ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་ལ་མཇུག་འབྲས་གསུམ་ཡོང་སྲིད་པ་རེད།
ཨུ་རུ་སུ་དང་ཡུག་རེན་བར་དུ་དམག་འཁྲུག་ལངས་ནས་ད་ལྟའི་བར་དུ་ཉིན་གྲངས་༩༦ ཕྱིན་ཡོད་པ་མ་ཟད། ཡུག་རེན་གྱི་གྲོང་ཁྱེར་ཌོན་བྷ་སི་(Donbas) ཡི་ནང་དུ་ཕྱོགས་གཉིས་ཀྱི་དམག་འཁྲུག་ད་དུང་ཡང་མུ་མཐུད་འགྲོ་བཞིན་པ་རེད་འདུག
ཨུ་རུ་སུ་དང་ཡུག་རེན་བར་དུ་དམག་འཁྲུག་ལངས་ནས་ད་ལྟའི་བར་དུ་ཉིན་གྲངས་༩༦ ཕྱིན་ཡོད་པ་མ་ཟད། ཡུག་རེན་གྱི་གྲོང་ཁྱེར་ཌོན་བྷ་སི་(Donbas) ཡི་ནང་དུ་ཕྱོགས་གཉིས་ཀྱི་དམག་འཁྲུག་ད་དུང་ཡང་མུ་མཐུད་འགྲོ་བཞིན་པ་རེད་འདུག
ཟླ་འདིའི་ཚེས་༢༨ ཉིན་TFIGlobal ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟའི་ཆར་ཡུག་རེན་གྱི་དམག་དཔུང་རྣམས་དུམ་པུ་རུ་འགྲོ་བཞིན་ཡོད་པ་མ་ཟད། དམག་སྦྱོང་ལེགས་པོ་ཐོབ་མེད་པའི་ཐོག་དམག་འཁྲུག་གི་དོན་དུ་གོ་མཚོན་སྤུས་ལེགས་མེད་པ་སོགས་ཀྱིས་ད་ལྟའི་ཆར་ཡུག་རེན་གྱི་དམག་མི་ཚོ་དཀའ་ངལ་ཆེན་མོ་ཞིག་གི་ནང་དུ་ལྷུང་བཞིན་ཡོད་པས། ད་ལྟའི་དམག་འཁྲུག་གི་གནས་སྟངས་ལ་བལྟས་ན་དམག་འཁྲུག་དེར་མཇུག་འབྲས་གསུམ་ཞིག་ཡོང་སྲིད་པ་འགྲེལ་བརྗོད་བྱས་འདུག
༡) ད་ལྟའི་དམག་འཁྲུག་ལངས་ས་ནི་ཡུག་རེན་གྱི་ས་ཐོག་ཏུ་ཡིན་པ་ལས་ཨུ་རུ་སུའི་ས་ཐོག་ཏུ་མིན་པས་དམག་འཁྲུག་ཇི་ཙམ་ཡུན་རིང་དུ་གནས་ན། དེ་ཙམ་གྱི་ཡུལ་ལུང་ལ་གཏོར་བཅོམ་དང་མི་མང་གི་ཉིན་རེའི་འཚོ་བ་ལ་གནོད་འཚེ་ཕོག་གི་ཡོད་པ་དང་། ཡུག་རེན་གྱི་དམག་མིའི་སྟོབས་ཤུགས་དང་གྲངས་འབོར་ཡང་ཇེ་ཞན་ཇེ་ཉུང་དུ་འགྲོ་སྲིད་པ་དང་། དེ་ལས་ལྡོག་སྟེ། ཨུ་རུ་སུ་ལ་དམག་གི་ཐོན་ཁུངས་ལེགས་པོ་ཡོད་པ་དང་དམག་གི་བཀོད་སྒྲིག་ཀྱང་ལེགས་པོ་ཡོད་པས། དམག་འཐབ་མུ་མཐུད་ནས་རྒྱག་ཐུབ་པ་ཡིན་པར་བརྟེན། དམག་འཁྲུག་དེ་ཡི་གྲུབ་འབྲས་གཅིག་ནི་ཡུག་རེན་གྱི་ཨུ་རུ་སུ་ལ་འགོ་བཏགས་ཞུས་ནས་ཕྱོགས་གཉིས་ཀྱི་བར་དུ་ཞི་མོལ་གྱི་ཆིངས་ཡིག་འཇོག་རྒྱུ་དེ་ཡིན་པ་དང་། ཡུག་རེན་གྱིས་མི་འདོད་བཞིན་དུ་ཨུ་རུ་སུའི་འདོད་པ་ལྟར་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་ཞུགས་བྱེད་རྒྱུ་ལས་ཕྱིར་འཐེན་བྱས་ནས་སྔར་བཞིན་བར་བཞུགས་ཀྱི་རྒྱལ་ཁབ་གཅིག་བྱེད་རྒྱུ་དེ་ཡིན་པ་འགྲེལ་བརྗོད་བྱས་འདུག
༢) ད་ལྟའི་ཆར་ཨུ་རུ་སུའི་དམག་གི་ཁ་ཕྱོགས་དེ་ཡུག་རེན་གྱི་ཤར་ཕྱོགས་ས་ཁུལ་ཌན་ནི་སི་ཊི་(Donestsk) དང་ལུག་གྷན་སི་ཁེ་(Lugansk oblasts) གཉིས་སུ་དམིགས་གཏད་བྱེད་བཞིན་ཡོད་པ་དང་། ས་ཁུལ་དེ་གཉིས་ཀྱི་མིང་ལ་ཌན་བྷ་སི་(Donbas) ཞེས་བརྗོད་ཅིང་། ཁུལ་དེའི་ཡུལ་མི་མང་ཆེ་བས་ཨུ་རུ་སུའི་སྐད་བཀོལ་སྤྱོད་བྱེད་ཀྱི་ཡོད་པས་ཨུ་རུ་སུའི་སྲིད་འཛིན་ལ་མཚོན་ན། ས་ཁུལ་དེ་ནི་ཨུ་རུ་སུའི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་འདས་པའི་དུས་ཡུན་མང་པོའི་རིང་ཡུག་རེན་གྱི་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པར་ཉེས་འཛུགས་བྱེད་ཀྱི་ཡོད་པས། ད་ལྟའི་ཆར་ཨུ་རུ་སུས་ས་ཁུལ་དེ་ཟླ་སྒྲིལ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་དང་། ཡུག་རེན་གྱི་གྲོང་ཁྱེར་མ་རེའུ་པོལ་ནི་ཨུ་རུ་སུས་བླངས་ཟིན་པ་དང་། གྲོང་ཁྱེར་དེ་ནི་ཨུ་རུ་སུ་དང་ཁེ་རེན་མི་ཡ་(Crimea) བར་གྱི་སྐམ་སའི་ཟམ་པ་ཞིག་ཏུ་གྱུར་ཡོད་འདུག ཨུ་རུ་སུས་ཐོག་མ་ཉིད་ནས་ཡུག་རེན་གྱི་ལྷོ་ཕྱོགས་སུ་དམག་འཐབ་བྱེད་འགོ་བཙུགས་ཡོད་པས། ད་ལྟའི་ཆར་ཡུག་རེན་གྱི་ལྷོ་ཕྱོགས་ས་ཁུལ་ཕོན་ཆེན་ཞིག་ཨུ་རུ་སུའི་ལག་ཏུ་ཡོད་པས། ས་ཁུལ་དེ་གཉིས་པོ་ཨུ་རུ་སུའི་དམ་འཛིན་འོག་ཏུ་ཚུད་ཚེ། གལ་སྲིད་ཨུ་རུ་སུའི་སྲིད་འཛིན་ལ་འདོད་པ་ཡོད་ན། ཁོང་གིས་དམག་མཚམས་བཞག་ནས་ས་ཁུལ་དེ་གཉིས་ཨུ་རུ་སུའི་འོག་ཏུ་ཟླ་སྒྲིལ་བཏང་ཟིན་པ་ཁྱབ་སྒྲགས་བྱེད་སྲིད་པ་དེ་ནི་དམག་འཁྲུག་དེ་ཡི་གྲུབ་འབྲས་གཉིས་པ་དེ་འགྱུར་སྲིད་པ་འགྲེལ་བརྗོད་བྱས་འདུག གལ་སྲིད་ས་ཁུལ་དེ་གཉིས་ཨུ་རུ་སུས་བླངས་ཐུབ་པ་ཡིན་ན་ཡུག་རེན་ནི་སྐམ་སས་སྐོར་བའི་རྒྱལ་ཁབ་གཅིག་ཏུ་གྱུར་འགྲོ་བ་དང་། ཨུ་རུ་སུས་མ་འོངས་པར་ཡུག་རེན་ཁྱོན་ཡོངས་ལ་དབང་བསྒྱུར་བྱེད་ཐུབ་པ་འགྲེལ་བརྗོད་བྱེད་བཞིན་འདུག
༣) གལ་སྲིད་ཡུག་རེན་གྱི་འགོ་བཏགས་མི་བྱེད་པ་དང་ཨུ་རུ་སུས་ཀྱང་དམག་མཚམས་མ་བཞག་པ་ཡིན་ན། ཕྱོགས་གཉིས་ཀྱི་དམག་འཐབ་མུ་མཐུད་ནས་འགྲོ་རྒྱུ་ཡིན་པ་དང་།སྐབས་དེ་རྒྱལ་ཁ་ཡི་གོ་སྐབས་ནི་ཨུ་རུ་སུའི་ལག་ཏུ་ཡོད་པས་ཨུ་རུ་སུས་ཡུག་རེན་གྱི་མིང་དེ་གོ་ལ་འདིའི་ཐོག་ནས་བསུབ་རྒྱུ་ཡིན་པ་དེ་ནི་དམག་འཁྲུག་དེ་ཡི་ཡོང་སྲིད་པའི་གྲུབ་འབྲས་གསུམ་པ་དེ་ཡིན་རབས་བརྗོད་འདུག བྱང་ཆིངས་རྩ་འཛུགས་ཀྱིས་ཀྱང་ཡུག་རེན་གཅིག་པུའི་དོན་དུ་ཚོགས་མི་རྒྱལ་ཁབ་ཀུན་ཉེན་ཁའི་ནང་དུ་གཡོག་མི་སྲིད་པས་ཡུག་རེན་གྱི་གོང་དུ་གསལ་བའི་གྲུབ་འབྲས་གསུམ་པོ་གང་རུང་གཅིག་ལ་གདོང་ལེན་བྱེད་དགོས་པའི་གནས་ཚུལ་སྤེལ་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།