྱི་ཚེས་༡༢ ཉིན་རྒྱ་གར་(wion)གསར་ཁང་གིས་བརྗོད་དོན་ལ། ཨི་རན་གྱིས་ཨི་སི་རེལ་ལ་དེ་སྔོན་ཧ་མ་སིའི་འགོ་པ་གཙོ་གྲས་ཤིག་ཨི་རན་གི་ས་ཐོག་ཏུ་ལྐོག་གསོད་བཏང་བར་བརྟེན། དེ་ནི་བཟོད་ཐབས་མེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས། ངེས་པར་དུ་རྒོལ་ལན་སློག་དགོས་པ་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཀྱིས་བརྗོད་པ་ལྟར། ད་ཆར་ཨི་རན་གྱིས་ཨི་སི་རལ་ལ་རྒོལ་ལན་སློག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་ཨི་སི་རེལ་གྱི་གསང་བའི་ལས་ཁུངས་ཀྱིས་རྗོད་ཀྱི་ཡོད་འདུག་ལ། ཚུར་རྒོལ་དེ་བདུན་ཕྲག་འདིའི་གཟའ་ཕུར་བུའི་རྗེས་སུ་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཁ་སང་གཟའ་ཉི་མའི་ཉིན་ཨི་སི་རེལ་གྱི་བདེ་སྲུང་བློན་ཆེན་གྱིས་ཨ་རིའི་བདེ་སྲུང་དྲུང་ཆེ་(Lloyd Austin)དང་ལྷན་དུ་གྲོས་བསྡུར་ཞིག་བྱུང་ཡོད་འདུག་པ་དང་། ཨ་རིའི་ངོས་ནས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་དམག་འཁྲུག་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཨི་རན་གྱིས་ཨི་སི་རེལ་ལ་ཚུར་རྒོལ་བྱེད་སྲིད་པར་བརྟེན། ཨེ་ཤེ་ཡའི་ནུབ་རྒྱུད་ས་ཁུལ་ཁག་ཏུ་འབྱུང་བཞིན་པའི་དམག་འཁྲུག་བཀག་འགོག་ཆེད་དུ་ཨ་རིའི་དམག་གི་མཚོ་གྲུ་ཞིག་བཏང་ཡོད་འདུག་ལ། དེ་བཞིན་བདུན་ཕྲག་འདིའི་ནང་ཨི་སི་རེལ་ལ་ཨི་རན་གྱིས་ཚུར་རྒོལ་ཤུགས་ཆེན་ཞིག་བྱེད་སྲིད་པ་དང་། ཐེངས་འདིའི་ཚུལ་རྒོལ་དེ་སྔོན་ཆད་དང་མི་འདྲ་བར་རྒོལ་རྡུང་དྲག་པོ་ཞིག་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ཨ་རིའི་དམག་གི་གནམ་གྲུ་(F-22)ཟེར་བ་དེ་དཀྱིལ་ཤར་ཡུག་གྲུ་ཁག་ནང་ཡོད་པའི་ཨ་རིའི་དམག་གི་རྟེན་གཞི་ཁག་ཏུ་སྒྲིག་འཇོག་བྱས་ནས། ཨི་རན་གྱིས་ཨི་སི་རེལ་ལ་ཚུར་རྒོལ་བྱས་ན་འགོག་རྒོལ་ཆེད་དུ་དང་། གཞན་ཡུལ་གྲུ་དེ་དག་གི་ནང་དམག་འཁྲུག་རྒྱ་སྐྱེད་མི་འགྲོ་བའི་ཆེད་དུ་ཡིན་འདུག ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། ཨ་རིའི་ངོས་ནས་ཨི་སི་རེལ་སྲུང་སྐྱོབ་བྱེད་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་པར་བརྗོད་ཡོད་འདུག གལ་སྲིད་ཨི་རན་གྱིས་ཨི་སི་རེལ་ལ་ཚུར་རྒོལ་བྱས་ན། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཨི་རན་ལ་རྒྱབ་སྐྱོར་བྱེད་སྲིད་པའི་ཉེན་ཁ་ཡོད་འདུག་ལ། ཨི་སི་རེལ་གྱི་རྒྱབ་དུ་ནུབ་ཕྱོགས་རྒྱལ་ཁབ་ཨ་རིའི་གཙོས་པའི་རྒྱལ་ཁབ་གཞན་རྣམས་ཡོད་པས། དམག་འཁྲུག་འདི་གཞི་རྒྱ་ཇེ་ཆེར་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།