ཨུ་རུ་སུས་ཨ་རིའི་གསར་འགོད་པ་ཞིག་འཛིན་བཟུང་བྱས་རྗེས་ལོ་༡༦ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་སྔོན་ཨུ་རུ་སུས་ཨ་རིའི་གསར་འགོད་པ་ཞིག་འཛིན་བཟུང་བྱས་ཡོད་འདུག་ལ། གསར་འགོད་པ་དེས་ཨུ་རུ་སུའི་གོ་མཚོན་བཟོ་གྲྭ་སྐོར་གནས་ཚུལ་བསྡུ་རུབ་བྱས་པའི་ཉེས་མིང་འོག་ད་ཆར་མི་ལོ་༡༦ རིང་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག
ཕྱི་ཚེས་༢༠ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གསར་འགོད་པ་(Evan Gershkovich)ཟེར་བ་ཞིག་ཨུ་རུ་སུའི་ཁྲིམས་ཁང་ཞིག་ནས་ཨུ་རུ་སུའི་གོ་མཚོན་བཟོ་གྲྭ་སོགས་ནས་གནས་ཚུལ་བསྡུ་རུབ་བྱས་པའི་ནག་ཉེས་ཡོད་ཚུལ་བརྗོད་ནས་མི་ལོ་༡༦ རིང་བཙོན་འཇུག་བྱེད་རྒྱུ་ཐག་གཅོད་བྱས་ཡོད་འདུག (The Wall Street Journal)གསར་ཁང་གིས་བརྗོད་དོན་ལ། གསར་འགོད་པ་དེ་འདི་ལོའི་ཕྱི་ཟླ་གསུམ་པ་ནས་འཛིན་བཟུང་བྱས་ཡོད་འདུག་པ་དང་། འཛིན་བཟུང་བྱེད་ཡུལ་ནི་ཨུ་རུ་སུའི་རྒྱལ་ས་ལས་རྒྱང་ཐག་སྤྱི་ལེ་༡༠༠༠ ཙམ་ཡོད་པའི་(Yekaterinburg)ཟེར་བའི་གྲོང་ཁྱེར་ནས་ཡིན་འདུག་པ་དང་། སྐབས་དེར་ཨུ་རུ་སུའི་གསང་བའི་མི་སྣས་འཛིན་བཟུང་བྱས་ཡོད་འདུག འཛིན་བཟུང་བྱེད་དོན་ནི་གསར་འགོད་པ་དེས་ཨ་རིའི་གསང་བའི་ལས་ཁུངས་(CIA)དང་ངན་འབྲེལ་བྱས་ནས། ཨུ་རུ་སུའི་གོ་མཚོན་བཟོ་གྲྭ་ཞིག་གི་སྐོར་གནས་ཚུལ་བསྡུ་རུབ་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག ཐེངས་འདིར་ཨ་རིའི་གསར་འགོད་པ་ཞིག་སོ་མྱུལ་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་ཨུ་རུ་སུས་འཛིན་བཟུང་བྱས་པ་དེ་རྒྱལ་སྤྱིའི་ནང་གྲངས་དམག་བྱུང་རྗེས་སུ་ཐེངས་དང་པོ་ཡིན་འདུག ཨ་རིའི་གསར་འགོད་པ་དེ་ཨུ་རུ་སུས་འདྲི་རྩད་ཁང་དུ་ཉིན་གྲངས་༤༧༨ རིང་བཀག་ཉར་བྱས་རྗེས་ཁྲིམས་ཐག་བཅད་ཡོད་འདུག
(Wall Street Journal )ཟེར་བའི་གསར་ཁང་གིས་རྩོམ་སྒྲིག་པ་(Emma Tucker)ཡིས། ང་ཚོས་ཐབས་ཤེས་ཡོད་ཚད་བཏོན་ནས་གསར་འགོད་པ་ཁོང་གློད་བཀྲོལ་ཡོང་ཐབས་བྱེད་རྒྱུ་ཡིན་པར་བརྗོད་འདུག་ལ། གསར་འགོད་བྱེད་པ་ནི་ཁྲིམས་འགལ་གཏན་ནས་མིན། ང་ཚོས་ཁོང་གློད་བཀྲོལ་ཡོང་ཐབས་ལ་འབད་དགོས་ཞེས་བརྗོད་ཡོད་འདུག ཉེ་ཆར་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་གྱིས་གསར་འགོད་པ་(Mr Gershkovich)ཨུ་རུ་སུས་འཛིན་བཟུང་བྱས་པ་དེ་གསར་འགོད་པ་ཁོང་གིས་ཁྲིམས་འགལ་བྱས་པ་མ་ཡིན་པར། ཁོང་ཨ་རི་བ་ཞིག་དང་ཨ་རིའི་གསར་འགོད་པ་ཞིག་ཡིན་པར་བརྟེན། ཨུ་རུ་སུས་ཁོང་འཛིན་བཟུང་བྱས་པ་རེད་ཅེས་བརྗོད་འདུག
དེ་བཞིན་ཨ་རིའི་སྲིད་འཛིན་གྱིས་ང་ཚོས་ཁོང་དང་འདྲ་བའི་གོ་ལ་ཡོངས་ཀྱི་གསར་འགོད་པ་ཚོ་ལ་རྒྱབ་སྐྱོར་བྱེད་དགོས་ལ། གསར་འགོད་བྱེད་པ་ནི་ཁྲིམས་འགལ་ཞིག་མ་རེད། དམིགས་བསལ་ཨུ་རུ་སུའི་ནང་གསར་འགོད་རང་དབང་མེད་པས། ང་ཚོས་ངེས་པར་དུ་གསར་འགོད་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད་ཡོད་འདུག ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་དང་དབྱིན་ཡུལ་གྱི་སྲིད་བློན་སོགས་ཀྱིས་ཨུ་རུ་སུས་ཨ་རིའི་གསར་འགོད་པར་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་བྱས་ཡོད་འདུག
ཨ་རིས་བརྗོད་དོན་ལ་ཨུ་རུ་སུའི་ངོས་ནས་ཨ་རིའི་གསར་འགོད་པ་ཞིག་འཛིན་བཟུང་བྱས་ནས། མ་འོངས་པར་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་ཨུ་རུ་སུའི་སོ་མྱུལ་རིགས་འཛིན་བཟུང་བྱེད་ཤོར་ན་བརྗེ་བོ་རྒྱག་ཆེད་དུ་ཉར་གྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག ཨུ་རུ་སུའི་མི་ཞིག་འཇར་མན་ནང་དུ་མི་གསོད་དོན་རྐྱེན་དང་འབྲེལ་ཏེ་ད་ལྟ་འཛིན་བཟུང་བཀག་ཉར་འོག་ཡོད་འདུག་པ་དང་། མ་འོངས་པར་ཨ་རིའི་གསར་འགོད་པ་དེ་དང་ཕན་ཚུན་བརྗེ་བོ་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག ཨ་རིའི་གསར་འགོད་པ་དེས་ཨུ་རུ་སུའི་མེ་སྒྱོགས་དང་གོ་མཚོན་གཞན་བཟོ་སའི་བཟོ་གྲྭ་ཞིག་གི་སྐོར་གནས་ཚུལ་བསྡུ་རུབ་བྱས་པའི་ནག་ཉེས་ཕོག་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།