ཨོ་སི་ཀྲོ་ལི་ཡ་མི་མང་ནང་རྒྱ་ནག་ལ་ཡིད་ཆེས་ཆུང་དུ་ཕྱིན་ཡོད་འདུག

ཨོ་སི་ཀྲོ་ལི་ཡའི་ཆབ་སྲིད་ཁོར་ཡུག་ནང་རྒྱ་ནག་གི་ཤུགས་རྐྱེན་སླེབས་ཀྱི་ཡོད་པའི་གནས་ཚུལ་ཁག་ཅིག་ཐོན་ཡོད་པ་དང་བསྟུན། རྒྱལ་ཁབ་དེའི་མི་མང་ནང་རྒྱ་ནག་ལ་ཡིད་ཆེས་ཆུང་དུ་ཕྱིན་ཡོད་འདུག་ཀྱང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཡིད་ཆེས་མང་བ་ཡོད་འདུག

ཨོ་སི་ཀྲོ་ལི་ཡའི་ཆབ་སྲིད་ཁོར་ཡུག་ནང་རྒྱ་ནག་གི་ཤུགས་རྐྱེན་སླེབས་ཀྱི་ཡོད་པའི་གནས་ཚུལ་ཁག་ཅིག་ཐོན་ཡོད་པ་དང་བསྟུན། རྒྱལ་ཁབ་དེའི་མི་མང་ནང་རྒྱ་ནག་ལ་ཡིད་ཆེས་ཆུང་དུ་ཕྱིན་ཡོད་འདུག་ཀྱང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་ཡིད་ཆེས་མང་བ་ཡོད་འདུག
ཟླ་༦ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡའི་སྲིད་བྱུས་ཉམས་ཞིབ་ཚོགས་པ་ལཱོ་ཝི་ལྟེ་གནས་ཁང་གིས་ལོ་ལྟར། རྒྱལ་ཁབ་དེའི་མི་མང་ལ་ཕྱི་འབྲེལ་སྲིད་བྱུས་དང་རྒྱལ་ཁབ་གཞན་ལ་ལྟ་ཚུལ་གང་ཡོད་ཀྱི་བསམ་ཚུལ་བསྡུ་ལེན་གྱི་ལས་འགུལ་སྤེལ་ནས་གྲུབ་དོན་སྙན་ཐོ་བཏོན་གྱི་ཡོད་པ་ལྟར། ཉེ་བའི་ཆར་ཕྱི་ལོ་༢༠༡༩ ལོའི་བསམ་ཚུལ་བསྡུ་ལེན་གྱི་གྲུབ་དོན་སྙན་ཐོ་བཏོན་འདུག
འདི་ལོའི་བསམ་ཚུལ་བསྡུ་ལེན་བྱེད་ཡུལ་མི་མང་ཁོངས་ནས་བརྒྱ་ཆ་༣༢ ཀྱིས་རྒྱ་ནག་གིས་རྒྱལ་སྤྱིའི་ནང་འགན་ཁུར་ཡོད་པའི་ཐོག་ནས་ལས་ཀ་བྱེད་པར་ཡིད་ཆེས་ཆེན་པོའམ་གང་ལ་གང་འཚམ་ཡོད་སྐོར་བརྗོད་འདུག་པ་དང་། དེ་ནི་ལོ་སྔོན་མ་དང་བསྡུར་ནས་བརྒྱ་ཆ་༢༠ མར་ཉུང་དུ་ཕྱིན་ཡོད་འདུག སྲིད་བྱུས་ཉམས་ཞིབ་ཁང་དེའི་ཉམས་ཞིབ་པ་ཞིག་གིས། འདས་པའི་ལོ་གཉིས་ནང་རྒྱལ་ཁབ་དེའི་ཆབ་སྲིད་ནང་རྒྱ་ནག་གི་ཐེ་བྱུས་དང་། དཔལ་འབྱོར་གྱི་གནོན་ཤུགས་ཐོག་ལ་བགྲོ་གླེང་ཆེན་པོ་བྱུང་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་ཁར། རྒྱ་ནག་གི་ཨོ་སི་ཀྲོ་ལི་ཡའི་མངའ་ཁུལ་དུ་ཡོད་པའི་ཐབས་བྱུས་ཀྱི་དམིགས་ཡུལ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་རྙོག་ནང་རྒྱ་ནག་མཉམ་ཞུགས་བཅས་ལ་སེམས་འཚབ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས། རྒྱ་ནག་དང་སྲིད་འཛིན་ཞི་ཅིན་ཕིང་ལ་ཡིད་ཆེས་བྱེད་མཁན་ཉུང་དུ་ཕྱིན་པ་ཡིན་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༧ ལོའི་ཟླ་༡༢ པའི་ནང་ཨོ་སི་ཀྲོ་ལི་ཡ་གཞུང་གིས་རྒྱལ་ནང་གི་ཆབ་སྲིད་ནང་རྒྱལ་ཁབ་གཞན་གྱི་ཐེ་བྱུས་མེད་པ་བཟོ་ཆེད་ཀྱི་ཁྲིམས་གསར་བཟོ་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁྲིམས་དེ་ནི་རྒྱ་ནག་ལ་དམིགས་པར་ངོས་འཛིན་གྱིས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་རེད་འདུག
བསམ་ཚུལ་བསྡུ་ལེན་ནང་མི་མང་བརྒྱ་ཆ་༧༤ ཡིས་རྒྱལ་ཁབ་དེ་རྒྱ་ནག་ལ་དཔལ་འབྱོར་གྱི་ཐོག་ནས་བརྟེན་རྒྱུ་ཆེ་དྲག་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག་པ་དང་། བརྒྱ་ཆ་༦༨ ཡིས་རྒྱལ་ཁབ་དེས་རྒྱ་ནག་ནས་མ་འཛུགས་བྱེད་པར་ཆོག་མཆན་སྤྲད་པ་མང་དྲག་གི་ཡོད་སྐོར་བརྗོད་འདུག
མི་མང་གིས་ཨ་རི་དང་རྒྱ་ནག་གཉིས་བར་ཚོང་དམག་ཁྲོད། ཨོ་སི་ཀྲོ་ལི་ཡའི་ཁེ་ཕན་སྲུང་སྐྱོབ་ཡོང་རྒྱུར་གདེངས་ཚོད་མེད་པ་དང་། སྤྱིར་བཏང་ཨ་རི་ནི་ཨོ་སི་ཀྲོ་ལི་ཡའི་མཐུན་ཕྱོགས་རྒྱལ་ཁབ་གཙོ་བོ་དེ་ཡིན་ཡང་། བསམ་ཚུལ་བསྡུ་ལེན་གྱི་གྲུབ་དོན་དུ། མི་མང་བརྒྱ་ཆ་༣༠ ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ལས་དོན་ལ་ཐག་གཅོད་མ་ནོར་བ་ཞིག་བྱེད་པར་གདེངས་ཚོད་ཆེན་པོའམ་ཏོག་ཙམ་ཡོད་སྐོར་བརྗོད་འདུག་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆ་༡༣ ཉུང་བ་ཡིན་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཡིད་ཆེས་དེ་འདྲ་བྱེད་མཁན་བརྒྱ་ཆ་༢༥ ལས་མེད་པ་དང་། དེ་ཡང་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་༥ ཉུང་དུ་ཕྱིན་ཡོད་འདུག ཨོ་སི་ཀྲོ་ལི་ཡ་མི་མང་གིས་ཨུ་རུ་སུའི་སྲིད་འཛིན་ཝལ་ཌེ་མར་པུ་ཀྲེན་དང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་ལས་ཊོམ་ལ་ཡིད་ཆེས་མང་བ་བྱེད་ཀྱི་ཡོད་ཀྱང་། མི་མང་གསུམ་ཆ་གཉིས་ཀྱིས་སྲིད་འཛིན་ཊོམ་གྱིས་ཨ་རི་དང་ཨོ་སི་ཀྲོ་ལི་ཡའི་འབྲེལ་ལམ་ཉམས་རྒུད་བཏང་ཡོད་པའི་བསམ་ཚུལ་བཏོན་འདུག དེ་བཞིན་ཨ་རིའི་སྲིད་འཛིན་ལ་ཡིད་ཆེས་དེ་ཙམ་མེད་ཀྱང་། མི་མང་བརྒྱ་ཆ་༧༠ ལྷག་གིས་རྒྱལ་ཁབ་དེ་གཉིས་ཀྱི་མཐུན་ཕྱོགས་འབྲེལ་ལམ་དེ་ནི་རྒྱལ་ཁབ་ཀྱི་བདེ་སྲུང་ཆེད་ཤིན་ཏུའམ་གང་ལ་གང་འཚམ་གྱིས་གལ་ཆེན་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཁར། བརྒྱ་ཆ་༥༢ ཀྱིས་ཨ་རིས་རྒྱལ་སྤྱིའི་ནང་འགན་ཁུར་ཡོད་པའི་ལས་དོན་བྱེད་པར་ཡིད་ཆེས་བྱེད་ཀྱི་ཡོད་འདུག
ཨ་རྒྱ་གཉིས་ཀྱི་ཚོང་དམག་ལ་བརྟེན་ནས་རྒྱལ་སྤྱིའི་ནང་གི་རྒྱལ་ཁབ་མང་པོ་ཞིག ཕྱོགས་གཉིས་ནས་སུ་ལ་རྒྱབ་སྐྱོར་བྱེད་དགོས་མིན་གྱི་ཐེ་ཚོམས་ནང་ལྷག་ཡོད་པས། བསམ་ཚུལ་བསྡུ་ལེན་ཁོངས་ནས་མི་མང་བརྒྱ་ཆ་༥༠ ཡིས་ཨོ་སི་ཀྲོ་ལི་ཡ་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་ལ་གནོད་ཀྱི་ཡོད་མེད་ལ་མ་ལྟོས་པར། ཨ་རི་དང་འབྲེལ་ལམ་བརྟན་པོ་ཉར་རྒྱུ་གལ་ཆེན་འཛིན་དགོས་སྐོར་བརྗོད་འདུག་པ་དང་། མི་མང་བརྒྱ་ཆ་༤༤ ཡིས་གཞུང་གིས་ཨ་རི་དང་འབྲེལ་ལམ་ལ་གནོད་ཀྱི་ཡོད་མེད་ལ་མ་ལྟོས་པར། རྒྱ་ནག་དང་འབྲེལ་ལམ་བརྟན་དུ་གཏོང་རྒྱུ་གལ་ཆེན་འཛིན་དགོས་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།