ཨོ་རྩལ་དང་བོད་དོན་ལས་འགུལ།

ཕྱི་ལོ་༢༠༢༢ ལོའི་ཕྱི་ཟླ་༢ པའི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་དགུན་དུས་ཀྱི་རྩེད་འགྲན་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་རྒྱུ་གཏན་ཁེལ་བྱུང་ཡོད་པ་དང་། གནད་དོན་འདི་དང་འབྲེལ་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་རྒྱལ་སྤྱིའི་མིག་ནང་དུ་སླར་ཡང་གསལ་སྟོན་བྱ་རྒྱུའི་གོ་སྐབས་ཆེན་པོ་ཡོད་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༦༦ ཕྱི་ལོ་ ༢༠༢༡/༡༠/༢༧

ཕྱི་ལོ་༢༠༢༢ ལོའི་ཕྱི་ཟླ་༢ པའི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་དགུན་དུས་ཀྱི་རྩེད་འགྲན་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་རྒྱུ་གཏན་ཁེལ་བྱུང་ཡོད་པ་དང་། གནད་དོན་འདི་དང་འབྲེལ་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་རྒྱལ་སྤྱིའི་མིག་ནང་དུ་སླར་ཡང་གསལ་སྟོན་བྱ་རྒྱུའི་གོ་སྐབས་ཆེན་པོ་ཡོད་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད། འདས་པའི་ལོ་ཤས་རིང་འཛིན་སྐྱོང་གི་ངོས་ནས་ཀྱང་བོད་དོན་ཞུ་གཏུག་དང་ཁྱབ་བསྒྲགས་གང་འཚམ་ཡག་པོ་བྱུང་ཡོད་ཀྱང་། སྤྱི་ཚོགས་ཁྱོན་ཡོངས་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཚད་ལྡན་ཞིག་སྤེལ་ཐུབ་མེད་པས། བོད་དོན་འཐབ་རྩོད་ཀྱི་གནས་བབས་དེ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་མངོན་གསལ་དོད་པོ་དེ་ཙམ་མིན། ད་ལྟའི་ཆར་རྒྱ་ནག་དང་འབྲེལ་བའི་ཐོག་ནས་ཧོང་ཀོང་གི་གནད་དོན་དང་། ཤར་ཏུར་ཀི་སི་ཐན་གྱི་གནད་དོན། ཐའེ་ཝན་གྱི་གནད་དོན་བཅས་ནི་འཛམ་གླིང་མི་མང་གི་མིག་ནང་དུ་གླེང་ཕྱོགས་ཆེན་པོ་ཡོད་པ་དང་། ཤུགས་རྐྱེན་ཧ་ཅང་ཆེ་བའི་གནད་དོན་འབའ་ཞིག་ཏུ་གྱུར་ཡོད།

ད་ལྟའི་ཆར་བོད་དོན་འཐབ་རྩོད་ཀྱི་གནས་བབས་ཅུང་བག་ལ་ཞ་བའི་གནས་སྟངས་ཤིག་ཡོད་པ་དེ་ནི། གཙོ་བོ་འདས་པའི་ལོ་རྒྱུས་ནང་རྒྱ་གཞུང་ལ་བསྟུན་མཁས་བྱེད་པའི་སྲིད་བྱུས་ཤིག་ལག་བསྟར་བྱས་ཡོད་པ་དང་། བོད་རང་བཙན་གྱི་འབོད་སྒྲ་ཙམ་སྤྱི་ཚོགས་ནང་སྒྲོག་མཁན་བྱུང་ནའང་གནོན་ཤུགས་སྤྲོད་མཁན་ཡོད་པ་ལྟ་བུའི་སྣང་ཚུལ་བྱུང་ཡོད། ལས་འགུལ་སྤེལ་ན་རྒྱ་གཞུང་གི་དཔོན་རིགས་ཁག་དང་། ལྷག་པར་རྒྱ་རིགས་མི་མང་གི་སེམས་ལ་ཕོག་ཐུག་ཆེན་པོ་འགྲོ་གི་ཡོད་པས། ལས་འགུལ་སྤེལ་མི་འོས་པ་དང་། ལས་འགུལ་དེ་ཡང་གཙོ་བོ་བོད་རང་བཙན་སླར་གསོ་དང་འབྲེལ་བའི་ལས་འགུལ་སྤེལ་མི་འོས་པའི་དྲིལ་བསྒྲགས་དེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་སུ་ག་ཚོད་མང་བ་སྤེལ་བ་དེའི་ཚོད་ཀྱིས་བོད་རྒྱ་ཞི་མོལ་ལ་གནོད་པ་མ་ཟད། ༧གོང་ས་མཆོག་གི་དགོངས་གཞི་དང་འགལ་བར་ངོས་འཛིན་བྱེད་མཁན་གྱི་སློབ་གསོ་དེ། བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་སུ་དར་ཁྱབ་ཆེན་པོ་བྱུང་ནས་བོད་དོན་ལས་འགུལ་གྱི་རྣམ་པ་ཤུགས་ཆུང་དུ་སོང་ཡོད།

བོད་དོན་ལས་འགུལ་ནི་སྤྱི་ཚོགས་རང་བཞིན་གྱི་ཐོག་ནས་བྱུང་ན་ནུས་པ་ཆེ་བ་དང་། སྒྲིག་འཛུགས་རང་གི་ཐོག་ནས་གཞུང་དང་གཞུང་གི་དབར་འབྲེལ་བ་དང་རྒྱབ་སྐྱོར་འཚོལ་རྒྱུ་ལས། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམས་དུས་རྒྱུན་ཁྲོམ་གཞུང་དུ་ཐོན་ནས་ངོ་རྒོལ་བྱས་པས་དེ་ཙམ་ཕན་དཀའ་ཡང་། འགོ་ཁྲིད་རྣམས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་འགོག་རྐྱེན་མ་སྤྲད་པར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྣེ་ཁྲིད་ནས་སྤྱི་ཚོགས་རང་བཞིན་གྱི་ལས་འགུལ་རྣམ་གྲངས་མི་འདྲ་བ་སྤེལ་ཐུབ་ན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ནུས་པ་ཆེ་རུ་འགྲོ་བ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་བོད་དོན་འཐབ་རྩོད་ཀྱི་བསམ་བློ་ཤུགས་ཆེ་རུ་འགྲོ་ངེས་ཡིན་པས། དུས་སྐབས་མི་འདྲ་བ་དང་། གནད་དོན་མི་འདྲ་བའི་ཐོག་ལ་གོ་སྐབས་དམ་འཛིན་བྱེད་ཐུབ་དགོས། འདས་པའི་ལོ་ཉི་ཤུ་ཙམ་གྱི་རིང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཉམས་དམས་སུ་གྱུར་ཡོད་པས་རིམ་པས་སྤྱི་ཚོགས་ནང་མི་དགོས་པའི་རྩོད་རྙོག་མང་དུ་སོང་ཡོད།

ལོ་འདི་ལ་མཚོན་ན་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་དགུན་དུས་རྩེད་འགྲན་དེ་རྒྱ་ནག་གི་རྒྱལ་ས་རུ་འཚོག་གཏན་ཁེལ་ཡོད་པ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་དམིགས་ཡུལ་ནི། ཡུལ་གྲུ་གང་དུ་རྩེད་འགྲན་དེ་འཚོགས་ཀྱང་། རྒྱལ་ཁབ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་དེ་ཡིན་ཡང་། རྒྱ་ནག་རྒྱལ་ཡོངས་དང་ལྷག་པར་དུ་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཆེན་པོ་གཏོང་བཞིན་ཡོད་པས་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་པ་ལས་ཡར་རྒྱས་ཀྱི་རྣམ་པ་མཐོང་མེད་རྐྱེན། ཨོ་རྩལ་འགྲན་ཚོགས་ཀྱི་ལྟ་བ་ལངས་ཕྱོགས་དང་མཐུན་མེད་པས། འགྲན་ཚོགས་དེ་རྒྱ་ནག་ལ་གོ་སྒྲིག་བྱས་ན་མི་འགྲིག་པའི་ངོ་རྒོལ་དང་། རྒྱལ་ཁག་གི་རྩེད་འགྲན་པ་རྣམས་མཉམ་ཞུགས་མི་བྱེད་པ་དང་། སྐབས་དེར་རྒྱལ་ཁབ་ཁག་གི་དབུ་ཁྲིད་དེའི་ནང་མཉམ་ཞུགས་མི་གནང་བའི་འབོད་སྐུལ་གྱི་ལས་འགུལ་བཅས་སྤེལ་དགོས་པ་དེ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད།

མདོར་ན་སྤྱི་ཚོགས་ནང་ལས་འགུལ་ཅི་ཙམ་ཉུང་དུ་སོང་ན་དེའི་ཚོད་ཀྱིས་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་། རྩོད་རྙོག་གི་ཁ་ཕྱོགས་ཞན་དུ་འགྲོ་བ་ནི་འདས་པའི་ལོ་ཁ་ཤས་ཀྱི་གནས་སྟངས་ནས་ཤེས་ཐུབ། དཔེར་ན་དབུ་མའི་ལམ་དང་རང་བཙན་གྱི་རྩོད་པ་ལ་སུན་སྣང་བྱེད་མཁན་དང་། དེ་འགལ་རྐྱེན་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡོད་ཀྱང་། དོན་དངོས་སུ་རང་བཙན་གྱི་ལངས་ཕྱོགས་དང་། དབུ་མའི་ལམ་གྱི་ལངས་ཕྱོགས་གང་ཡིན་ཡང་རྩ་དོན་འཐབ་རྩོད་དང་འབྲེལ་བ་ཡོད་པས། རྩོད་པ་འདི་ལ་བརྟེན་ནས་སྤྱི་ཚོགས་དུམ་བུ་གཉིས་སུ་གྱུར་ཏེ་འཐོར་ཞིག་ཏུ་འགྲོ་མི་སྲིད་པ་ཞིག་རེད། འོན་ཀྱང་ད་ལྟའི་ཆར་དབུ་མ་དང་རང་བཙན་གྱི་རྩོད་པ་དེ་ནི་གོ་ཐོས་ཀྱི་ཡུལ་དུ་མེད་པར། དེ་ལས་བརྒལ་ནས་ནང་ཁུལ་གྱི་རྩོད་རྙོག་མང་དག་ཅིག་ལྷགས་ཡོད་པ་ནི། དོན་དངོས་སུ་སེམས་ཁྲལ་བྱེད་དགོས་པ་ཞིག་ཡིན་པས། རྩ་དོན་འཐབ་རྩོད་མི་བརླག་པའི་ཆེད་དུ་ཨོ་རྩལ་འགྲན་ཚོགས་ཀྱིས་གཙོས་རྒྱ་གཞུང་གི་བྱེད་སྒོ་ཁག་ལ་ངོ་རྒོལ་བྱེད་དགོས་པ་དེ་འཕྲལ་ཕུགས་གང་ཐད་ནས་གལ་ཆེ་ཤོས་རེད་སྙམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།