ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་ཁྲོད་བལ་ཡུལ་གྱི་སྐྱེས་པ་མང་པོ་ཤི་རྨས་འབྱུང་བཞིན་ཡོད་འདུག
ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་འགོ་བཙུགས་ནས་ལོ་གཉིས་ལྷག་ཙམ་འགྲོ་བཞིན་ཡོད་ཅིང་། དུས་ཡུན་དེ་དག་གི་རིང་བལ་ཡུལ་དང་རྒྱ་གར། ཨ་ཧྥི་རི་ཀ་སོགས་གོ་ལའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ནས་དམག་མི་བསྡུ་རུབ་མང་པོ་བྱས་ཡོད་འདུག་པ་དང་། དམིགས་བསལ་བལ་ཡུལ་ནས་མི་མང་པོ་བསྡུས་ཡོད་འདུག
ཕྱི་ཚེས་༡༡ ཉིན་(CNN)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བལ་ཡུལ་ནང་གི་ན་གཞོན་ཁྲོད་ལས་མེད་མང་པོ་ཡོད་འདུག་པར་བརྟེན། མང་པོ་ཞིག་རྒྱལ་ཁབ་གཞན་ལ་ལས་ཀའི་ཆེད་དུ་འགྲོ་ཡི་ཡོད་པ་བཞིན། བལ་ཡུལ་གྱི་ན་གཞོན་མང་པོ་ཞིག་ལས་ཀའི་ཆེད་དུ་ཨུ་རུ་སུ་ལ་ཕྱིན་ནས་ལས་ཀ་འཚོལ་དུས་ཨུ་རུ་སུའི་གཞུང་གིས་དམག་མིའི་ཁྲོད་ཞུགས་དགོས་པའི་བཙན་བཀའ་བཏང་ནས། ན་གཞོན་མང་པོ་ཞིག་དམག་སར་ཁྲིད་དེ་ཤི་རྨས་བྱུང་བ་དང་། ད་དུང་དམག་སར་ལྷག་ཡོད་མཁན་ཡང་མང་པོ་ཡོད་འདུག (Ramchandra)རམ་ཅན་དི་རཱ་ཟེར་བ་ཞིག་གིས། ཁོང་ནི་བལ་ཡུལ་ནང་ལོ་མང་རིང་ལས་མེད་བྱས་ནས་འདུག་མྱོང་ཡོད་པ་དང་། མཐར་བལ་ཡུལ་ནང་ལས་ཀ་རག་རྒྱུ་རེ་མེད་ལྟ་བུར་གྱུར་རྗེས། ཨུ་རུ་སུའི་དམག་མིའི་ཁྲོད་འཛུལ་ཞུགས་བྱས་ཡོད་འདུག
ན་ནིང་ཕྱི་ཟླ་༩ པའི་ནང་ཨུ་རུ་སུའི་རྒྱལ་སར་བདུན་ཕྲག་གཉིས་རིང་དམག་སྦྱོང་སྤྲད་རྗེས་ཡུག་རེན་གྱི་བྱང་ཕྱོགས་ས་ཁུལ་(Bakhmut)སྦག་མུག་ཏེ་ཟེར་བའི་དམག་སའི་ཁྲོད་བཏང་ཡོད་ཚུལ་དང་། ས་ཁུལ་དེ་དག་ནི་ཕྱོགས་གཉིས་བར་དམག་འཁྲུག་བརྒྱབས་ནས་ཧ་ཅང་ཛ་དྲག་ཆེ་སའི་ས་ཁུལ་ཡིན་པར་བརྟེན། ཟླ་བ་གཅིག་གི་རྗེས་སུ་ཁོང་གི་ལུས་ལ་རྨས་སྐྱོན་ཕོག་ནས་དམག་ས་ནས་ས་ཁུལ་གཞན་ཞིག་ལ་ཕྱིར་ལོག་བཏང་ཡོད་པར་བརྗོད། རམ་ཅན་དི་རཱ་ཟེར་བ་དེས་ད་དུང་ཨུ་རུ་སུའི་དམག་སའི་ཁྲོད་བལ་ཡུལ་ནས་ཡིན་པའི་སྐྱེས་པ་༡༥༠༠༠ ཡོད་པར་བརྗོད་འདུག་ལ། ཁོང་ཚོ་ལ་ཟླ་རེའི་གླ་ཕོགས་ནི་ཨ་སྒོར་༢༠༠༠ དང་ཨུ་རུ་སུའི་མི་སེར་ལག་འཁྱེར་རག་གི་ཡོད་པར་བརྗོད། འོན་ཀྱང་། བལ་ཡུལ་གཞུང་གིས་ཨུ་རུ་སུའི་ནང་ཁྱོན་བལ་པོའི་སྐྱེས་པ་༢༠༠ ལས་མེད་པ་དང་། དེའི་ནང་ནས་མི་༡༣ དམག་སའི་ཁྲོད་ཤི་རྨས་བྱུང་ཡོད་པར་བརྗོད་ཡོད་འདུག བལ་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་ཟུར་པ་(Bimala Rai Paudyal)ཟེར་བ་དེས། ཨུ་རུ་སུའི་ནང་ཁྱོན་བལ་ཡུལ་གྱི་མི་༡༤༠༠༠ ནས་༡༥༠༠༠ ཙམ་ཡོད་པར་བརྗོད་ཡོད་འདུག དེ་བཞིན་ཁོང་མོས་ཨུ་རུ་སུའི་ངོས་ནས་དམག་སའི་ཁྲོད་དུ་ཡོད་པའི་བལ་ཡུལ་གྱི་མི་ག་ཚོད་ཡོད་མེད་ཁ་གསལ་བཤད་དགོས་པ་དང་། མི་ག་ཚོད་ཤི་རྨས་བྱུང་ཡོད་མེད་བཤད་དགོས་པའི་དགོས་འདུན་བཏོན་ཡོད་འདུག་ཀྱང་། ད་བར་ཨུ་རུ་སུའི་ངོས་ནས་ལན་འདེབས་གང་ཡང་སྤྲད་ཡོད་མི་འདུག
ད་ལྟ་བལ་ཡུལ་གྱི་མི་༤ ཡུག་རེན་གྱི་འཛིན་བཟུང་འོག་ཡོད་པར་ཡང་བརྗོད་ཡོད་འདུག (Kritu Bhandari)ཟེར་བའི་བུད་མེད་ཆབ་སྲིད་པ་ཞིག་གིས། ཁོང་མོ་ལ་ཨུ་རུ་སུའི་ནང་ལྷག་ཡོད་པའི་སྐྱེས་པ་༢༠༠༠ ཙམ་ཞིག་གི་བཟའ་ཟླ་རྣམས་ཀྱིས་ཞུ་གཏུག་བྱས་ནས་ཨུ་རུ་སུའི་ནང་ཡོད་པའི་ཁོང་ཚོའི་ཁྱོ་ག་རྣམས་གང་མགྱོགས་རང་ཡུལ་དུ་ལོག་ཐུབ་པ་ཞིག་ཡོང་ཐབས་སུ་འབད་བརྩོན་གནང་རོགས་ཞེས་རྗོད་ཀྱི་ཡོད་པར་བཤད། ཨུ་རུ་སུའི་ནང་ཡོད་པའི་བལ་ཡུལ་གྱི་སྐྱེས་པ་དག་གི་ནང་མི་རྣམས་ནས་ཁོང་ཚོའི་ཁྱོ་ག་དང་འབྲེལ་བ་ཆད་ནས་དུས་ཡུན་ཟླ་བ་གཉིས་དང་གསུམ་ཕྱིན་པར་རྗོད་ཀྱི་ཡོད་འདུག བལ་ཡུལ་གྱི་སྐྱེས་པ་མང་པོ་ཞིག་ནི་(TikTok)་བརྒྱུད་ནས་ཨུ་རུ་སུའི་ནང་ལས་ཀའི་གོ་སྐབས་ཡོད་པ་ཤེས་རྟོགས་བྱུང་རྗེས་ཨུ་རུ་སུ་ལ་ཕྱིན་ཡོད་འདུག་ལ། ཕྱིས་སུ་ཁོང་ཚོ་ལ་དམག་སྦྱོང་དུས་ཡུན་ཐུང་ཐུང་ཞིག་སྤྲད་ནས་དམག་སར་བཏང་བ་རྐྱང་རྐྱང་ཡིན་འདུག ཁོང་ཚོ་དམག་སྦྱོང་སྤྲོད་ས་ནི་ཨུ་རུ་སུའི་རྒྱལ་སའི་ཉེ་འཁོར་དུ་ཡོད་པའི་དམག་སྦྱོང་གི་ལྟེ་གནས་ཁང་དེ་འདྲའི་ནང་ཡིན་འདུག བལ་ཡུལ་གྱི་སྐྱེས་པ་རྣམས་ཀྱིས་ཨུ་རུ་སུའི་སྐད་དང་དབྱིན་ཡིག་མི་ཤེས་པའི་རྐྱེན་གྱིས་དམག་སའི་ཁྲོད་ཤི་རྨས་འབྱུང་མཁན་མང་པོ་ཡོད་འདུག བལ་ཡུལ་གྱི་སྐྱེས་པ་ཕྱིར་རང་ཡུལ་དུ་ལོག་མཁན་དག་གིས་ཨུ་རུ་སུའི་དམག་དཔོན་རྣམས་ནས་གོ་ལའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ནས་ཡོང་བའི་ཨུ་རུ་སུའི་དམག་མིའི་ཁྲོད་ཡོད་མཁན་དག་དམག་འཁྲུག་ཁྲོད་མདུན་དུ་གཏོང་གི་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག འོན་ཀྱང་། དམག་སའི་མདུན་དུ་ཕྱིན་ན་དངུལ་མང་པོ་ཡོད་པར་ཡང་རྗོད་ཀྱི་འདུག
ད་ཆར་བལ་ཡུལ་གཞུང་ནས་ཨུ་རུ་སུའི་ནང་བལ་ཡུལ་མི་མང་འགྲོ་རྒྱུ་དམ་དྲག་ཆེན་པོ་བྱེད་རྒྱུའི་འགོ་བཙུགས་ཟིན་ཡོད་འདུག བལ་ཡུལ་ནང་གི་མི་མང་བརྒྱ་ཆ་༡༥ ཙམ་ཧ་ཅང་གིས་དབུལ་ཕོངས་དང་ཉམ་ཐག་ཡིན་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་ཡོད་འདུག་པས། རྒྱུ་མཚན་དེ་ལ་བརྟེན་ནས་བལ་ཡུལ་གྱི་མི་མང་པོ་ཨུ་རུ་སུའི་ནང་ལས་ཀ་འཚོལ་ཆེད་དུ་ཕྱིན་རྗེས་དམག་སར་སླེབ་མཁན་དུ་མ་བྱུང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།