ཨིན་ལན་སྐུ་ཚབ་དོན་གཅོད་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་གསར་པ་བསྐོ་གཞག་གནང་།
ཟླ་འདིའི་ཚེས་༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག་ཏུ་བཀའ་དྲུང་ཡིག་ཚང་གི་མཚན་བྱང་འཁོད་པའི་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། དེའི་ནང་དུ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་བཅུ་དགུ་པའི་ནང་གསེས་ ༡ པོའི་དགོངས་དོན་བཞིན་དུ། ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་སྲིད་སྐྱོང་དང་། བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱིས་བཀའ་ཤག་ནས་བསྐོ་འཛུགས་གནང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུ། ཞེས་གསལ་བ་ལྟར་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་དབུས་འོས་བསྡུ་ལས་ཁང་གི་དྲུང་ཆེ་གཅིག་ལྕོགས་ཚེ་རིང་དབྱངས་སྐྱིད་ལགས་ཨིན་ལན་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བསྩལ་དོན་ལྟར་ཡིག་ཆ་སྒྲུབ་མཚམས་ལས་ཁུར་འགོ་འཛུགས་གནང་རྒྱུ་གནང་སོང་བའི་གསལ་བསྒྲགས་སུ་ བཀའ་དྲུང་ཡིག་ཚང་ནས་ ༢༠༢༤ ཟླ་ ༧ ཚེས་ ༢༤ ལ་ཞེས་འཁོད་འདུག
ཚེ་རིང་དབྱངས་སྐྱིད་ལགས་ནི་ཕྱི་ལོ་ ༡༩༧༡ ཟླ་ ༦ ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྐྱེས་ཤིང་། མོན་གྷོ་གཏན་སློབ་ཐོན་རྗེས་རྒྱ་གར་སྦེང་ལོར་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༩༥ ཟླ་ ༩ ཚེས་ ༡༢ ཉིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ལས་སུ་ཚོད་ལྟའི་ལས་བྱེད་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༩༦ ལོར་ཆོས་རིག་ལས་ཁུངས་ཀྱི་ལས་བྱེད་ངོ་མར་བསྐོས། ཕྱི་ལོ་ ༡༩༩༩ ལོར་ཆོས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༠༥ ལོར་ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༠༧ ལོར་ཨ་རིར་གཞུང་འབྲེལ་མིན་པའི་སློབ་བསྐྱོད་དང་། དེའི་རྗེས་ ༢༠༠༨ ལོར་ཕྱིར་ལོག་སྟེ་འཕྲོད་བསྟེན་ལས་ཁུངས་སུ་ལས་འགན་བསྐོ་སྒྲིག་གནང་།
ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དུ་བསྐོས། ཕྱི་ལོ་ ༢༠༡༣ ལོར་དྲུང་འཕར་དུ་གནས་རིམ་སྤར། ཕྱི་ལོ་ ༢༠༡༤ ལོར་བཀའ་དྲུང་ཡིག་ཚང་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་གནས་སྤོས། ཕྱི་ལོ་༢༠༡༦ ཟླ་ ༨ ཚེས་ ༡ ཉིན་ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེའི་ལས་འཁུར་ཞུ་གཏན་ཁེལ་ཡོད་ཀྱང་། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ཉིན་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་མཆོག་བགྲེལ་ཡོལ་དུ་ཕེབས་པར་བརྟེན། ཁོང་མོ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༩ ཟླ་ ༤ བའི་ཟླ་མཇུག་ཙམ་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེར་བསྐོས། ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༤ ཉིན་དབྱིན་ཡུལ་དོན་གཅོད་དུ་བསྐོ་གཞག་གནང་འདུག
གཞན་ཡང་ཕྱི་ཟླ་༧ ཚེས་ ༢༤ ཉིན་བྱམས་པ་ཕུན་ཚོགས་ལགས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་གནང་དོན་ལྟར། གོང་ཚེས་ཉིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་གྱིས་སྤྲོད་དཔང་གནང་ཐོག དེ་སྔའི་དྲུང་འཕར་བདེ་སྐྱིད་སྒྲོལ་དཀར་དང་ཁོང་རྣམ་གཉིས་དབར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་མཚམས་དྲུང་ཆེ་གསར་པས་ལས་འཁུར་དབུ་འཛུགས་གནང་ཡོད་འདུག
བྱམས་པ་ཕུན་ཚོགས་ལགས་ནི། ཕྱི་ལོ་ ༢༠༠༧ ཟླ་བ་ ༡༡ ཚེས་ ༡ ནས་དྲུང་གཞོན་གནས་རིམ་ཐོག་ཚོད་ལྟར་བསྐོ་གཞག་གིས་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་གནས་རིམ་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༦ ཚེས་ ༡༦ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༧ ཚེས་ ༢༥ ནས་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་བ་ ༠༧ ཚེས་ ༠༤ ནས་ཟུང་དྲུང་དུ་གནས་སྤར་གྱིས་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་༢༠༡༤ ཟླ་བ་ ༠༩ ཚེས་ ༡༠ ནས་སྡེ་ར་ལྡུན་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༦ ཚེས་ ༢༢ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༧ ཚེས་ ༢༥ ནས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༥ ཚེས་ ༠༤ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༢༣ ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༡༧ ནས་དྲུང་ཡིག་ཆེན་མོར་གནས་སྤར། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༢༤ ཉིན་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་གནང་བ་བཅས་ཡིན་འདུག
དེ་བཞིན་ཕྱི་ཟླ་༧ ཚེས་ ༢༥ ཉིན་བདུད་འདུལ་རྡོ་རྗེ་ཆོས་རིག་དྲུང་ཆེ་བསྐོ་གཞག་གནང་འདུག་པ་དང་། གོང་ཚེས་ཉིན་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་སྤྲོད་དཔང་བཞུགས་ཐོག་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་གསར་པ་དང་དྲུང་འཕར་དབར་རྩིས་སྤྲོད་རྩིས་ལེན་གནང་སྟེ་ཁོང་གིས་ལས་འཁུར་ཞུས་འདུག
བདུད་འདུལ་རྡོ་རྗེ་ལགས་ནི། ཕྱི་ལོ་ ༡༩༨༠ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ལ་བྱང་ས་སྨད་དུ་ཕ་དང་ཟུར་ངག་དབང་ཐོགས་མེད་དང་མ་དཀོན་མཆོག་སྒྲོལ་མ་གཉིས་ལ་སྐྱེས་ཤིང་། སྔོན་འགྲོ་ཀ་པ་ནས་འཛིན་རིམ་བཅུ་པ་བར་ལ་དྭགས་བོད་ཁྱིམ་སློབ་གྲྭ་དང་། སྦེལ་ཀོབ་བོད་ཁྱིམ་དུ་ཚོང་ལས་ཐོག་འཛིན་རིམ་བཅུ་གཉིས་ཐོན། དེ་ནས་ཨན་ད་ར་ལོ་ཡོ་ལ་མཐོ་སློབ་ (Andhra Loyola College) ནས་ཚོང་ལས་ཐོག་བསླབ་པ་མཐར་སོན།
ཕྱི་ལོ་ ༢༠༠༡ ཟླ་བ་ ༧ ནས་ལོ་གསུམ་རིང་དཔལ་འབྱོར་རང་ཁོངས་ལས་བྱེད་ངོ་བོར་གངས་སྐྱིད་ལས་བྱེད་གསོལ་ཚང་གི་རྩིས་པའི་ལས་ཁུར་ཞུས། དེ་ནས་ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ བར་ཆོད་གན་ཐོག་ལ་དྭགས་ལྷོ་བྱང་བོད་མིའི་མཉམ་འབྲེལ་དྲུང་ཆེ་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༨ ཟླ་བ་ ༥ ཚེས་ ༡ ནས་གཞུང་ཞབས་ལ་གསར་འདེམས་གནང་ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་གཞོན་གྱི་ལས་ཁུར་ཞུས། དེ་ནས་ཕྱི་ལོ་ ༢༠༠༩ ཟླ་བ་ ༡༡ ཚེས་ ༡༠ ནས་བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁང་གི་འགན་འཛིན་ལས་རོགས་དང་། ཕྱི་ལོ་ ༢༠༡༠ ཟླ་བ་ ༧ ཚེས་ ༡ ནས་འགན་འཛིན་གྱི་ལས་ཁུར། ཕྱི་ལོ་ ༢༠༡༢ ཟླ་བ་ ༡༢ ཚེས་ ༡༢ ནས་བལ་ཡུལ་དོན་ཁང་གི་དྲུང་ཆེ་དང་བལ་ཡུལ་རྒྱལ་ས་དང་འཕགས་ཤིང་། གློ་ཚེ་རོགས་བཅས་ཀྱི་ས་གནས་འགོ་འཛིན་དང་། ཀཐ་མན་གྲུ་འོས་བསྡུའི་འགན་འཛིན་གཅིག་ལྕོགས་ཀྱི་ལས་ཁུར་ཞུས།
ཕྱི་ལོ་ ༢༠༡༣ ཟླ་བ་ ༡༠ ཚེས་ ༢༩ ནས་སྒང་ཏོག་ས་གནས་འགོ་འཛིན་གྱི་ལས་ཁུར་དང་། ཕྱི་ལོ་ ༢༠༡༦ ཟླ་བ་ ༦ ཚེས་ ༢༩ ནས་ནང་སྲིད་རྩིས་དཔོན་གྱི་ལས་འགན། ཕྱི་ལོ་ ༢༠༢༠ ཟླ་བ་ ༠༢ ཚེས་ ༠༡ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་གྱི་ལས་ཁུར། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༢༦ ནས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་འཕར་གྱི་ལས་ཁུར། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་ ༠༤ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་དང་། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༦ ནས་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༤ བར་སྣེ་ལེན་ཁང་གི་འགན་འཛིན་གཅིག་ལྕོགས་ལས་ཁུར་བཅས་ཞུས་ཡོད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།