ཨུ་རུ་སུས་གོ་སྒྲིག་བྱས་པའི་མང་མོས་འོས་བསྡུ་ཐག་གཅོད་ལ་ཨ་རིས་ངོས་ལེན་མེད་སྐོར་བརྗོད་འདུག

ཉེ་ཆར་ཨུ་རུ་སུས་ཡུག་ཀེ་རན་གྱི་མངའ་ཁུལ་བཞི་ལ། ཨུ་རུ་སུའི་མངའ་ཁོངས་སུ་འཛུལ་འདོད་ཡོད་མེད་ཀྱི་མང་མོས་འོས་བསྡུ་ཐག་གཅོད་གོ་སྒྲིག་བྱས་ཏེ། གྲུབ་དོན་དུ་མངའ་ཁུལ་བཞི་ཡི་མང་ཚོགས་ཚོས་ཨུ་རུ་སུའི་མངའ་ཁོངས་སུ་འཛུལ་འདོད་ཡོད་པ་ཐོན་སྐོར་བསྒྲགས་རྐྱེན། ཨ་རིས་ཨུ་རུ་སུའི་བྱ་སྤྱོད་དེར་ངོས་ལེན་བྱེད་རྒྱུ་མིན་སྐོར་བརྗོད་འདུག 

ཟླ་༩ པའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༣༠ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གྱིས་ཡུག་ཀེ་རན་གྱི་མངའ་ཁུལ་བཞི་པོ་དེ་དག་ཨུ་རུ་སུའི་མངའ་ཁོངས་སུ་འཛུལ་རྒྱུ་ཡིན་པའི་གཏམ་བཤད་བྱེད་འཆར་ཡོད་འདུག་པ་དང་། གཏམ་བཤད་དེའི་སྔོན་དུ་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌན་གྱིས་གསལ་བསྒྲགས་ཤིག་སྤེལ་འདུག དེའི་ནང་ཁོང་གིས་ཨུ་རུ་སུས་ཡུག་ཀེ་རན་གྱི་མངའ་ཁོངས་སུ་ཆགས་ཡོད་པའི་ས་ཁུལ་ཁག་ཅིག་ཐོག་ཏུ་བདག་དབང་ཡོད་ཚུལ་བརྗོད་བཞིན་པ་དེར་ཨ་རིས་ནམ་ཡང་ངོས་ལེན་བྱེད་རྒྱུ་མིན་པ་དང་། ཨུ་རུ་སུས་མངའ་ཁུལ་བཞི་པོ་དེ་དག་བཙན་བཟུང་བྱས་པ་དང་བསྟུན་ནས། ཨ་རིས་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་གསར་པ་བཏང་རྒྱུ་ཡིན་སྐོར་བརྗོད་འདུག 

དེ་སྔོན་ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུས་ཡུག་ཀེ་རན་གྱི་ལྷོ་ཁཱེ་རི་མི་ཡཱ་གླིང་ཕྲན་བཙན་བཟུང་བྱས་རྗེས། མང་མོས་འོས་བསྡུ་ཐག་གཅོད་གོ་སྒྲིག་བྱས་ཡོད་པ་རེད་འདུག རྒྱལ་སྤྱིའི་རྒྱལ་ཁབ་ཕལ་ཆེ་བས་མང་མོས་འོས་བསྡུ་ཐག་གཅོད་དེའི་གྲུབ་དོན་ལ་ངོས་ལེན་བྱེད་ཀྱི་མེད་ཁར། ཐེངས་འདིའི་གྲུབ་དོན་ལ་ཡང་ངོས་ལེན་བྱེད་ཀྱི་མེད་འདུག 

འོན་ཀྱང་ཨུ་རུ་སུས་ཐེངས་འདིའི་མང་མོས་འོས་བསྡུ་ཐག་གཅོད་དེ་ནི་དྲང་པོ་བྱུང་ཡོད་པ་དང་། གྲུབ་དོན་ལ་ཨུ་རུ་སུའི་མངའ་ཁོངས་སུ་འཛུལ་འདོད་ཡོད་པའི་ཕྱོགས་ཁག་ལ་རྒྱལ་ཁ་ཤུགས་ཆེན་ཐོབ་ཡོད་སྐོར་བརྗོད་འདུག བདུན་ཕྲག་རྗེས་མར་ཨུ་རུ་སུའི་གྲོས་ཚོགས་གོང་འོག་གཉིས་ནས་མང་མོས་འོས་བསྡུ་ཐག་གཅོད་དེའི་གྲུབ་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག 

ཡུག་ཀེ་རན་གྱི་སྲིད་འཛིན་ཛཱེ་ལན་སཱེ་ཀཱི་ཡིས་མང་མོས་འོས་བསྡུ་ཐག་གཅོད་དེ་ནི་འོས་བསྡུ་རྫུན་མ་ཞིག་ཡིན་ཁར། བེད་སྤྱོད་གང་ཡང་མེད་སྐོར་བརྗོད་འདུག དེ་བཞིན་ཡུག་ཀེ་རན་གཞུང་གིས་འོས་བསྡུ་དེ་ནི་ལ་བརྟེན་ནས་ཕྱོགས་གཉིས་བར་གྱི་དམག་སར་གནས་སྟངས་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་སྐོར་བརྗོད་འདུག 

དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་དོན་ལྟར་ན། ད་ལྟའི་ཆར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཨ་རི་སོགས་ནས་ཡུག་ཀེ་རན་ལ་གོ་མཚོན་སོགས་ཀྱི་མཐུན་རྐྱེན་མཁོ་སྤྲོད་བྱེད་བཞིན་ཡོད་པས། ཨུ་རུ་སུས་ཡུག་ཀེ་རན་གྱི་མངའ་ཁུལ་བཞི་པོ་དེ་དག་བཙན་བཟུང་བྱས་ཏེ། རང་གི་མངའ་ཁོངས་སུ་བཅུག་རྒྱུ་དང་། མངའ་ཁུལ་དེ་དག་ལ་ཡུག་ཀེ་རན་གྱིས་དྲག་རྒོལ་བྱེད་སྐབས། རྒྱལ་སྤྱིའི་རྒྱལ་ཁབ་ཚོས་ཨུ་རུ་སུའི་མངའ་ཁོངས་ས་གནས་ཁག་ཏུ་དྲག་རྒོལ་བྱེད་པའི་མཐུན་སྦྱོར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་འཆར་ཡོད་པ་དང་། དེ་ལ་བརྟེན་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུག་ཀེ་རན་ལ་གོ་མཚོན་མཁོ་སྤྲོད་མཚམས་འཇོག་བྱེད་པའི་རེ་བ་རྒྱག་བཞིན་ཡོད་སྲིད་སྐོར་བརྗོད་འདུག 

ཏུར་ཀིའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཨེར་ཌོ་གྷན་གྱིས་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་ལ་ཁ་པར་བཏང་ནས། ཨུ་རུ་སུའི་བྱ་སྤྱོད་དེར་དགག་བྱ་ཡོད་པ་དང་། དེ་ལས་ཨུ་རུ་སུས་ཡུག་ཀེ་རན་དང་མཉམ་དུ་ཞི་བའི་གྲོས་མོལ་ཡོང་ཐབས་བྱེད་དགོས་སྐོར་བརྗོད་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *