ཨི་སི་རེལ་དེ་ཧེ་ཛི་བྷོ་ལའི་དགྲ་བོ་ཨང་དང་པོ་ཆགས་ཡོད་འདུག
ཟླ་འདིའི་ཚེས་༢༤ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རེལ་གྱིས་ལེ་བྷེ་ནོན་གྱི་ལྷོ་ཕྱོགས་དང་ཤར་ཕྱོགས་སུ་གནམ་གྲུས་གཏོར་རྒོལ་བྱས་ནས་མི་གྲངས་༥༠༠ བསད་ཅིང་མི་གྲངས་༡༦༠༠ ལྷག་ལ་རྨས་སྐྱོན་བཏང་ཡོད་འདུག་པ་དང་། ཕྱོགས་གཉིས་བར་གྱི་འཁྲུག་རྩོད་དེ་ནི་ལོ་ངོ་བཞི་བཅུའི་སྔོན་ནས་འགོ་བཙུགས་པ་ཞིག་ཆགས་ཡོད་འདུག
བདུན་འདིའི་རེས་གཟའ་ཟླ་བའི་ཉིན་ཨི་སི་རེལ་གྱི་གནམ་གྲུས་ལེ་བྷེ་ནོན་ཞེས་པའི་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་དང་ཤར་ཕྱོགས་སུ་གཏོར་རྒོལ་བྱས་ནས་ཡུལ་དེའི་མི་གྲངས་༥༠༠ ལྷག་བསད་ཅིང་དེའི་ཁྲོད་དུ་བྱིས་པ་༣༥ ་ཡང་ཚུད་ཡོད་འདུག མི་གྲངས་༡༦༠༠ ལྷག་ལ་རྨས་སྐྱོན་བཏང་ཡོད་པ་ནི་ན་ནིང་ཨི་སི་རེལ་དང་ཧ་མ་སིའི་དམག་འཁྲུག་འགོ་བཙུགས་ནས་བཟུང་གཏོར་རྒོལ་གྱི་གཞི་རྒྱ་ཆེ་ཤོས་སུ་གྱུར་ཡོད་འདུག
ཕྱི་ལོ་༡༩༧༨ ལོར་ཨི་སི་རེལ་གྱིས་ལེ་བྷེ་ནོན་གྱི་ལྷོ་ཕྱོགས་ས་ཁུལ་ཁག་ལ་བཙན་འཛུལ་བྱས་ནས་ཕྱི་ལོ་༡༩༨༢ ལོར་ས་ཁུལ་དེར་ཡོད་པའི་པ་ལི་སི་ཐན་གྱི་འཇབ་དམག་ཡོངས་རྫོགས་མཐའ་སྐྲོད་བཏང་ཡོད་པར་བརྟེན། ཨི་སི་རེལ་ལ་ཁ་གཏད་གཅོག་ཆེད་ཤི་ཡ་(Shia) ་ཁ་ཆེའི་དབུ་ཁྲིད་ཚོས་ཕྱི་ལོ་༡༩༨༢ ལོར་ཨི་རན་གྱི་རྒྱབ་སྐྱོར་འོག་ཧེ་ཛི་བྷོོ་ལ་ཞེས་པའི་དྲག་དཔུང་ཚོགས་པ་དེ་གསར་འཛུགས་བྱས་ཡོད་འདུག
ཧེ་ཛི་བྷོ་ལ་དྲག་དཔུང་གིས་ཕྱི་ལོ་༡༩༨༣ ནས་ ༡༩༨༦ བར་ལེ་བྷེ་ནོན་དུ་ཡོད་པའི་ཕྱི་རྒྱལ་གྱི་དམག་དཔུང་ལ་གཏོར་རྒོལ་ཐེངས་མང་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་། ཕྱི་ལོ་༡༩༨༣ ་ཟླ་༡༠ པའི་ནང་ཧྥ་རན་སི་དང་ཨ་རིའི་དམག་སྒར་ལ་འབར་རྫས་གཡུགས་ནས་མི་གྲངས་༣༠༠ ལྷག་བསད་ཡོད་པ་དང་། གཏོར་རྒོལ་བྱེད་མཁན་ནི་ཁ་ཆེའི་བསྟན་སྲུང་དམག་(Islamic Jihad) ་གིས་བྱས་པ་རེད་བརྗོད་ན་ཡང་། མི་མང་པོས་ཧེ་ཛི་བྷོ་ལས་གཏོར་རྒོལ་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག
ཕྱི་ལོ་༡༩༨༥ ་ལོར་ཧེ་ཛི་བྷོ་ལའི་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པའི་རྐྱེན་གྱིས་ཨི་སི་རེལ་གྱི་དམག་དཔུང་ལེ་བྷེ་ནོན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་ཆེ་བ་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་འདུག
ཕྱི་ལོ་༡༩༩༢ ་ལོར་ལེ་བྷེ་ནོན་གྱི་ནང་འཁྲུག་མཇུག་སྒྲིལ་རྗེས། ཧེ་ཛི་བྷོ་ལ་ནི་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་ཏུ་གྱུར་ཞིང་། ལོ་དེར་ལེ་བྷེ་ནོན་གྱི་གྲོས་ཚོགས་སུ་འཐུས་མིའི་ཞབས་སྟེགས་༡༢༨ ་ཡོད་པའི་ནང་ནས་རྐུབ་སྟེགས་༨ ་ཐོབ་ཡོད་འདུག ཕྱི་ལོ་༢༠༠༩ ་ལོར། ཚོགས་པ་དེ་ལེ་བྷེ་ནོན་དུ་དམག་དོན་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེ་ཤོས་ཀྱི་སྒྲིག་འཛུགས་སུ་གྱུར་ཡོད་འདུག་པ་དང་།
འདས་པའི་ལོ་མང་རིང་ཚོགས་པ་དེས་ཨི་སི་རེལ་དང་འཐབ་འཛིང་མང་དག་ཅིག་བྱས་ཡོད་པ་དང་། ཕྱི་ལོ་༢༠༢༣ ་ཟླ་ ༡༠ པར། གྷ་ཛའི་དམག་འཁྲུག་ལངས་པའི་སྐབས་སུ། ཧེ་ཛི་བྷོ་ལས་ཨི་སི་རེལ་ལ་འཕུར་མདའ་འཕངས་ཡོད་འདུག
ཕྱི་ལོ་༢༠༢༤ ཟླ་༦ པའི་ནང་གནས་ཚུལ་དབྱེ་ཞིབ་པ་ཚོས་ཚོགས་པ་དེེར་མེ་ཤུགས་འཕུར་མདའ་དང་སྒྱོགས་མདེལ་གྱི་གྲངས་༡༥༠,༠༠༠་ནས་༢༠༠,༠༠༠ ་བར་ཡོད་རྒྱུའི་ཚོད་དཔག་བྱས་ཡོད་འདུག ཨི་རན་གྱིས་ཆོགས་པ་དེར་གོ་མཚོན་མཁོ་སྤྲོད་བྱེད་པ་དང་དམག་སྦྱོང་བྱེད་པ་སོགས་ཀྱི་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཚོགས་པ་དེའི་དགྲ་བོ་ཨང་དང་པོ་དེ་ཨི་སི་རེལ་ཆགས་ཡོད་འདུག་ལ། ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཚོགས་པ་དེ་ཕྱི་རྒྱལ་གྱི་དྲག་སྤྱོད་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།