ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་བྱུང་མི་སྲིད།
ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཡུག་རེན་ལྷན་དུ་དམག་འཁྲུག་བྱུང་མི་སྲིད་སྐོར་ཨུ་རུ་སུའི་བརྒྱུད་ལམ་ཞིག་གི་བཅར་འདྲིའི་སྐབས་བརྗོད་འདུག
ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཡུག་རེན་ལྷན་དུ་དམག་འཁྲུག་བྱུང་མི་སྲིད་སྐོར་ཨུ་རུ་སུའི་བརྒྱུད་ལམ་ཞིག་གི་བཅར་འདྲིའི་སྐབས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་༢༣ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་པུ་ཌིན་གྱིས་ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱལ་ས་མི་སི་ཁི་( Minsk) རུ་ཡུག་རེན་ལྷན་དུ་མེ་འཕེན་མཚམས་འཇོག་ཁས་ལེན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང། བྱ་བཞག་དེ་ཤར་ཡུག་རེན་ནང་བརྟན་ལྷིང་ཡོང་བའི་ཐབས་ལམ་ཡག་ཤོས་ཡིན་སྐོར་ཡང་བརྗོད་ཡོད་འདུག
ཡུག་རེན་སྲིད་གཞུང་གིས་ཨུ་རུ་སུའི་དམག་དཔུང་གིས་ས་མཚམས་བརྒལ་ཏེ་རྒོལ་རྡུང་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་ཀྱང། སྲིད་འཛིན་པུ་ཊིན་གྱིས་གནད་དོན་དེའི་ཐད་ཁས་ལེན་བྱས་མེད་པ་མ་ཟད། པུ་ཊིན་གྱིས་བཅར་འདྲིའི་སྐབས་ “ཡུག་རེན་ལྷན་དུ་དམག་འཁྲུག་འབྱུང་མི་སྲིད་པ་ཞིག་ཡིན་པ་དང་། ངའི་རེ་བར་དེ་འདྲ་ཞིག་ནམ་ཡང་མི་ཡོང་བར་སྨོན། གལ་སྲིད་མི་སི་ཁི་ཡི་གྲོས་ཆོད་ལག་བསྟར་བྱས་པ་ཡིན་ན། ཤར་ཡུག་རེན་ནང་བརྟན་ལྷིང་ཡོང་ཐུབ་པ་དང། ཨུ་རུ་སུ་དང་ཡུ་རོབ་རྒྱལ་ཁབ་གཅིག་མཚུངས་ཀྱི་འདོད་མོས་ཡིན་པས། རྒྱལ་ཁབ་སུའང་གོ་མཚོན་གྱི་དམག་འཁྲུག་དགོས་དོན་མེད་” ཅེས་བརྗོད་ཡོད་འདུག
དེ་དང་ཕྱོགས་མཚུངས་ཁོང་གིས་འཇར་མན་དང། ཧྥ་རན་སི། ཡུག་རེན་བཅས་ཀྱིས་བསྐྱར་དུ་ཞི་འགྲིག་གི་གྲོས་མོལ་དགོས་གལ་མ་མཐོང་བས། ཚང་མས་མི་སི་ཁི་ཡི་གྲོས་ཆོད་ལ་བརྩི་སྲུང་དང་། རྒྱལ་ཁབ་བཞི་པོས་དེར་ཡིད་ཆེས་བྱེད་པའི་རེ་བ་ཡོད་ཅེས་བརྗོད།
ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཨུ་རུ་སུ་དང་ཡུག་རེན་གྱིས་མེ་འཕེན་མཚམས་འཇོག་བྱེད་རྒྱུར་ཁས་ལེན་བྱས་པ་ལྟར། ཕྱོགས་གཉིས་ཀས་ནས་གོ་མཚོན་ཆེ་བ་རྣམས་རྒྱང་ཐག་ལེ་དབར་༢༥-༧༠ བར་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་ནའང་། ཡུག་རེན་སྲིད་གཞུང་གིས་ཨུ་རུ་སུའི་ཕྱོགས་གཏོགས་ཀྱི་ཁ་བྲལ་རིང་ལུགས་པས་མུ་མཐུད་ཟིང་འཁྲུག་སློང་བཞིན་ཡོད་སྟབས། འཐབ་རྒོལ་ཡོངས་སུ་མཚམས་འཇོག་མ་བྱེད་པར་གོ་མཚོན་ཕྱིར་འཐེན་བྱ་རྒྱུ་མིན་སྐོར་ལན་འདེབས་བྱས་འདུག
དེ་བཞིན་ཡུག་རེན་གྱི་དམག་དཔོན་གཞོན་པ་ཧྥེ་ཌི་ཆི་ཝི་(Fedichev) ཡིས། འདས་པའི་དུས་ཡུན་ཆུ་ཚོད་༢༤ ནང་རྒོལ་རྡུང་ཐེངས་༢༧ ཙམ་བྱུང་པ་དེ་སྔོན་མ་ལས་ཉུང་དུ་སོང་ཡོད་པ་དང་། གལ་སྲིད་ཨུ་རུ་སུ་ངོས་ནས་གོ་མཚོན་ཆེ་གྲས་བེད་སྤྱོད་བྱས་པ་ཡིན་ན། ཡུག་རེན་དམག་དཔུང་ཕྱོགས་ནས་ཀྱང་དྲག་པོའི་ལམ་ནས་ལན་འདེབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག།
གསར་འགོད་པ་བསྟན་འཛིན་ཟླ་བ།