བྱང་ཨ་རིའི་རྒྱ་བོད་མཛའ་འབྲེལ་གྱི་གསང་གནས།
རྒྱ་བོད་མཛའ་འབྲེལ་སྐོར་གླེང་སྐབས་ཕྱི་ལོ་༢༠༠༨ མི་བཤད་ཀ་མེད་ཡིན། སྐབས་དེར་བོད་ཁམས་ཡོངས་སུ་བྱུང་བའི་ཞི་རྒོལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ཀྱང་། རྒྱ་རིགས་མི་ཉུང་བ་ཞིག་ཁོང་ཁྲོ་ལངས་ཏེ།
རྩོམ། ཀྲུའུ་རུན། ལོ་ཙཱ་བ། ཏྲེ་ཧོར་ཐུབ་བསྟན།
རྒྱ་བོད་མཛའ་འབྲེལ་སྐོར་གླེང་སྐབས་ཕྱི་ལོ་༢༠༠༨ མི་བཤད་ཀ་མེད་ཡིན། སྐབས་དེར་བོད་ཁམས་ཡོངས་སུ་བྱུང་བའི་ཞི་རྒོལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ཀྱང་། རྒྱ་རིགས་མི་ཉུང་བ་ཞིག་ཁོང་ཁྲོ་ལངས་ཏེ། གོ་ནོར་དང་འགྲེལ་ལོག་རིགས་སྣ་ཚོགས་ཀྱིས་མང་ཚོགས་མགོ་སྐོར་བཏང་ཡོད། དེའི་ནང་རྒྱ་དམར་གྱི་འདྲེ་ལག་བརྐྱངས་ཡོད་པ་ཐེ་ཚོམ་མེད་ཀྱང་། ཡོད་ཚད་རྒྱ་དམར་གྱི་སྟེང་དུ་གཡུགས་ན་ཅུང་ལས་སླ་དྲག་པ་ཡིན། དྲང་པོར་བཤད་ན། རྒྱ་དམར་གྱིས་རྒྱ་མིར་གནའ་ནས་ཡོད་པའི་“གཅིག་གྱུར་ཆེན་མོའི་” ཕུགས་བསམ་དང་མི་རིགས་གཞན་ལ་ལྟ་བའི་མཆོག་འཛིན་གྱི་བསམ་བློ་བེད་སྤྱད་དེ། ཁོང་ཚོའི་བོད་ནང་གི་ནག་ཉེས་འགེབ་ཐབས་བྱས་ཡོད། དེར་བརྟེན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་བབ་དང་བསྟུན་པའི་དམངས་ཁྲོད་ཀྱི་རྒྱ་བོད་མཛའ་འབྲེལ་དགོས་ངེས་གསལ་སྟོན་གནང་།
གནས་སྐབས་དང་ཕུགས་རྒྱང་རིང་པོའི་ཕྱོགས་གང་ནས་བལྟས་པ་ཡིན་ནའང་། འདི་ནི་ཧ་ཅང་རྣམ་དཔྱོད་ལྡན་པའི་ཐབས་ཇུས་ཤིག་རེད། སྐབས་དེར་བོད་རྒྱའི་མཐོ་རིམ་འབྲེལ་མོལ་འཆི་ལ་ཉེ་བའི་དུས་སུ་སླེབས། གལ་སྲིད་བོད་རྒྱའི་དམངས་ཁྲོད་ཀྱི་མཛའ་འབྲེལ་སྒོ་ཕྱེས་པ་ཡིན་ན། རྒྱ་ནག་མང་ཚོགས་ཀྱིས་འདས་པའི་ལོ་ང་བཅུའི་རིང་བོད་མི་རིགས་ལ་བཙན་གནོན་དང་། མིང་རྗེས་ངན་པ་བཟོས་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་ཏེ། རྒྱ་གཞུང་གིས་ལོ་མང་རིང་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་རྣམས་རྫུན་མ་དང་མགོ་སྐོར་ཡིན་པ་གསལ་པོར་མཐོང་ཐུབ། རྒྱ་ནག་སྲིད་གཞུང་དེ་ལས་ཀྱང་ངོ་ཚ་ཁ་སྐྱེེངས་ཆགས་ངེས་པ་མ་ཟད། མ་འོངས་པར་བོད་དོན་ལ་བཟང་ཕྱོགས་ཀྱི་མཐུན་རྐྱེན་ཞིག་ཏུའང་འགྱུར་སྲིད།
དེའི་ཕྱིར། བཙན་བྱོལ་བོད་གཞུང་གིས་དཀའ་སྤྱད་འབད་འབུངས་ལ་བརྟེན་ནས་ཕྱིར་འདོན་བྱས་པའི་མ་དངུལ་གྱིས། བྱང་ཨ་མེ་རི་ཁ་རུ་རྒྱ་བོད་མཛའ་འབྲེལ་ཚོགས་ཆེན་ཐེངས་གསུམ་འཚོགས། ༢༠༠༩ ལོའི་ཨ་རིའི་ཝན་ཁི་ཝ་ཡི་རྒྱ་བོད་མཛའ་འབྲེལ་ཚོགས་འདུ་དང་། ༢༠༡༠ ལོའི་ཊོ་རོན་ཊོ་རྒྱ་བོད་མཛའ་འབྲེལ། ༢༠༡༡ ལོར་ཝ་ཤིང་ཌོན་དུ་རྒྱ་བོད་མཛའ་འབྲེལ་འཚོགས་པ་དང་དུས་མཚུངས། གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་གསེར་ལྟར་དཀོན་པའི་དུས་ཚོད་བཏོན་ནས་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་གནང་ཡོད།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་རྒྱ་རིགས་འབྲེལ་མཐུད་པས་ཚོགས་འདུ་ཐེངས་གསུམ་གྱི་གོ་སྒྲིག་གི་དབང་ཆ་ཡོངས་རྫོགས་དམངས་གཙོ་དོན་གཉེར་བ་ཁ་ཤས་ཀྱི་ལག་ཏུ་བཞག་པ་དང་། ཚོགས་འདུ་གསུམ་ཀ་མི་གཅིག་གིས་གཙོ་སྐྱོང་བྱས། ཚོགས་ཞུགས་པ་གཙོ་གྲས་སྔ་རྗེས་སུ་གཅིག་མཚུངས་ཡིན་པ་མ་ཟད། བོད་དོན་དང་འབྲེལ་བ་མེད་པའི་མངོན་གསལ་དོགས་གཞི་ཅན་གྱི་མི་སྣ་ཁ་ཤས་ཀྱང་བྱང་ཨ་རིའི་རྒྱ་བོད་མཛའ་འབྲེལ་ཐོག་སྐད་བཏང་སྟེ། སྡོད་ས་དང་ཁ་ལག གནམ་གྲུའི་འཛིན་བྱང་ཆ་ཚང་རིན་མེད་སྤྲད་ཡོད་ཀྱང་། མི་དེ་དག་གི་ཁྲོད་དུ་བོད་དོན་སྐོར་རྩོམ་ཡིག་སྤེལ་བ་དང་སྐད་ཆ་བཤད་མྱོང་མཁན་ཧ་ཅང་དཀོན། ཐ་ན་ཁ་ཤས་ཀྱིས་ཚིག་གཅིག་ཀྱང་བྲིས་མྱོང་མེད། དེའི་ཁྲོད་ཀྱི་མི་ཁ་ཤས་ཤིག་གཅིག་གིས་གཅིག་བསྟོད་རྒྱུར་ཧ་ཅང་དགའ་བ་དང་། དཔུང་བསྒྲིགས་ཏེ་བསམ་ཚུལ་མི་མཐུན་པ་དང་སྐྱོན་བརྗོད་བྱེད་མཁན་ལ་མཉམ་རུབ་ཐོག གཅིག་རྒྱབ་གཅིག་ལངས་ཀྱིས་ཆོད་སེམས་བརྟན་པ་དང་ལྷག་བསམ་དཀར་བའི་རྣམ་འགྱུར་སྟོན། གལ་གནད་ཆེ་བའི་རྒྱ་བོད་མཛའ་འབྲེལ་ནི་མགོ་བཀྱག་ས་ཞིག་དང་། འཇོན་མདོག་སྟོན་ས། ཁེ་བཟང་རྩོད་ས། གྲོགས་པོ་རྙིང་པ་ལྷན་དུ་འཛོམས་ཏེ་སྡེར་ཁ་བཤམས་ས་ལྟ་བུ་ཞིག་ཏུ་གྱུར།
ཚོགས་ཞུགས་པ་རྣམས་ལ་མིང་སྙན་པོ་མང་པོ་ཞིག་ཀྱང་ཕུལ་ཡོད་པ་དཔེར་ན། རྒྱ་རིགས་ཤེས་ཡོན་པ་དང་རྒྱ་རིགས་རྩོམ་པ་པོ། རྒྱ་རིགས་མཁས་དབང་ཞེས་པ་ལྟ་བུ་རེད། དོན་དངོས་སུ་ཁོང་ཚོ་ཁ་ཤས་ཤིག་རྒྱ་རིགས་སྤྱི་ཚོགས་ནང་ཤུགས་རྐྱེན་དང་གྲག་འགུལ་ཅི་ཡང་མེད་པའམ། ཤོག་ཁག་ཆུང་ངུའི་ཕྱོགས་གཏོགས་ཙམ་ཡིན། ད་དུང་ཁ་ཤས་ཀྱིས་མང་གཙོ་ཁ་ལ་ཁྱེར་ནས། མང་གཙོ་དོན་གཉེར་བའི་མཚན་སྙན་ཐོབ་ཀྱང་། དུས་རྒྱུན་རྒྱ་ནག་སྐམ་སར་འགྲོ་ཐུབ་པ་དང་། བོད་དོན་ཐོག་ཕྱི་ཚུལ་གྱི་འབོད་ཚིག་རེ་བསྒྲགས་ཁུལ་བྱས་ནའང་རྒྱ་དམར་སྲིད་གཞུང་ལ་དོ་ཕོག་མི་འགྲོ་བ་མ་ཟད། ཐ་ན་བཀའ་བཀོད་ལྟར་མང་ཚོགས་ཀྱི་གླེང་ཕྱོགས་སླུ་བྲིད་ཆེད་བེད་སྤྱད་དེ། ཁོང་ཚོས་གླེང་སྟེགས་ཀྱི་མདུན་དུ་འཁྲབ་སྟོན་བྱས་པ་དང་། རྒྱ་ནག་གཞུང་རྒྱབ་ནས་ལྐོག་ཏུ་གད་མོ་ཤོར་བཞིན་ཡོད་ངེས།
ཚོགས་འདུ་དེ་དག་གིས་རྒྱ་བོད་མཛའ་འབྲེལ་དང་བོད་དོན་ངོ་མ་རྒྱ་རིགས་མང་ཚོགས་དང་ཁ་ཐག་རིང་དུ་བཏང་བ་གཅིག་པུ་མིན་པར། ཚོགས་འདུའི་བརྗོད་གཞི་ཡང་ཁ་གསལ་ཁྱོན་ནས་མེད། དཔེར་ན། ཐེངས་དང་པོའི་ཝན་ཁི་ཝ་ཡི་རྒྱ་བོད་མཛའ་འབྲེལ་སྐབས་ཀྱི་བརྗོད་གཞིའི་ཁ་བྱང་ལ་“བྱམས་བརྩེ་དང་བརྩི་བཀུར་”ཟེར། ཐེངས་གཉིས་པ་ཊོ་རོན་ཊོ་ཡི་རྒྱ་བོད་མཛའ་འབྲེལ་སྐབས་ལའང་སྔར་བཞིན་“བྱམས་བརྩེ་དང་བརྩི་བཀུར་” རེད། བརྗོད་གཞི་གཅིག་པུ་བསྐྱར་ཟློས་བྱས་པ་ཙམ་མ་ཡིན་པར་ནང་དོན་གྱི་ཆ་ནས་ཀྱང་། ང་ཚུད་པའི་ལྟ་ཞིབ་པ་ཞིག་གི་ངོས་ནས་བཤད་ན། ཅི་ཞིག་བཤད་ཀྱི་ཡོད་མེད་མ་ཤེས། དྲང་པོར་བཤད་ན། ཚོགས་འདུ་དེའི་ཐོག་ནས་ཐ་ན་བོད་དོན་གྱི་ཕྱི་པགས་ཙམ་ལ་ཡང་འཇུ་ཐུབ་མ་སོང་། དེ་ལྟར་ནའང་དེ་རིང་ངས་འདིར་གཙོ་གནད་དུ་གླེང་འདོད་པ་ནི་ཝ་ཤིང་ཌོན་གྱི་རྒྱ་བོད་མཛའ་འབྲེལ་ཐེངས་གསུམ་པའི་སྟེང་གི་གནད་དོན་ཡིན།
རྩ་བའི་བརྗོད་གཞི་“རྒྱ་ནག་གི་མང་གཙོ་དང་མ་འོངས་པའི་བོད” ཅེས་པ་ཙམ་གྱི་ཐོག་ནས་ཀྱང་མཐོང་ཐུབ་པ་ནི། འདི་ནི་འདྲ་མཉམ་གྱི་མཛའ་འབྲེལ་ཞིག་མ་ཡིན་པར། བོད་ཀྱི་མ་འོངས་པ་དང་རྒྱ་ནག་གི་མང་གཙོ་གཉིས་མཉམ་དུ་བསྲེས་འདུག སྐད་ཆ་ཁ་བསྒྱུར་ནས་བཤད་ན། བོད་ཀྱི་གནད་དོན་དེ་ཐོག་མར་རྒྱ་ནག་དང་རྗེས་སུ་བོད་ཡིན་པའི་སྒྲོམ་གཞི་ཞིག་གི་ནང་དུ་བཅུག་ཡོད། དེའི་ཤུགས་བསྟན་གྱི་ཚིག་དོན་ནི། རྒྱ་ནག་མང་གཙོ་མ་ཆགས་ན། བོད་ཀྱི་གནད་དོན་མ་གླེང་ན་ཆོག་པ་དང་། རྒྱ་ནག་མང་གཙོ་ཆགས་ན། བོད་ཀྱི་གནད་དོན་རང་བཞིན་གྱིས་ཐག་ཆོད་འགྲོ་ཞིང་། གླེང་དགོས་དོན་མེད། བསམ་བློ་ཞིབ་ཏུ་གཏོང་ན་འདི་དང་རྒྱ་དམར་གྱིས་བོད་དོན་ཁས་མི་ལེན་པ་དང་། བོད་ཀྱི་གནད་དོན་ལས་གཡོལ་ཐབས་བྱེད་པའི་བར་ལ་འདྲ་མཚུངས་ཀྱི་ཆ་ཞིག་མི་འདུག་གམ།
ངས་སྐད་ཆ་ཚིག་གཅིག་འདྲི་འདོད། ཐག་རིང་ས་ནས་མི་བཤད། ༢༠༠༨ ལོ་ནས་ད་ལྟའི་བར། བོད་མི་སྟོང་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་ཏེ་ད་ལྟའི་བར་ཁོང་ཚོའི་གནས་སྟངས་ཤེས་རྟོགས་མེད། ཅིའི་ཕྱིར་བོད་མིའི་གནད་དོན་གླེང་སྐབས་མཐའ་གཅིག་ཏུ་རྒྱ་ནག་གི་མིའི་རྗེས་སུ་འཇོག་དགོས་པ་རེད། འོ་ན། ཁོང་ཚོ་མི་རིགས་གཞན་པ་ཡིན་པའི་རྒྱུ་མཚན་ཡིན་ནམ་གྲངས་ཉུང་བས་ཡིན། ཡང་ན་ཁོང་ཚོའི་སྐད་སྒྲ་ལ་སྟོབས་ཤུགས་འདང་ངེས་ཤིག་མེད་པས་ཡིན། གལ་ཏེ་རྒྱ་ནག་མང་གཙོ་རུ་གྱུར་པའི་རྗེས་ད་གཟོད་བོད་དོན་གླེང་དགོས་པ་ཡིན་ན། ད་ལྟའི་རྒྱ་བོད་མཛའ་འབྲེལ་གྱི་ཚོགས་འདུ་འདི་འཚོགས་དགོས་པའི་རྒྱུ་མཚན་ག་ཚོད་ཅིག་ཡོད་དམ། ཡང་ན་ཤུགས་བསྟན་གྱི་ཚིག་དོན་དེ། བོད་མི་ཚོ་ཐོག་མར་རྒྱ་ནག་གི་མང་གཙོའི་ལས་འགུལ་ནང་ཞུགས་ན་ད་གཟོད་རེ་བ་ཡོད་པའི་དོན་ཡིན་ནམ། དེ་ལས་ཀྱང་ཡ་མཚན་པ་ཞིག་ནི། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱ་རིགས་ཆེན་པོའི་མི་རིགས་རིང་ལུགས་ཀྱི་ཁེངས་དྲེགས་དང་མི་མཐུན་པའི་བསམ་ཚུལ་གྱི་སྐད་ཆ་ཡོད་ཚད། རྗེས་སུ་དྲ་ཉུལ་བྱེད་སྐབས་གོ་སྒྲིག་པས་དྲ་ཐོག་ནས་བསུབ་ཟིན་པ་ལས་ཀྱང་། འདི་ནི་དངོས་གནས་དྲང་གནས་ཀྱི་མཛའ་འབྲེལ་ཞིག་མིན་པ་མཐོང་ཐུབ་ཅིང་། རྩ་བའི་བརྗོད་གཞི་ལ་བརྟེན་ནས་ཚགས་རྒྱག་པ་ལྟ་བུའི་མི་དབྱེ་འབྱེད་ཀྱི་ཞིབ་བཤེར་ཞིག་རེད། ངེས་པར་ཞིབ་འཇུག་བྱེད་དགོས་པ་ཞིག་ནི། འདི་ལྟ་བུའི་“མཛའ་འབྲེལ་”ཞེས་འབོད་པ་དེ། ཡང་སྙིང་གོ་སྒྲིག་པའི་ཕྱོགས་ཀྱི་བསམ་ཚུལ་ཡིན་ནམ། ཡང་ན་ཤོག་ཁག་ཆུང་ངུ་ཕྱོགས་འཐེན་གྱི་གཡོ་སྒྱུའི་ནག་ཚོང་ཞིག་རེད།
རྒྱ་མི་དང་བོད་མི་སུ་ཡིན་ཡང་། མིག་མདུན་གྱི་གལ་གནད་ཆེ་ཤོས་རྒྱ་དམར་གཞུང་ལ་ངོ་རྒོལ་བྱེད་རྒྱུ་དེ་རེད། འོན་ཀྱང་། བོད་མིའི་རྒྱ་དམར་ལ་ངོ་རྒོལ་ནི་ལོ་རྒྱུས་བསྐྱར་གསོའི་ཆེད་དང་། མི་སེར་སྤེལ་བའི་དབང་བསྒྱུར་མཇུག་བསྡུ་བའི་ཆེད། བོད་ལ་བསྐྱར་དུ་རང་དབང་ཐོབ་པའི་ཕྱིར་རེད། རྒྱ་མིས་རྒྱ་དམར་གུང་ཁྲན་ལ་ངོ་རྒོལ་བྱེད་པ་ཡང་། གུང་ཁྲན་ཏང་གི་སྲིད་དབང་མགོ་རྟིང་སློག་ཏེ། རྒྱ་ནག་ལ་དམངས་གཙོ་མངོན་འགྱུར་ཡོང་བའི་ཆེད་ཡིན། སྤྱིར་གཉིས་ཀས་རྒྱ་དམར་གཞུང་ལ་ངོ་རྒོལ་བྱེད་པ་གཅིག་མཚུངས་ཡིན་ཡང་། དམིགས་ཡུལ་གཏན་ནས་མི་འདྲ། མཉམ་འབྲེལ་བྱེད་ཆོག་མོད། ཡིན་ནའང་ངེས་པར་དུ་ཆ་རྐྱེན་ཡོད་པའི་མཉམ་འབྲེལ་ཡིན་དགོས། དེའི་ཆ་རྐྱེན་ཐོག་མར་རྒྱ་ནག་མང་གཙོ་དང་དེའི་རྗེས་བོད་རང་དབང་རྩ་བ་ནས་ཡིན་མི་འོས། དེ་ལྟར་མིན་ཚེ། བོད་མིས་“དམངས་གཙོའི་ལས་འགུལ་”གྱི་མིང་བྱང་ཙམ་འཕྱར་བའི་རྒྱབ་ཏུ་གཟུགས་བརྙན་སྣ་ཚོགས་པའི་ཤིང་རྟ་ལ་གཞོན་པ་ཡིན་ཞིང་། དམངས་གཙོའི་དམིགས་ཡུལ་གྱི་སར་འབྱོར་བའི་ངེས་པ་གཏན་ནས་མེད་པར། བོད་རང་དབང་གི་དམིགས་ཡུལ་དང་ཁ་ཐག་ཇེ་རིང་དུ་གྱུར་ཏེ། ཐ་ན་རེ་བ་སྣེ་གཅིག་ཀྱང་འགྲུབ་མི་སྲིད་པ་ཞིག་ཡིན།
དེ་བཞིན་བོད་རྒྱ་ཚོགས་ཞུགས་མི་སྣའི་གྲངས་ཀ་ལ་ཧེ་བག་ཆེན་པོ་ཡོད། ཚོགས་ཞུགས་པ་༡༤༠ ཡི་ནང་དུ་བོད་མི་༢༠ མ་ཟིན་ཙམ་ལས་མེད་པ་དང་། སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་༡༤་༣ ཙམ་རེད། གཏམ་བཤད་སྤེལ་མཁན་༤༠ ཡི་ནང་། གལ་ཏེ་བོད་མིའི་མཐོ་རིམ་མི་སྣ་བློ་བཟང་སེང་གེ་དང་རྒྱ་རི་བློ་གྲོས་གཉིས་མ་རྩིས་ན། བོད་མི་གཏམ་བཤད་སྤེལ་མཁན་མི་༣ ཁོ་ན་ལས་མེད་པར། བོད་མི་ནི་མཛེས་རྒྱན་ཙམ་དུ་གྱུར།
ཡང་གཅིག་བཤད་ན། བོད་མིའི་ཁེ་ཕན་ལ་དོན་དམ་གྱི་སེམས་ཁུར་མི་བྱེད་པར། གནད་དོན་ཆེན་པོ་ཟུར་དུ་བཞག་སྟེ་ཆུང་ཆུང་ཞིག་ལ་འཐམ་པ་དཔེར་ན། ད་ལྟའི་བོད་ཀྱི་རང་བྱུང་ཁོར་ཡུག་ཚབས་ཆེའི་གཏོར་བཤིག་དང་། བོད་ཀྱི་ཐོན་ཁུངས་ལ་སྔར་བྱུང་མ་མྱོང་པའི་འཕྲོག་བཅོམ་སོགས་ཀྱི་གནད་དོན་ལ་དོ་དམ་གྱི་གོ་བསྡུར་ཞིག་བྱས་མེད། འོད་ཟེར་(བོད་ཀྱི་བུད་མེད་རྩོམ་པ་པོ་) གྱི་ཡིག་ཐོག་གི་གཏམ་བཤད། ཐོག་ཏུ་འབབ་ལ་ཉེ་བའི་གནད་དོན་སྐོར་གྱི་འབོད་སྐུལ། ༼གནས་རི་དང་བླ་མཚོ་བེད་སྤྱོད་པའི་གོང་སྤེལ་མཚམས་འཇོག་རོགས་༽ ཞེས་པ་ཐ་ན་མིང་ཙམ་ཡང་གླེང་མེད་ཅིང་། རྒྱུ་མཚན་མེད་པར་ནུས་མེད་དུ་གྱུར། ཉེ་བའི་ལོ་ཤས་རིང་མི་བརྒྱ་ཕྲག་མང་པོ་བསད་པ་དང་སྟོང་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་པའི་བོད་མི་རྩོམ་པ་པོ་དང་། ཤེས་ཡོན་ཅན། སྤྱིར་བཏང་གི་མི་དཀྱུས་མའི་ཡ་ང་བའི་གནས་སྟངས་སྐོར་ལ་བགྲོ་གླེང་བྱས་མེེད་ལ། ཆོས་ལུགས་རང་དབང་གི་འཁྲབ་སྟོན་རྫུན་མའི་འོག་བོད་ཀྱི་དགོན་སྡེ་ཁག་དང་། ལྷག་པར་དུ་རྔ་པའི་ས་ཁུལ་གྱི་ཀིརྟི་དགོན་པར་སྐབས་དེར་འཕྲད་པའི་རྐྱེན་ངན་དང་དངོས་སུ་བྱུང་བཞིན་པའི་རང་སྲེག་སྐོར་ལའང་བགྲོ་གླེང་བྱུང་མེད།
མཐའ་མཇུག་ཏུ་ད་དུང་བཤད་འདོད་པ་ཞིག་ནི། རྒྱ་བོད་མཛའ་འབྲེལ་སྔ་མོ་ནས་ཡོད་ཀྱང་། ༢༠༠༨ ལོར་བོད་ཁམས་ཡོངས་སུ་ཞི་རྒོལ་བྱུང་བའི་རྗེས། རྒྱ་བོད་མཛའ་འབྲེལ་གྱི་གོ་སྒྲིག་པ་དང་ཚོགས་ཞུགས་པར་གློ་བུར་དུ་འཕོ་འགྱུར་ཆེན་པོ་སོང་སྟེ། དེའི་རྗེས་ཀྱི་ལས་དོན་དེ་རྒྱ་བོད་མཛའ་འབྲེལ་དང་བོད་དོན་ལ་འབྲེལ་བ་མེད་པའི་མིའི་ལག་ཏུ་ཤོར། དེའི་སྐོར་དྲ་ཐོག་ཏུ་འཚོལ་ཞིབ་བྱེད་ནའང་གསལ་པོ་ཤེས་ཐུབ། བསྐྱར་དུ་ངས་མི་བཤད་ཐབས་མེད་ཅིག་ནི། ཝན་ཁི་ཝ་ཡི་རྒྱ་བོད་མཛའ་འབྲེལ་ཚོགས་འདུ་དང་། ཊོ་རོན་ཊོ་ཡི་རྒྱ་བོད་མཛའ་འབྲེལ་། ཐེངས་འདིའི་ཝ་ཤིང་ཌོན་གྱི་རྒྱ་བོད་མཛའ་འབྲེལ་གྱི་གོ་སྒྲིག་པ་དོན་དངོས་སུ་དངོས་ཤུགས་རྒྱུད་གསུམ་ནས་དམངས་གཙོའི་ལས་འགུལ་བ་མི་གཅིག་ཡིན། མི་དེར་གོ་གནས་འདི་ཁུར་བའི་ཐོབ་ཐང་ཅི་ཞིག་ཡོད་དམ་ཞེ་ན། དྲི་བ་དེར་ཡོངས་གྲགས་ཀྱི་བཤད་སྟངས་གཅིག་ཀྱང་མེད་པར། ད་ལྟའི་བར་གསང་བ་ཞིག་ཏུ་གྱུར་ཡོད།
རྒྱ་བོད་མཛའ་འབྲེལ་ཚོགས་འདུ་ཐེངས་གསུམ་ལ་ཕྱིར་མིག་ཅིག་བལྟས་ན། སྐད་ཆ་དྲང་པོ་བཤད་འདོད་མཁན་མང་པོ་ཞིག་ཡོད་པ་མཐོང་།བོད་དོན་ལ་ཞིབ་འཇུག་གི་ཆུ་ཚད་ཡོད་མཁན་དང་། རྩོམ་ཡིག་སྤེལ་མྱོང་མཁན། གཏམ་བཤད་ཀྱི་ནུས་པ་ཡོད་མཁན་སོགས་ལ་ཚད་བཀག་བཟོས་ཏེ་གོ་སྐབས་སྤྲད་མེད། བོད་དོན་ལ་དོ་སྣང་ཡོད་མཁན་དང་དངོས་ཡོད་གནས་ཚུལ་ཤེས་འདོད་མཁན་གྱི་མི་ཧ་ཅང་མང་པོ་ཞིག་ལ། འདི་ལྟ་བུའི་ལས་འགུལ་གྱི་གོ་སྒྲིག་དང་མི་མང་གི་ཡིད་ཆེས་ལ་དོགས་པ་སྐྱེས་སུ་བཅུག་པ་མ་ཟད། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་འཛིན་སྐྱོང་སྡེ་ཁག་ལ་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་ཏེ། བཙན་བྱོལ་གཞུང་གིས་དངོས་ཡོད་ཀྱི་ལས་ཀ་བྱེད་མི་འདོད་པར། ངོ་སོ་ཙམ་གྱི་ཆེད་དུ་སྣེ་ཁྲིད་པ་དང་། འདིའི་ཐད་ཐ་ན་རྒྱ་དམར་གུང་ཁྲན་གཞུང་དང་འདྲ་བའི་ཆ་འདུག་སྙམ་སྲིད་པ་ཞིག་ཡིན། བཙན་བྱོལ་གཞུང་གི་མཚན་སྙན་ལའང་དགོས་ངེས་མེད་པའི་ཁ་གཏད་ཆགས་ཏེ། དོན་དངོས་ཐོག་བོད་དོན་རྒྱབ་སྐྱོར་བའི་དཔུང་ཁག་ཀྱང་ག་ལེར་ཆུང་དུ་འགྲོ་གཞིར་གྱུར་ཡོད།
དེ་ལས་ཀྱང་བཀྲ་མི་ཤེས་པ་ཞིག་ནི་བྱང་ཨ་རིའི་རྒྱ་བོད་མཛའ་འབྲེལ་གྱི་དོགས་གནས་ཡོད་ཚད་གོང་དུ་བརྗོད་པའི་མི་སྣ་དེས་ཧམ་བཟུང་ལ་བརྟེན་ནས། “རྒྱ་བོད་འབྲེལ་མོལ་ལ་གཏོར་བཤིག་”ཅེས་པ་དང་“རྒྱ་བོད་མཛའ་འབྲེལ་ལ་ངོ་རྒོལ་”སོགས་ཀྱི་མིང་རྗེས་ངན་པ་བཟོས་ཡོད། ད་དུང་ཐ་ན་ལྐོག་ནས་“ཉུལ་མ་”དང་“ཏཱ་ལའི་བླ་མ་ལ་ངོ་རྒོལ་”སོགས་ཀྱི་མིང་འདོགས་ཡོད་པ་མ་ཟད། རྩོམ་པ་པོ་ག་གེ་མོས་ཆེད་དུ་༼རྒྱ་བོད་མཛའ་འབྲེལ་ལ་གྲུབ་འབྲས་ཐོན་པ་༽ཟེར་བའི་རྩོམ་ཡིག་སྤེལ་ཏེ། གནད་དོན་མང་པོ་བྱུང་སའི་ཝ་ཤིང་ཌོན་གྱི་བོད་རྒྱ་མཛའ་འབྲེལ་ལ་ནུས་པ་སྤུངས་པ་དང་། བསམ་ཚུལ་མི་མཐུན་པ་བཀག་འགོག་བྱས་ཡོད།
ངོ་མ་རེད། བོད་མི་དང་རྒྱ་མིའི་མཛའ་འབྲེལ་ནི་ཤིན་ཏུ་དགོས་གལ་ཆེ་ཡང་། ངེས་པར་དུ་བོད་དོན་ལ་ལྷག་བསམ་རྣམ་དག་གིས་དོ་སྣང་བྱེད་མཁན་གྱི་རྒྱ་རིགས་མི་མང་དང་མཛའ་འབྲེལ་བྱེད་དགོས་པ་ལས། བརྗོད་དོན་དང་འབྲེལ་མེད་ཀྱི་མི་ཞིག་སོ་སོའི་ཤོག་ཁག་ཆུང་ངུའི་ནང་དུ་ཡར་འཐེན་པ་དང་། ཡང་ན་བོད་ཀྱི་རང་ཁྱིམ་རང་བདག་གི་ཐོབ་ཐང་ཙམ་ལའང་ངོས་ལེན་མ་བྱས་ཤིང་། ཐ་ན་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་“བོད་ཀྱི་གནད་དོན་ཉམས་ཞིབ་པ་”དང་། “ཆེད་མཁས་པ།” “རྩོམ་པ་པོ་”ཞེས་འབོད་པ་རྣམས་ཀྱིས་ཡང་དང་བསྐྱར་དུ་རྒྱ་བོད་མཛའ་འབྲེལ་གྱི་རྣམ་པ་ཙམ་བཤམས་ཏེ། ལོ་མང་རིང་གི་ལོ་རྒྱུས་ཡོད་པའི་རྒྱ་བོད་མཛའ་འབྲེལ་གྱི་ལས་འགུལ་དེ་རྒྱ་དམར་སྲིད་གཞུང་གིས་གོ་མེད་ཚོར་མེད་ངང་རྣམ་པ་མི་གསལ་བའི་མི་ཁ་ཤས་བརྒྱུད་ནས། རྒྱབ་མདུན་མཉམ་འབྲེལ་གྱི་ལོག་ལམ་དུ་ཁྲིད་པའི་གསང་ལམ་ཞིག་ཏུ་གྱུར།
གོང་དུ་བརྗོད་ཟིན་པའི་སྐད་ཆར་གཞིགས་ཏེ། ཞོར་དུ་ངས་འདིར་གུས་པ་ཆེན་པོའི་སྒོ་ནས་རྒྱ་བོད་མཛའ་འབྲེལ་གྱི་འགན་ཁུར་མི་སྣར། བསྐྱར་དུ་ཚོད་འཛིན་དང་ས་མཚམས་དབྱེ་འབྱེད་མ་གནང་ཞུ་རྒྱུ་ཡིན། གལ་སྲིད་མི་མཐུད་དུ་འདི་ལྟར་སོང་ན། བཙན་བྱོལ་གཞུང་གི་རེ་བ་ཆུད་ཟོས་དང་། བོད་མིའི་རྩ་ཆེའི་མ་དངུལ་འཕྲོ་བརླག ད་དུང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རྣམ་དཔྱོད་དང་དུས་ཚོད་སྟོང་ཟད་དུ་འགྱུར་བ་མ་ཟད། བོད་དོན་ཐད་མུ་གེའི་སྒང་ལ་ཟླ་ལྷག་ཆགས་སྲིད།།
རྒྱ་ཡིག་གི་མ་རྩོམ་ཡོང་ཁུངས་འོད་ཟེར་དྲ་བ་
http://woeser.middle-way.net/2014/07/blog-post_18.html