ཨུ་རུ་སུས་ཡུ་རོབ་རྒྱལ་ཁབ་གཞན་གྱི་གཞུང་ཚབ་ལས་བྱེད་མང་པོ་ཞིག་ཕྱིར་འབུད་བཏང་འདུག
ཡུ་རོབ་རྒྱལ་ཁབ་གསུམ་གྱིས་རྒྱལ་ཁབ་དེ་དག་ནང་ནས་ཨུ་རུ་སུའི་གཞུང་ཚབ་ལས་བྱེད་ཕྱིར་འབུད་བཏང་བའི་ཡ་ལན་དུ། ཨུ་རུ་སུས་ཀྱང་རྒྱལ་ཁབ་དེ་གསུམ་གྱི་གཞུང་ཚབ་ལས་བྱེད་མང་པོ་ཞིག་ཕྱིར་འབུད་གཏོང་རྒྱུའི་གསལ་བསྒྲགས་བྱས་ནས། དོ་བདག་གཞུང་ཚབ་ཁང་དུ་བརྡ་ལན་སྤྲད་ཟིན་ཡོད་འདུག
ཡུ་རོབ་རྒྱལ་ཁབ་གསུམ་གྱིས་རྒྱལ་ཁབ་དེ་དག་ནང་ནས་ཨུ་རུ་སུའི་གཞུང་ཚབ་ལས་བྱེད་ཕྱིར་འབུད་བཏང་བའི་ཡ་ལན་དུ། ཨུ་རུ་སུས་ཀྱང་རྒྱལ་ཁབ་དེ་གསུམ་གྱི་གཞུང་ཚབ་ལས་བྱེད་མང་པོ་ཞིག་ཕྱིར་འབུད་གཏོང་རྒྱུའི་གསལ་བསྒྲགས་བྱས་ནས། དོ་བདག་གཞུང་ཚབ་ཁང་དུ་བརྡ་ལན་སྤྲད་ཟིན་ཡོད་འདུག
ཟླ་༥ པའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨུ་རུ་སུའི་ཕྱི་སྲིད་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨུ་རུ་སུར་ཡོད་པའི་ཧྥ་རན་སིའི་གཞུང་ཚབ་ལས་བྱེད་༣༤ ཕྱིར་འབུད་གཏོང་རྒྱུ་ཡིན་པ་དང་། ཁོ་ཚོ་ཚང་མ་བདུན་ཕྲག་གཉིས་ནང་ཚུད་དུ་ཨུ་རུ་སུ་ནས་ཕྱིར་ཐོན་བྱེད་དགོས་སྐོར་བརྗོད་འདུག དེ་ཡང་གསལ་བསྒྲགས་དེའི་སྔོན་དུ་ཧྥ་རན་སིའི་གཞུང་ཚབ་འབོད་འགུག་བྱས་ཏེ། ཧྥ་རན་སིས་ཨུ་རུ་སུའི་གཞུང་ཚབ་ལས་བྱེད་༤༡ ཕྱིར་འབུད་བཏང་བ་དེ་ནི་འཁྲུག་སློང་དང་རྒྱུ་མཚན་མེད་པའི་ཐག་གཅོད་གཅིག་ཡིན་སྐོར་བརྗོད་འདུག
ཧྥ་རན་སིའི་ཕྱི་སྲིད་ལས་ཁང་གིས་ཨུ་རུ་སུར་ཡོད་པའི་ཧྥ་རན་སིའི་གཞུང་ཚབ་ཁང་གི་ལས་དོན་རྣམས། རྒྱལ་སྤྱིའི་གཞུང་ཚབ་དང་དོན་གཅོད་ལས་དོན་གྱི་གྲོས་མཐུན་དང་མཐུན་གྱི་ཡོད་པ་དང་། ཧྥ་རན་སིས་ཨུ་རུ་སུའི་གཞུང་ཚབ་ལས་བྱེད་རྣམས་གསང་མྱུལ་བ་ཡིན་པའི་དོགས་གཞིའི་འོག་ཕྱིར་འབུད་བཏང་བ་ཡིན་པས། ཨུ་རུ་སུའི་བྱ་སྤྱོད་དེར་ཁྲིམས་མཐུན་གྱི་གཞི་རྩ་གང་ཡང་མེད་སྐོར་བརྗོད་ནས་སྐྱོན་བརྗོད་བྱས་འདུག
དེ་བཞིན་ཨུ་རུ་སུའི་ཕྱི་སྲིད་ལས་ཁང་གིས་སཱེ་པན་གྱི་གཞུང་ཚབ་ལས་བྱེད་༢༧ ཕྱིར་འབུད་གཏོང་རྒྱུ་ཡིན་པ་དང་། ཁོ་ཚོ་ཚང་མ་བདུན་ཕྲག་གཅིག་ནང་ཚུད་ནས་ཕྱིར་ཐོན་དགོས་སྐོར་བརྗོད་འདུག དེ་ནི་ཟླ་༤ པའི་ནང་སཱི་པན་གྱིས་ཨུ་རུ་སུའི་གཞུང་ཚབ་ལས་བྱེད་༢༧ ཕྱིར་འབུད་བཏང་བའི་ཡ་ལན་ཡིན་འདུག སཱི་པན་གྱིས་ཀྱང་ཧྥ་རན་སི་ལྟ་བུར་ཨུ་རུ་སུའི་གཞུང་ཚབ་ལས་བྱེད་རྣམས་ཕྱིར་འབུད་བཏང་བའི་རྒྱུ་མཚན་ནི་བདེ་སྲུང་དང་འབྲེལ་བ་ཡོད་སྐོར་དང་། ཐེངས་འདིའི་ཨུ་རུ་སུའི་ཐག་གཅོད་ནི་རྒྱུ་མཚན་དེ་འདྲ་ལ་བརྟེན་མེད་པའི་སྐྱོན་བརྗོད་བྱས་འདུག
ད་ལྟའི་ཆར་ཨུ་རུ་སུས་ཨི་ཊ་ལིའི་གཞུང་ཚབ་ལས་བྱེད་ཕྱིར་འབུད་བཏང་བའི་གཞུང་འབྲེལ་གསལ་བསྒྲགས་མེད་ཀྱང་། ཨུ་རུ་སུའི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་རྒྱལ་ཁབ་དེའི་ནང་ཡོད་པའི་ཨི་ཊ་ལིའི་གཞུང་ཚབ་ལས་བྱེད་༢༤ ཕྱིར་འབུད་བཏང་ཡོད་པ་དེ་བདེན་པ་ཡིན་པའི་ཁས་ལེན་བྱས་འདུག་པ་དང་། ཨི་ཊ་ལིའི་ཕྱི་སྲིད་ལས་ཁང་ནས་ཀྱང་གནད་དོན་དེ་བདེན་པ་ཡིན་པ་ཁས་ལེན་བྱས་འདུག ཨི་ཊ་ལའི་སྲིད་བློན་མཱ་རི་ཡོ་ཌ་ར་གྷི་ཡིས་ཨུ་རུ་སུའི་ཐག་གཅོད་དེ་ནི་ཨི་ཊ་ལས་ཨུ་རུ་སུའི་གཞུང་ཚབ་ལས་བྱེད་ཕྱིར་འབུད་བཏང་བའི་ཡ་ལན་ཡིན་པ་གསལ་པོ་ཡིན་ཁར། དེ་ནི་དྲག་པོའི་བྱ་སྤྱོད་གཅིག་ཡིན་ཡང་། ཡུག་ཀེ་རན་ནང་དུ་ཞི་བདེ་ཡོང་ཆེད་དུ་ཨུ་རུ་སུ་དང་ཨི་ཊ་ལི་བར་དུ་འབྲེལ་ལམ་གྱི་བརྒྱུད་ལམ་ཁག་ཉུང་དུ་གཏོང་མི་ཉན་སྐོར་བརྗོད་འདུག
ཨུ་རུ་སུས་ཡུག་ཀེ་རན་ནང་བཙན་འཛུལ་བྱས་པ་ནས་བཟུང་། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་ཉེས་ཆད་དང་། གཞུང་ཚབ་ལས་བྱེད་ཕྱིར་འབུད་སོགས་ཀྱི་ལས་དོན་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།