ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ལོ་གཅིག་ལ་ཕྱིར་འགྱངས་བྱས་འདུག 

ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ཇེ་ཆེར་འགྱུར་བཞིན་པར་བརྟེན། ཉི་ཧོང་གི་སྲིད་བློན་ཤིན་ཛོ-ཨ་བྷེ་(Shinzo Abe)དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལྷན་ཚོགས་ཀྱི་ཚོགས་གཙོ་ཐོ་མ་སི-བྷ་ཁི་(Thomas Bach)གཉིས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ལོ་གཅིག་ལ་ཕྱར་འགྱངས་བྱེད་པའི་མོས་མཐུན་གནང་འདུག 

དེ་ཡང་རྒྱ་ནག་ནས་གོ་ལ་ཁྱོན་ལ་ཁྱབ་པའི་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་ཚད་དང་། དཀའ་ཉེན་ཉིན་རེ་ལས་མ་འདས་པར་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་འགྲོ་བ་མིའི་རིགས་སྤྱི་ལ་བསམ་ཡུལ་ལས་འདས་པའི་ཉེན་ཁ་འཕྲད་བཞིན་པའི་དུས་སྐབས་ཁྲོད། ཁེ་ན་ཊ་དང་ཨོ་སི་ཁྲུ་ལི་ཡས་གཙོས་པའི་རྒྱལ་ཁབ་རྣམས་ཀྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ལྷན་ཚོགས་ལ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༤ ནས་ཕྱི་ཟླ་ ༨ ཚེས་ ༩ བར་ཉི་ཧོང་གི་རྒྱལ་ས་ཐྲོ་ཁེའོ་(Tokyo)རུ་འཚོགས་གཏན་ཁེལ་བའི་རྩེད་འགྲན་ཆེན་མོ་དེ་ཕར་འགྱངས་དགོས་པའི་གནོན་ཤུགས་སྤྲད་པ་ལྟར། སྙན་གྲགས་ཆེ་བའི་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་དངོས་སུ་ཕར་འགྱངས་བྱེད་རྒྱུ་གསལ་བསྒྲགས་བཏང་འདུག

ལོ་བཞི་རེའི་ནང་ཐེངས་རེར་སྐོང་འཚོགས་བྱེད་པའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ནི། རྒྱལ་སྤྱིའི་རྩེད་འགྲན་གྱི་སྡིངས་ཆ་ཆེས་ཆེ་ཤོས་དེ་ཡིན་ཞིང་། རྩེད་འགྲན་ཆེན་མོ་དེ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཏེ། ཕྱི་ལོ་ ༡༩༡༦ དང་། ༡༩༤༠ ། དེ་བཞིན་ ༡༩༤༤ བཅས་ལ་དམག་འཁྲུག་ཟང་ཟིང་གིས་འཚོགས་མ་ཐུབ་པ་མ་གཏོགས། ཞི་བདེའི་དུས་སྐབས་ལ་ཕར་འགྱངས་སམ་སྔ་སྣུར་གཏན་ནས་བྱེད་མྱོང་ཡོད་མི་འདུག

འདི་ལོའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་དེ་ཕྱི་ལོ་ ༢༠༢༡ བར་ཕྱར་འགྱངས་བྱས་ཡོད་ན་ཡང་། “༢༠༢༠ ལོའི་ཁྲོ་ཁེའོ་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ”ཞེས་པའི་མིང་དེ་རང་སོར་འཇོག་རྒྱུ་དང་། ཨོ་ལིམ་ཕིག་གི་དཔལ་འབར་ཉི་ཧོང་དུ་ཉར་རྒྱུ་ཡིན་པའི་གྲོས་ཐག་བཅད་འདུག

ཕྱི་ལོ་ ༢༠༢༠ ལོའི་་ལིམ་ཕིག་གོ་སྒྲིག་ཚོགས་ཆུང་ནས་སྤེལ་བའི་གསལ་བསྒྲགས་དེའི་ནང་།  “ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན་གྱི་སྐྱེ་བོ་ཡོངས་དང་། རྒྱལ་སྤྱིིའི་སྤྱི་ཚོགས། ད་དུང་རྩེད་འགྲན་བ་རྣམས་ཀྱི་བདེ་ཐང་སྲུང་སྐྱོབ་ཆེད་དུ་”རྩེད་འགྲན་དེ་ཕྱི་ལོ་ ༢༠༢༡ བར་ཕར་འགྱངས་བྱེད་དགོས་འཁེལ་སོང་ཞེས་འཁོད་པ་ལས། རྩེད་འགྲན་དེ་དངོས་སུ་ག་དུས་འཚོགས་རྒྱུ་ཡིན་མིན་གྱི་གསལ་ཁ་ཡང་འདོན་མ་ཐུབ་པར་བསྐྱུར་ཡོད་འདུག

འགོ་ཚུགས་ལ་ཉེ་བའི་རྩེད་འགྲན་གྱི་་ཆེད་དུ་སྦྱོང་བརྡར་དང་། གྲ་སྒྲིག་བྱས་དང་བྱེད་མུས་སུ་ཡོད་པའི་རྒྱལ་སྤྱིའི་རྩེད་འགྲན་བ་རྣམས་ཀྱིས་རྩེད་འགྲན་ཆེན་མོ་དེ་ཕར་འགྱངས་བྱས་པ་དེར་བློ་ཕམ་བྱུང་ཡང་། ཐག་གཅོད་དེ་གཡོལ་ཐབས་བྲལ་བ་ཞིག་ཡིན་ཚུལ་བཤད་དེ་རྒྱབ་སྐྱོར་བྱས་འདུག

ད་ལྟའི་ཆར་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་འབུམ་ ༤ཟིན་ལ་ཉེ་བ་དང་། ནད་འབུ་དེའི་རྐྱེན་གྱིས་ཤི་བའི་མི་གྲངས་ ༡༧,༠༠༠  མ་ཟིན་ཙམ་བསླེབས་ཚར་བས། རྒྱལ་ཁབ་སོ་སོས་སློབ་གྲྭ་དང་མི་མང་འདུ་འཛོམས་ཀྱི་གནས་ཙམ་མ་ཟད། གྲོང་དང་གྲོང་ཁྱེར་གྱི་སྒོ་ཡོངས་སུ་བརྒྱབ་སྟེ་ནད་ཡམས་དེར་ཁ་གཏད་གཅོད་པའི་འབད་བརྩོན་བྱེད་བཞིན་འདུག ། 

གསར་འགོད་དཀོན་མཆོག་རབ་བརྟན། 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།