ཨོ་སི་ཀྲོ་ལི་ཡའི་སྲིད་བློན་འོས་ཐོབ་ལ་བརྟེན་ནས་སྐྱབས་བཅོལ་བ་རང་ཤི་རྒྱག་ཐབས་བྱེད་མཁན་མང་དུ་ཕྱིན་པ།

ཉེ་བའི་ཆར་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་དོན་དུ། སྐབས་སྔོན་མའི་སྲིད་བློན་གྱི་ཚོགས་པ་དང་ཟླ་སྒྲིལ་ཚོགས་པར་རྒྱལ་ཁ་ཐོབ་ནས་གཞུང་འཛིན་ཚོགས་པ་ཆགས་པར་བརྟེན། ཨོ་སི་ཀྲོ་ལི་ཡའི་ཉེ་འགྲམ་གྱི་གླིང་ཕྲན་ཞིག་ཏུ་བཀག་ཉར་འོག་ཡོད་པའི་སྐྱབས་བཅོལ་བ་མང་པོ་ཞིག་རེ་བ་བརླགས་ཡོད་ཁར། རང་ཤི་རྒྱག་ཐབས་བྱེད་མཁན་གྱི་གྲངས་ཀ་ཡང་མང་དུ་ཕྱིན་ཡོད་འདུག

ཉེ་བའི་ཆར་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་དོན་དུ། སྐབས་སྔོན་མའི་སྲིད་བློན་གྱི་ཚོགས་པ་དང་ཟླ་སྒྲིལ་ཚོགས་པར་རྒྱལ་ཁ་ཐོབ་ནས་གཞུང་འཛིན་ཚོགས་པ་ཆགས་པར་བརྟེན། ཨོ་སི་ཀྲོ་ལི་ཡའི་ཉེ་འགྲམ་གྱི་གླིང་ཕྲན་ཞིག་ཏུ་བཀག་ཉར་འོག་ཡོད་པའི་སྐྱབས་བཅོལ་བ་མང་པོ་ཞིག་རེ་བ་བརླགས་ཡོད་ཁར། རང་ཤི་རྒྱག་ཐབས་བྱེད་མཁན་གྱི་གྲངས་ཀ་ཡང་མང་དུ་ཕྱིན་ཡོད་འདུག

ཟླ་༥ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡ་གཞུང་གིས་དེ་སྔོན་ནས་མཚོ་བརྒྱུད་ནས་རྒྱལ་ཁབ་དེར་སྐྱབས་བཅོལ་དུ་ཡོང་ཐབས་བྱེད་མཁན་རྣམས། ཉེ་འགྲམ་གྱི་རྒྱལ་ཁབ་པཱ་པུཝ་ནིའུ་གྷེ་ནིའི་གླིང་ཕྲན་མཱ་ནུ་སི་དང་ནའོ་རུ་རྒྱལ་ཁབ་ལ་བཀག་ཉར་འོག་འཇོག་གི་ཡོད་པ་དང་། སྐྱབས་བཅོལ་བ་དེ་དག་ཨོ་སི་ཀྲོ་ལི་ཡས་ངོས་ལེན་བྱེད་ཀྱི་མེད་པས། གནས་སྟངས་ཛ་དྲག་འོག་གནས་ཡོད་འདུག སྐྱབས་བཅོལ་བ་རྣམས་ཀྱིས་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་གྲུབ་དོན་དུ། སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་ངལ་རྩོལ་བའི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་ནས། སྐྱབས་བཅོལ་བར་འཛིན་པའི་ལྟ་ཕྱོགས་མཁྲེགས་པོར་འགྱུར་བ་འགྲོ་བའི་རེ་བ་བྱས་ཡོད་ཀྱང་། འོས་བསྡུའི་གྲུབ་དོན་དུ་སྐབས་སྔོན་མའི་སྲིད་བློན་སཱེ་ཁོཊ་མཱོ་རི་སོན་གྱི་སྲིད་དོན་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པ་གཉིས་ལ་རྒྱལ་ཁ་ཐོབ་ཡོད་པས། མཱ་ནུ་སི་གླིང་ཕྲན་དུ་བཀག་ཉར་འོག་ཡོད་མཁན་སྐྱབས་བཅོལ་བ་ཉུང་མཐར་༡༠ ཡིས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱུང་རྗེས་རང་ཤི་རྒྱག་ཐབས་སམ་སོ་སོར་གནོད་འཚེ་གཏོང་ཐབས་བྱས་ནས། རེ་བ་ཆད་པའི་བྱེད་སྟངས་དེ་རིགས་ཀྱི་གནས་ཚུལ་མང་དུ་ཕྱིན་ཡོད་འདུག

སྲིད་བློན་འོས་ཐོབ་པ་མཱོ་རི་སོན་ཕྱི་ལོ་༢༠༡༣ ལོར་གནས་སྤོ་བའི་བློན་ཆེན་ཡིན་པའི་སྐབས་སུ། ཨོ་སི་ཀྲོ་ལི་ཡའི་ཕྱི་ལོགས་ཀྱི་གླིང་ཕྲན་རྒྱལ་ཁབ་ཁག་ཏུ། སྐྱབས་བཅོལ་བ་དུས་ཚོད་ངེས་མེད་ཐོག་བཀག་ཉར་འོག་འཇོག་རྒྱུའི་ལས་དོན་གཞི་རྒྱ་ཆེ་རུ་བཏང་ཡོད་འདུག་པ་དང་། ལོ་སྔོན་མའི་ཟླ་བ་༨ པ་ནས་ཁོང་སྲིད་བློན་ཆགས་རྗེས། བཀག་ཉར་འོག་ཡོད་པའི་སྐྱབས་བཅོལ་བ་རྣམས་ཀྱི་འཕྲོད་བསྟེན་གནས་སྟངས་ཛ་དྲག་ཆགས་ཚེ། ཨོ་སི་ཀྲོ་ལི་ཡར་སྨན་བཅོས་ཆེད་ཁྲིད་ཆོག་པའི་ཁྲིམས་དེ་ཕྱིར་འཐེན་བྱེད་རྒྱུའི་ཁས་ལེན་བྱས་ཡོད་འདུག དེ་ཡང་ཁོང་གིས་བརྗོད་དོན་ལྟར་ན། ཁྲིམས་ནང་དུ་གལ་ཏེ་སྐྱབས་བཅོལ་བ་ཞིག་ཨོ་སི་ཀྲོ་ལི་ཡར་སྨན་བཅོས་ཆེད་ཁྲིད་ཡོང་ཚེ། ཕྱིར་བཀག་ཉར་བྱེད་ཡུལ་གྱི་གླིང་ཕྲན་ཁག་ཏུ་གཏོང་ཆོག་གི་མེད་ཚུལ་བརྗོད་བཞིན་འདུག  ད་ལྟའི་ཆར་གཞུང་འཛིན་ཚོགས་པས་སྐྱབས་བཅོལ་བ་རྣམས་སྨན་བཅོས་ཆེད་ཨོ་སི་ཀྲོ་ལི་ཡར་ཁྲིད་ཡོང་ཆོག་པའི་ཁྲིམས་དེ་ཕྱིར་འཐེན་བྱེད་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་ཀྱང་། གྲོས་ཚོགས་ནང་གི་ཕྱོགས་འགལ་ཚོགས་པ་ཚོས་དེ་ལྟར་ཡོང་བར་དགག་བྱ་ཆེན་པོ་བྱེད་ཉེན་ཡོད་འདུག

ད་ལྟའི་ཆར་བཀག་ཉར་བྱེད་ཡུལ་གྱི་གླིང་ཕྲན་དེ་གཉིས་ལ་སྐྱབས་བཅོལ་བ་༩༠༠ ལྷག་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༠ ལོ་ནས་ཨོ་སི་ཀྲོ་ལི་ཡའི་རྒྱལ་ནང་གི་བཀག་ཉར་བྱེད་ཡུལ་དང་ཕྱིའི་རྒྱལ་ཁབ་ཁག་གི་གླིང་ཕྲན་ཁག་གི་བཀག་ཉར་བྱེད་ཡུལ་གཉིས་ནས། སྐྱབས་བཅོལ་བ་༢༤ ཡི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། དེའི་ཁོངས་ནས་རང་ཤི་བརྒྱབ་པ་གཏན་ཁེལ་བྱུང་བ་༡༤ བྱུང་འདུག

དེ་སྔོན་ནིའུ་ཛེ་ལན་ཌ་གཞུང་གིས་ཐེངས་མང་པོར་ལོ་རེར་བཀག་ཉར་འོག་ཡོད་པའི་སྐྱབས་བཅོལ་བ་༡༥༠ རེ་རྒྱལ་ཁབ་དེར་ལེན་རྒྱུའི་གྲོས་འགོ་བཏོན་ཡོད་ཀྱང་། ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཁས་ལེན་བྱས་མི་འདུག དེ་ཡང་ནིའུ་ཛེ་ལན་ཌ་མི་སེར་ཡིན་ན་ཨོ་སི་ཀྲོ་ལི་ཡ་ནང་དུ་ཐོངས་མཆན་མི་དགོས་པར་གནས་སྡོད་དང་ལས་ཀ་བྱེད་ཆོག་གི་ཡོད་པས། སྐྱབས་བཅོལ་བ་དེ་ཚོ་ནིའུ་ཛེ་ལན་ཌའི་མི་སེར་ཆགས་རྗེས་ཨོ་སི་ཀྲོ་ལི་ཡར་ཡོང་བའི་ལམ་ཁ་ཆགས་ཀྱི་ཡོད་སྐོར་བརྗོད་བཞིན་འདུག དེ་བཞིན་ངལ་རྩོལ་བའི་སྲིད་དོན་ཚོགས་པས་ནིའུ་ཛེ་ལན་ཌའི་གྲོས་འགོ་དེར་བསྐྱར་ཞིབ་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ཐེངས་འདིར་འོས་བསྡུའི་རྒྱལ་ཁ་ཐོབ་མེད་པས། སྐྱབས་བཅོལ་བ་རྣམས་ཀྱི་གནས་སྟངས་གང་འདྲ་ཆགས་མིན་ངེས་མེད་རེད་འདུག དེ་སྔོན་ཨ་རིའི་སྲིད་འཛིན་བྷེ་རག་ཨོ་བྷ་མ་ཡིན་པའི་སྐབས་སུ། སྐྱབས་བཅོལ་བ་གྲངས་༡༢༥༠ ཞིག་ཨ་རིས་ལེན་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ད་བར་སྐྱབས་བཅོལ་བརྒྱ་གྲངས་ཁ་ཤས་མ་གཏོགས་བླངས་མེད་ཁར། སྲིད་འཛིན་ཊོམ་གྱིས་ཁས་ལེན་དེ་ནི་དོན་མེད་གཅིག་ཡིན་སྐོར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་བྱིས་པ་སྲུང་སྐྱོབ་ལྷན་ཁང་གིས་བརྗོད་པར་ལྟར་ན། ཕྱི་ལོ་༢༠༡༣ ནས་༢༠༡༦ བར་ཨོ་སི་ཀྲོ་ལི་ཡས་སྐྱབས་བཅོལ་བ་རྣམས་བཀག་ཉར་བྱེད་ཆེད་དུ་ཨ་སྒོར་འཐེར་འབུམ་༦.༦ བཏང་ཡོད་འདུག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཨོ་སི་ཀྲོ་ལི་ཡ་གཞུང་གིས་སྐྱབས་བཅོལ་བ་རྣམས་གནས་སྟངས་སྐྱོ་པོའི་འོག་བཀག་ཉར་བྱེད་པ་དང་། དེ་དག་གི་བདེ་སྡུག་ལ་སེམས་ཁུར་བྱེད་ཀྱི་མེད་པའི་སྐྱོན་བརྗོད་བྱེད་མྱོང་འདུག གླིང་ཕྲན་ཁག་ཏུ་བཀག་ཉར་འོག་ཡོད་པའི་སྐྱབས་བཅོལ་བ་བརྒྱ་ཆ་༨༠ ཙམ་ལ་སེམས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་། སེམས་ཁམས་ཀྱི་དཀའ་ངལ་སེལ་ཆེད་ཀྱི་སྨན་པའམ་ལམ་སྟོན་པའི་ཆ་རྐྱེན་མེད་འདུག

ཟླ་༢ པའི་ནང་གླིང་ཕྲན་མཱ་ནུ་སིར་བཀག་ཉར་འོག་ཡོད་པའི་ཨི་རན་གྱི་གསར་འགོད་པ་བྷུ་ཆ་ནཱི་ཡིས་བྲིས་པའི་དེབ་ རི་བོའི་ཁྲོད་དུ་གྲོགས་མེད་ཁེར་རྐྱང་། མཱ་ནུ་སི་བཙོན་ཁང་ནས་ཟིན་བྲིས་ཞེས་པ་དེར། ཨོ་སི་ཀྲོ་ལི་ཡའི་རྩོམ་རིག་བྱ་དགའ་ཆེ་ཤོས་( Victorian Prize for Literature) ཐོབ་པ་དང་། བྱ་དགའ་དེར་ཨ་སྒོར་༧༣,༠༠༠ ཡོད་འདུག དེ་དང་མཉམ་དུ་བྱ་དགའ་ཨ་སྒོར་༡༨, ༠༠༠ ཡོད་པའི་བརྩམས་སྒྲུང་མ་ཡིན་པའི་རྩོམ་ཡིག་རྩེ་ཕུད་ཀྱི་བྱ་དགའ་ཡང་ཐོབ་ཡོད་པ་རེད་དེ། ཁོང་བཀག་ཉར་འོག་ཡོད་པས་བྱ་དགའ་ལེན་པ་སླེབས་ཐུབ་མེད་ཁར། ཁོང་གིས་བརྒྱུད་ལམ་ཁག་ཏུ་ ཁོང་གི་ཉེ་འཁོར་དུ་ད་དུང་ཡང་ཉེས་མེད་མི་མང་པོ་ཞིག་སྡུག་བསྔལ་མྱངས་བཞིན་ཡོད་པ་མཐོང་གི་ཡོད་པས། བྱ་དགའ་དེ་གཉིས་ཐོབ་པར་རྟེན་འབྲེལ་བྱེད་འདོད་མེད་པ་དང་། ཁོང་ཚོས་ཁྲིམས་འགལ་ལས་ཀ་གང་ཡང་བྱས་མེད་ཁར། སྐྱབས་བཅོལ་ཞུ་ཡི་ཡོད་པས། རང་དབང་སྤྲོད་རོགས་ཞེས་བརྗོད་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།