ཨོ་སི་ཀྲོ་ལི་ཡར་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་འདུག
ཟླ་༡༡ པའི་ཚེས་ ༢༡ ཉིན་བོད་མི་ཚོས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་གིས། ༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་རྒྱ་ནག་གཞུང་གི་ཐེ་བྱུས་མི་ཡོང་སླད། ཨོ་སི་ཀྲོ་ལི་ཡ་གཞུང་ནས་སྲིད་བྱུས་གཏན་འབེབས་གནང་སྐྱོང་ཡོང་བའི་རེ་འབོད་ཞུས་ཡོད་འདུག
དེ་ཡང་ཨོ་སི་ཀྲོ་ལི་ཡ་བོད་དོན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བོད་དོན་ཞུ་གཏུག་ཉིན་མོ་ཐེངས་བཅུ་གཅིག་པའི་ནང་། ཨོ་སི་ཀྲོ་ལི་ཡའི་བོད་ཕྲུག་གྲངས་ ༡༥ ཡིས་རྒྱལ་ཁབ་དེའི་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་གོང་འོག་གི་འཐུས་མི་ ༣༠ ལ་ཉེ་བར་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་འདུག
གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེ་ནིཊ་ར་ཧིས་ (Janet Rice) ཀྱིས་གྲོས་ཚོགས་སུ་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་དང་། ཕྱོགས་བཞུགས་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ཀྱིས་གཙོས་བོད་མིའི་སྐུ་ཚབ་རྣམས་ལ་ཆེ་མཐོང་ངོས་འཛིན་གནང་བ་དང་སྦྲགས། བོད་མིའི་སྐུ་ཚབ་རྣམས་ཀྱིས་ཆབ་སྲིད་ཚོགས་པ་རིས་མེད་ཀྱི་གྲོས་ཚོགས་འཐུས་མི་དང་མཇལ་ནས་བོད་ནང་ཞི་བདེ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་ཆེད་ཞུ་གཏུག་གནང་བས་ཉིན་མོ་དེ་ནི་ཧ་ཅང་གལ་གནད་ཆེ་བའི་ཉིན་མོ་ཆགས་ཡོད་ཅེས་གསུངས་པ་མ་ཟད། བོད་མིའི་སྐུ་ཚབ་རྣམས་ཀྱི་ཞུས་དོན་ལྟར་ཁོང་མོས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་གནས་སྟངས་ལ་ཐུགས་འཚབ་བསྟན་པ་མ་ཟད། ལྷག་པར་༸གོང་ས་མཆོག་གི་ཡང་སྲིད་གནད་དོན་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་སྲིད་སྐོར་། ད་ཆ་༸པཎ་ཆེན་རིན་པོ་ཆེ་དགུང་ལོ་ ༣༠ ལྷག་སོན་ཟིན་པ་རེད། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་དང་། རིག་གཞུང་། ནང་དོན་རིག་པ་ཉེན་ཁའི་གནས་སུ་ལྷུང་ཡོད། ༸གོང་ས་ཏཱ་ལའི་བླ་མའི་སྐུ་པར་ཁྱེར་བའམ་ཉར་བ་ཙམ་གྱིས་ཚེ་བཙོན་སོགས་ཉེས་ཆད་ལྕི་པོ་འགེལ་གྱི་ཡོད་པ་རེད་ཅེས་དང་། ཨོ་སི་ཀྲོ་ལི་ཡ་གཞུང་ངོས་ནས་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ལ་ཐེ་བྱུས་བྱ་ཐབས་གང་བརྩམས་པ་དེར་དགག་པ་གནང་དགོས་ཞིང་། བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་གཞིར་བཟུང་ངོས་འཛིན་ཞུས་པའི་ཏཱ་ལའི་བླ་མ་ཁོ་ནར་ངོས་འཛིན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་དང་འབྲེལ་ནས་དེ་རིང་ངས་གྲོས་གཞི་ཞིག་བཏོན་ཡོད་ལ། དེ་ཉིད་ངས་མུ་མཐུད་གྲོས་ཚོགས་འདི་རུ་ཐབས་ལམ་ཇི་ཡོད་ཀྱི་སྒོ་ནས་གླེང་སློང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག
༸གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་འགོག་ཐབས་སུ། ཨོ་སི་ཀྲོ་ལི་ཡ་ཁུལ་གྱི་མི་མང་སྟོང་ཕྲག་གཅིག་ལྷག་གིས་མཚན་རྟགས་བཀོད་དེ། བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་གཞིར་བཟུང་ངོས་འཛིན་ཞུས་པའི་ཏཱ་ལའི་བླ་མ་ཁོ་ན་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུ་དགོས་པའི་འབོད་སྐུལ་གནང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།