ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་ཨི་རན་དུ་སླེབས་འདུག 

ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཡག་པོ་མེད་མཁན་ཨུ་རུ་སུ་དང་ཨི་རན་གཉིས་བར་རྡོ་སྣུམ་གྱི་ཚོང་འབྲེལ་གྲོས་མཐུན་དང་། བདེ་སྲུང་ཐོག་མཉམ་ལས་བྱེད་རྒྱུའི་མོས་མཐུན་ཡང་བྱས་ཡོད་འདུག 

ཟླ་༧ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༩ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་ཨི་རན་དུ་འབྱོར་ནས། ཨི་རན་གྱི་སྲིད་འཛིན་ཨིབ་རཱ་ཧེམ་རཱེ་སཱེ་དང་། དེ་བཞིན་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། ཨི་རན་གྱི་བླ་ན་མེད་པའི་འགོ་ཁྲིད་ཨཱ་ཡཱ་ཏོ་ལཱ་ཀཱ་མེ་ནཱི་བཅས་དང་ཐུག་འཕྲད་བྱས་ཡོད་པ་རེད་འདུག

པུ་ཀྲེན་གྱིས་ཨི་རན་གྱི་སྲིད་འཛིན་དང་ཐུག་འཕྲད་སྐབས་སུ། ཕྱོགས་གཉིས་བར་རྒྱལ་སྤྱིའི་བདེ་འཇགས་ཀྱི་གནད་དོན་ཐད་མཉམ་ལས་གོང་འཕེལ་གཏོང་གི་ཡོད་པ་དང་། དེ་བཞིན་སཱི་རི་ཡའི་རྩོད་རྙོག་སེལ་ཆེད་དུ་གལ་ཆེན་གྱི་མཐུན་སྦྱོར་བྱེད་རྒྱུ་ཡིན་པ། དེའི་ཐོག་ད་བར་བྱུང་མྱོང་མེད་པའི་ཚོང་འབྲེལ་གྱི་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག ཉིན་དེར་ཨུ་རུ་སུའི་རྡོ་སྣུམ་གྱི་ཚོང་ལས་ཁང་གྷ་ཛེ་པཱེ་རོམ་གྱིས་ཨི་རན་གྱི་རྒྱལ་ཡོངས་རྡོ་སྣུམ་ཚོང་ལས་ཁང་དང་ཨ་སྒོར་ཐེར་འབུམ་༤༠ ཡི་ཚོང་ལས་གྲོས་མཐུན་བཞག་ནས་མིང་རྟགས་བཀོད་ཡོད་པ་རེད་འདུག 

ཨི་རན་གྱི་སྲིད་འཛིན་ཨིབ་རཱ་ཧེམ་རཱེ་སཱེ་ཡིས་ཕྱོགས་གཉིས་ཀར་འཇིགས་སྐུལ་རིང་ལུགས་པ་དང་འཐབ་རྒོལ་གྱི་ཉམས་མྱོང་ཡག་པོ་ཡོད་པས། ཕྱོགས་གཉིས་བར་བདེ་སྲུང་གི་ལས་དོན་ཐད་མཉམ་ལས་བྱེད་རྒྱུའི་མོས་མཐུན་བྱུང་བ་ནི་གལ་གནད་ཅན་ཞིག་ཡིན་སྐོར་བརྗོད་འདུག་པ་དང་། ཨི་རན་གྱི་བླ་ན་མེད་པའི་འགོ་ཁྲིད་ཨཱ་ཡཱ་ཏོ་ལཱ་ཀཱ་མེ་ནཱི་ཡིས་དེང་སང་གི་རྒྱལ་སྤྱིའི་གནས་ཚུལ་དང་བསྟུན་ནས། ཕྱོགས་གཉིས་བར་གྱི་མཉམ་ལས་ནི་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད་པ་གསལ་པོ་ཡིན་པ། དེ་བཞིན་ཨུ་རུ་སུས་ཡུག་ཀེ་རན་ནང་བཙན་འཛུལ་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས། བྱང་ཆིངས་སྒྲིག་འཛུགས་ཀྱི་དབང་ཤུགས་རྒྱ་བསྐྱེད་ཀྱི་ལས་དོན་དེ་བཀག་འགོག་བྱེད་དགོས་ངེས་ཞིག་ཡིན་པ་དང་། སྒྲིག་འཛུགས་དེ་ནི་ཉེན་ཚབས་ཅན་ཞིག་ཡིན་ཁར། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་རྒྱལ་ཁབ་དེ་རང་དབང་དང་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་གཅིག་ཆགས་རྒྱུར་འདོད་མོས་བྱེད་ཀྱི་མེད་པ། གལ་སྲིད་བྱང་ཆིངས་སྒྲིག་འཛུགས་དེར་ཁ་གཏད་མ་བྱས་ཚེ། དབང་ཤུགས་ཚད་བཀག་མེད་པའི་ཐོག་ནས་རྒྱ་བསྐྱེད་བྱེད་ཉེན་ཡོད་པ། སྒྲིག་འཛུགས་དེའི་དབང་ཤུགས་ཡུག་ཀེ་རན་ནང་དུ་བཀག་འགོག་བྱས་མེད་ཚེ། ཁཱེ་རའེ་མི་ཡཱ་ནང་དུ་ཡང་དམག་འཁྲུག་སློང་སྲིད་སྐོར་བརྗོད་འདུག 

ཉེ་ཆར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ཁག་གི་ནང་དུ། ཨི་རན་གྱིས་ཨུ་རུ་སུར་ཁ་ལོ་བ་མེད་པའི་གནམ་གྲུ་ཆུང་བ་ཌེ་རོན་བརྒྱ་ཕྲག་མང་པོ་ཚོང་རྒྱུ་ཡིན་པ་དང་། དེའི་ཁོངས་སུ་མཚོན་ཆ་བཀོལ་སྤྱོད་བྱེད་ཐུབ་མཁན་གྱི་ཌེ་རོན་ཡང་མང་པོ་ཡོད་འདུག ཌེ་རོན་དེ་དག་ཡུག་ཀེ་རན་ནང་དུ་བེད་སྤྱོད་བྱེད་རྒྱུ་ཡིན་པས། ཨི་རན་ནས་ཨུ་རུ་སུའི་དམག་མི་རྣམས་ལ་ཌེ་རོན་དེ་དག་བེད་སྤྱོད་གཏོང་སྟངས་ཀྱི་སྦྱོང་བརྡར་ཡང་ཟླ་བདུན་པའི་ཟླ་མཇུག་ནས་སྤྲོད་འཆར་ཡོད་སྐོར་འདུག 

ཕྱོགས་གཉིས་བར་གྱི་ཐུག་འཕྲད་དེ་ཡང་ཨི་རན་གྱི་རྡུལ་མཚོན་གྲོས་མཐུན་བསྐྱར་གསོ་བྱེད་མ་ཐུབ་པའི་གནས་སྐབས་སུ་བྱུང་ཡོད་པ་དང་། ཨ་རིའི་ཨི་རན་ཐོག་གི་དམིགས་བསལ་སྐུ་ཚབ་རཱོ་བྷེར་ཌ་མཱ་ལཱི་ཡིས་གྲོས་མཐུན་དེ་བསྐྱར་གསོ་བྱེད་ཐུབ་སྲིད་པའི་རེ་བ་དེ་ཡང་ཉིན་རེ་བཞིན་ཆུང་དུ་འགྲོ་ཡི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།