ཨུ་རུ་སུ་དང་རྒྱ་གར་བར་ཚོང་དང་དམག་གི་གྲོས་མཐུན་མང་པོ་ཞིག་བཞག་འདུག
གྲང་དམག་སྐབས་ནས་ད་བར་འབྲེལ་ལམ་ཡག་པོ་ཡོད་པའི་ཨུ་རུ་སུ་དང་རྒྱ་གར་གཉིས་ཀྱིས། ཉེ་ཆར་ཕྱོགས་གཉིས་བར་ཚོང་དང་དམག་གི་གྲོས་མཐུན་མང་པོ་ཞིག་བཞག་ནས། ལོ་རེའི་ཚོང་འབྲེལ་གྱི་འབབ་ཨ་སྒོར་ཐེར་འབུམ་༣༠ བཟོ་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག
གྲང་དམག་སྐབས་ནས་ད་བར་འབྲེལ་ལམ་ཡག་པོ་ཡོད་པའི་ཨུ་རུ་སུ་དང་རྒྱ་གར་གཉིས་ཀྱིས། ཉེ་ཆར་ཕྱོགས་གཉིས་བར་ཚོང་དང་དམག་གི་གྲོས་མཐུན་མང་པོ་ཞིག་བཞག་ནས། ལོ་རེའི་ཚོང་འབྲེལ་གྱི་འབབ་ཨ་སྒོར་ཐེར་འབུམ་༣༠ བཟོ་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག
ཟླ་༡༢ པའི་ཚེས་༦ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་འདུག་པ་དང་། ཁོང་དང་མཉམ་དུ་ཨུ་རུ་སུའི་བདེ་སྲུང་དང་ཕྱི་སྲིད་བློན་ཆེན་ཡང་སླེབས་ཡོད་འདུག རྒྱ་གར་གྱི་སྲིད་བློན་མཱོ་དྷི་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གཉིས་བར་ཐུག་འཕྲད་བྱས་ཡོད་པ་མ་ཟད། ཕྱོགས་གཉིས་བར་དམག་དང་འཕྲུལ་ཆས་ཀྱི་མཉམ་ལས་འབྲེལ་ལམ་གྲོས་མཐུན་གྱི་དུས་ཡུན་ཡང་བསྐྱར་རིང་དུ་བཏང་ནས་ཕྱི་ལོ་༢༠༣༡ བར་ནུས་ཡོད་བཟོ་རྒྱུ་དང་། དེ་བཞིན་ཕྱི་ལོ་༢༠༢༥ ལོའི་སྔོན་དུ་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་གྱི་འབབ་དེ་ཨ་སྒོར་ཐེར་འབུམ་༣༠ བར་སྤར་རྒྱུ་གྲོས་མཐུན་བཞག་ཡོད་འདུག
ལོ་ཤས་ནས་ཨུ་རུ་སུ་དང་འབྲེལ་ལམ་ཡག་པོ་མེད་པའི་ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་ཡོད་པའི་ཐོག དུས་ཡུན་རིང་པོ་ཞིག་ནས་ཨུ་རུ་སུའི་མཐུན་ཕྱོགས་རྒྱལ་ཁབ་རྒྱ་ནག་དང་རྒྱ་གར་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པས། རྒྱལ་སྤྱིའི་ནང་ཨུ་རུ་སུ་དང་རྒྱ་གར་བར་གྱི་འབྲེལ་ལམ་གནད་དོན་དེ་གཉིས་ལ་བརྟེན་ནས་ཉམས་རྒུད་འགྲོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ཀྱང་། ཐེངས་འདིར་ཕྱོགས་གཉིས་བར་ནུས་ཤུགས་དང་རྡོ་སོལ། གྲུ་གཟིངས་བཟོ་སྐྲུན། ལྕགས་སོགས་ཀྱི་སྐོར་ལ་མ་འཛུགས་ཀྱི་གྲོས་མཐུན་མི་འདྲ་བ་༢༨ ལ་མིང་རྟགས་བཀོད་ཡོད་པ་མ་ཟད། ཨུ་རུ་སུ་ནས་རྒྱ་གར་ལ་མེ་ཤུགས་འཕུར་མདའ་(S-400) ཞེས་པ་ཚོང་རྒྱུ་འགོ་བཙུགས་ཟིན་ཡོད་འདུག་པས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་དེ་སྔར་ལྟར་གནས་རྒྱུ་ཡིན་པའི་རྣམ་པ་བསྟན་ཡོད་འདུག
ཕྱོགས་གཉིས་ཀྱིས་ཟུང་འབྲེལ་དུ་སྤེལ་བའི་བསྒྲགས་གཏམ་ནང་དུ། ཕྱོགས་གཉིས་བར་བདེ་སྲུང་དང་ལྷག་པར་དུ་དམག་གི་ཡོ་ཆས་སོགས་མཉམ་དུ་བཟོ་སྐྲུན་གྱི་འབྲེལ་ལམ་བརྟན་དུ་གཏོང་རྒྱུའི་ཆོད་སེམས་ཡོད་སྐོར་བརྗོད་འདུག
དཔྱད་བརྗོད་པ་ཚོས་བརྗོད་དོན་ལ། རྒྱ་གར་གྱིས་ཨུ་རུ་སུ་ནས་མེ་མདའ་ཉོ་རྒྱུའི་གྲོས་མཐུན་ཡང་བཞག་ཡོད་འདུག་པས། ཕྱི་ལོ་༢༠༡༧ ལོར་ཨ་རིས་རྒྱལ་ཁབ་གཞན་གྱིས་ཨུ་རུ་སུ་ནས་གོ་མཚོན་ཉོ་བར་བཀག་སྡོམ་བྱེད་ཆེད་དུ་དཔལ་འབྱོར་ཉེས་ཆད་གཏོང་ཆོག་པའི་ཁྲིམས་ཞིག་བཟོས་ཡོད་འདུག་ཀྱང་། ཨ་རིས་རྒྱ་གར་དང་ཨུ་རུ་སུ་གཉིས་བར་གྱི་འབྲེལ་ལམ་ལ་མོས་མཐུན་ཡོད་མེད་ལ་མ་ལྟོས་པར། རྒྱ་གར་གྱི་སྟོབས་ཤུགས་ལ་བརྟེན་ནས་དཔལ་འབྱོར་ཉེས་ཆད་གཏོང་ཐབས་བྱེད་རྒྱུ་ཁག་པོ་ཡིན་འདུག
དེ་བཞིན་ཕྱོགས་གཉིས་ནས་ཏ་ལི་བྷན་དྲག་སྤྱོད་རུ་ཁག་གིས་བཙན་བཟུང་བྱས་པའི་ཨབ་གྷ་ནི་སེ་ཐན་དེ། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པ་ཚོ་ཡིབ་ས་མི་ཆགས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།