སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་གྲོལ་དགོས་པའི་ལས་འགུལ།
རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་འཇུ་བཟུང་བཙོན་འཇུག་བྱས་ཏེ་མི་ལོ་ཧྲིལ་པོ་༡༢ འཁོར་བའི་ཉིན་དྷ་སར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྟེང་། རིན་པོ་ཆེ་མཆོག་གི་ད་ལྟའི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་འཇུ་བཟུང་བཙོན་འཇུག་བྱས་ཏེ་མི་ལོ་ཧྲིལ་པོ་༡༢ འཁོར་བའི་ཉིན་དྷ་སར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྟེང་། རིན་པོ་ཆེ་མཆོག་གི་ད་ལྟའི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
ཕྱི་ཟླ་༤ པའི་ཚེས་༧ ཉིན་གྱི་སྔ་དྲོར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཞབས་ཞུ་ཚོགས་པའི་གོ་སྒྲིག་འོག རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་འཇུ་བཟུང་བཙོན་འཇུག་བྱས་ཏེ་མི་ལོ་ཧྲིལ་པོ་༡༢ འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་དང་བོད་མི་མང་སྤྱི་འཐུས་འཇམ་དབྱངས་བཟོད་པ། དེ་བཞིན་སྐུ་མགྲོན་གཙོ་བོ་རྒྱ་གཞུང་གི་བཙོན་འོག་ཏུ་མི་ལོ་༣༣ རིང་སྡུག་སྦྱོང་མནར་གཅོད་མྱངས་པའི་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་དང་། ལོ་༢༧ རིང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བརྟན་གཉིས་གཙོས་པའི་ཆབ་སྲིད་བཙོན་ཟུར་ཁག་ཅིག་གིས་“སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློད་གྲོལ་དགོས་”པའི་འཕྲེད་དར་བཟུང་སྟེ་ལས་འགུལ་དབུ་འཛུགས་གནང་སོང་།
ཐོག་མར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སློབ་མ་དང་སྤུན་མཆེད་དགེ་བཤེས་ཉི་མས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ད་ལྟའི་སྐུ་གཟུགས་གནས་སྟངས་དང་། རྒྱ་ནག་གཞུང་གིས་མ་ཉེས་ཁག་གཡོགས་འོག་འཇུ་བཟུང་བཙོན་འཇུག་བྱས་པའི་སྔ་ཕྱིའི་བརྒྱུད་རིམ་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་དོན། “ཕྱི་ལོ་༢༠༠༢ ལོའི་ཟླ་༤ པའི་ཚེས་༣ ཉིན་རྒྱ་ནག་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་འབར་རྫས་འགད་གཏོར་བྱུང་བའི་ངན་ཁག་དེ་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་གཡོགས་ཏེ། ༢༠༠༢ ལོའི་ཕྱི་ཟླ་༤ པའི་ཚེས་༧ ཉིན་དངོས་སུ་འཇུ་བཟུང་བྱས་ཡོད། ༢༠༠༢ ལོའི་ཕྱི་ཟླ་༡༢ པའི་ཚེས་༢ ཉིན་དར་རྩེ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རིན་པོ་ཆེ་མཆོག་ལ་གོང་གི་འབར་རྫས་འགད་གཏོར་དང་། མེས་རྒྱལ་ཁ་བྲལ་གྱི་ངན་སྐུལ་སོགས་གཞི་མེད་འཁྱོག་བཤད་སྣ་ཚོགས་བྱས་ཏེ། ཁོང་གི་སློབ་མ་བློ་བཟང་དོན་འགྲུབ་འཕྲལ་དུ་སྲོག་ཁྲིམས་དང་རིན་པོ་ཆེར་དུས་འགྱངས་སྲོག་ཁྲིམས་བཅད་པ་དེར། ཁོང་གི་གཉེན་ཉེ་དང་སློབ་མ་དག་གིས་ཁྲིམས་ཁང་གོང་མར་གཏུགས་བཤེར་བྱས་ཀྱང་ཕྱིར་ལོག་བྱས་ཡོད། ༢༠༠༥ ལོའི་ཕྱི་ཟླ་༡ པའི་ཚེས་༡༤ ཉིན་སྲོག་ཁྲིམས་དེ་ཚེ་བཙོན་ལ་བསྒྱུར་བ་མ་གཏོགས་ད་ལྟའི་བར་དུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད། རིན་པོ་ཆེ་འཇུ་བཟུང་བྱས་ནས་ད་ལྟའི་བར་གཉེན་ཉེ་ཐུག་འཕྲད་ཐེངས་བདུན་ཙམ་བྱུང་བའི་མཐའ་མ་༢༠༡༣ ལོའི་ཕྱི་ཟླ་༡༡ པའི་ཚེས་༦ ཉིན། ཁོང་གི་སྐུ་གཟུགས་གནས་སྟངས་སྔར་དང་མི་འདྲ་བར་ཧ་ཅང་ཛ་དྲག་ཏུ་གྱུར་ཏེ། བཀའ་མོལ་གནང་སྐབས་ལུས་ཡོངས་འདར་སིག་རྒྱག་པ་དང་། མཚམས་མཚམས་དྲན་མེད་དུ་བརྒྱལ་བ་སོགས་ཀྱི་སྙུན་གཞི་མངོན་སུམ་དུ་མཐོང་བཞིན་པ་འདི་དེར་མུར་ལུས་ན། སྐུ་ཚེ་ལ་བར་ཆད་འབྱུང་ལ་ཉེ་བའི་ཉེན་ཚབས་མ་བཟོད་ནས་གློད་གྲོལ་གྱི་ལས་འགུལ་འདི་འདྲ་ཞིག་མི་སྤེལ་ཐབས་མེད་བྱུང་”ཞེས་སོགས་གསུངས་པ་དང་སྦྲགས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞབས་ཞུ་ཚོགས་པས་དོན་ཚན་གསུམ་ཅན་གྱི་རིན་པོ་ཆེ་གློད་གྲོལ་དང་འབྲེལ་བའི་དགོས་འདུན་ཞིག་བཏོན་ཡོད་པ་གཤམ་གསལ་ལྟར།
གཅིག རིན་པོ་ཆེ་གང་མགྱོགས་བཙོན་ནས་གློད་གྲོལ་གྱིས་ཕྱི་རྒྱལ་ཡུལ་གྲུ་ཞིག་ཏུ་སྨན་བཅོས་ལ་གཏོང་བའམ། ཡང་ན་ཕ་ཡུལ་རང་དགོན་དུ་སྨན་བཅོས་ལ་ངེས་པར་གཏོང་དགོས།
གཉིས། དགོས་དོན་དང་དེ་ནར་འགྱངས་སུ་ལུས་ནས་རིན་པོ་ཆེ་ལ་གནས་ཚུལ་འདྲ་མིན་ལྷག་ན། རྒྱ་ནག་གཞུང་གིས་བོད་མི་སྤྱི་དང་ཞལ་སློབ་དུད་ཁྱིམ་སྟོང་ཕྲག་གི་བདེ་འཇགས་ལ་འགན་འཁུར་དགོས།
གསུམ། རིན་པོ་ཆེ་མཆོག་གློད་གྲོལ་གྱི་ཆེད་དུ་རྒྱབ་སྐྱོར་གནང་མཁན་ཚོས་དུས་དྲན་གྱི་གཏམ་བཤད་ཙམ་གྱི་ངོ་བོར་མ་བཞག་པར་རྒྱ་ནག་གཞུང་ལ་གནོན་ཤུགས་ཐེབས་ངེས་དང་། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཚོར་ཤུགས་འདྲེན་ངེས་ཀྱི་ལས་འགུལ་སྤེལ་ཏེ། ༢༠༡༤ ལོའི་ནང་རིན་པོ་ཆེ་གློད་གྲོལ་འཐོབ་པའི་རྒྱབ་སྐྱོར་གནང་རོགས།ཞེས་གཞེས་བཞུགས་བོད་མི་དུད་ཁྱིམ་སྟོང་ཕྲག་གི་ཞལ་སློབ་སེར་སྐྱ་ཚང་མ་དང་། བཙན་བྱོལ་དུ་ཡོད་པའི་སློབ་མ་ཡོངས་རྫོགས་ཀྱིས་སྡུག་བསྔལ་གྱི་མིག་ཆུའི་ཁྲོད་ནས་རེ་འབོད་ནན་མོ་རྒྱུ་ལགས་ན། དེ་དོན་ལས་དོནལག་བསྟར་ཡོང་བའི་སྐྱབས་འཇུག་ཞུ་ཞུ”འཁོད་འདུག
དེ་བཞིན་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་མ་ཉེས་ཁག་གཡོགས་ཀྱི་ནག་ཉེས་བཙུགས་པ་དེ་ནི། རྒྱ་ནག་གི་རྩ་ཁྲིམས་ནང་དུ་ཡོད་པའི་ནག་ཉེས་རྟོག་ཞིབ་ཀྱི་དོན་ཚན་བཞི་དང་འགལ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་དོན།“ དང་པོ། རྩ་བའི་ཆ་ནས་རིན་པོ་ཆེར་ཁྲིན་ཏུའུ་གྲོང་ཁྱེར་ཐའེ་ཧྥུ་ཐང་ཆེན་དུ་བྱུང་བའི་འབར་འགད་དོན་རྐྱེན་གྱི་སྐོར་ལ་ནག་ཉེས་བཙུགས་པ་རེད། རྒྱ་ནག་གི་ནག་ཉེས་རྟོག་ཞིབ་ཁྲིམས་ལུགས་ཀྱི་དོན་ཚན་༡༣༧ པར་གཞིགས་ན། དེ་ལྟ་བུའི་དོན་རྐྱེན་གྱི་དངོས་པོའི་དཔང་རྟགས་དང་མིའི་བདེན་དཔང་སོགས་བཙལ་བའི་སྐབས་སུ་འབྲེལ་ཡོད་ཀྱི་མི་སྣ་དེ་དང་དེའི་སྤུན་མཆེད་དམ་ཡང་ན་གྲོང་མི་ཁྱིམ་མཚེས་ངེས་པར་དུ་དགོས་ཞེས་གསལ་པོ་འཁོད་ཡོད་རེད། ཡིན་ནའང་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཐའེ་ཧྤུ་ཐང་ཆེན་དུ་བྱུང་བའི་འབར་རྫས་འགད་གཏོར་དང་འབྲེལ་བའི་དཔང་རྟགས་ཡོད་ཟེར་བའི་མི་སུ་གཅིག་ཡོང་མི་ཆོག་པ་དང་། ཚང་མ་དམག་མི་ཡིས་སྟངས་འཛིན་བྱས་ཏེ་ཁོང་རང་ཚོས་འབར་རྫས་འགད་གཏོར་གྱི་དཔང་རྟགས་གཅིག་བཏོན་བྱུང་། གཉིས་བཏོན་བྱུང་ཟེར་བ་ཙམ་ལས་རྒྱ་ནག་གི་ནག་ཉེས་རྟོག་ཞིབ་ཀྱི་ཁྲིམས་ལུགས་དང་ཡོངས་སུ་འགལ་ཡོད་པ་རེད། གཉིས་པ། རྒྱ་ནག་གི་ཁྲིམས་ལུགས་ནང་ལ་མི་དམངས་ཁྲིམས་ཁང་གིས་མི་དེར་ནག་ཉེས་ཕོག་ཟིན་པའི་གསལ་བསྒྲགས་མ་བྱས་པའི་སྔོན་ལ་མི་དེ་ཉེས་ཅན་པར་ངོས་འཛིན་གཏན་ནས་བྱེད་མི་ཆོག་པ་རེད། ཡིན་ནའང་རིན་པོ་ཆེར་ཁྲིམས་གཏུགས་མ་བྱས་པའི་སྔོན་༢༠༠༢ ཕྱི་ཟླ་༥ པའི་ནང་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་གཞུང་གི་ལས་བྱེད་ཡོངས་རྫོགས་ཀྱིས་ཚོགས་འདུ་འཚོགས་ཏེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་ཏཱ་ལའི་ཁ་བྲལ་རིང་ལུགས་པའི་ཁམས་ཕྱོགས་ལ་བསྐོ་འཇོག་བྱས་པའི་གསར་བརྗེ་ངོ་ལོག་པའི་མི་སྣ་གཙོ་བོ་དང་གཏེ་དཔོན་དེ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་མ་ཟད། གནས་ཚུལ་དེ་ཚོ་དང་འབྲེལ་བའི་ཐོག་ནས་མཐའ་མར་ཁྲིམས་ཁང་གི་ནང་ལ་ནག་ཉེས་བཙུགས་བཞག་པ་ཞིག་རེད་མ་གཏོགས། དོན་དངོས་ཀྱི་བདེན་དཔང་གང་ཡང་མེད་པར་གཞུང་གི་སྲིད་ཇུས་རང་གི་ཐོག་ལ་ནག་ཉེས་འགེལ་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གསུམ་པ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ཁྲིམས་ཐག་གཅོད་པའི་སྐབས་སུ་ཁྲིམས་ཀྱིས་རྩོད་གླེང་བྱས་པའི་སྐབས། རྒྱ་ནག་གི་རྩ་ཁྲིམས་དང་ནག་ཉེས་རྟོག་ཞིབ་ཀྱི་ཁྲིམས་ལུགས་དོན་ཚན་༡༡ གི་ནང་དུ་ག་རེ་གསལ་པོ་འཁོད་ཡོད་རེད་ཟེར་ན། ཁྲིམས་ཀྱིས་རྟོག་ཞིབ་དང་ཁྲིམས་རྩོད་བྱེད་པའི་སྐབས་སུ་སོ་སོ་སྒེར་གྱི་ཁྲིམས་རྩོད་པ་གླ་ཆོག་པའི་ཐོབ་ཐང་གསལ་པོ་ཡོད་རེད། ཡིན་ནའང་རིན་པོ་ཆེར་ཁྲིམས་ཐག་གཅོད་པའི་སྐབས་ཁྲིམས་རྩོད་པ་རྩ་བ་ནས་གླ་བཅུག་ཡོད་མ་རེད། དེ་བཞིན་དེའི་སྐབས་རྒྱ་རིགས་ནང་ནས་ཁྲིམས་རྩོད་པ་སྐད་གྲགས་ཅན་འགས་རིན་པོ་ཆེའི་གྱོད་དོན་དང་འབྲེལ་བའི་ཐོག་ལ་དང་བླངས་ཀྱིས་ཁྲིམས་རྩོད་བྱེད་རྒྱུའི་རེ་འདུན་ལ་ཁས་ལེན་རྩ་བ་ནས་བྱས་མེད་པ་མ་ཟད། ཕྱི་གསལ་ནང་གསལ་གཏན་ནས་མེད་པའི་གནས་སྟངས་འོག་ཁྲིམས་ཐག་བཅད་པ་ཞིག་རེད། བཞི་པ། ནག་ཉེས་དེ་འདྲ་ཞིག་ཡིན་པའི་ཁོངས་སུ་བཏང་ནས་དམིགས་བསལ་གྱི་ཚེ་བཙོན་དང་སྲོག་ཁྲིམས། ལོ་གཉིས་ཕྱིར་འགྱངས་ཀྱི་སྲོག་ཁྲིམས་སོགས་ལག་བསྟར་བྱེད་པ་ཡིན་ན་བཙོན་ཁང་དང་ཁྲིམས་ཁང་གི་ནང་དུ་ཁྲིམས་ཀྱི་རྩོད་གཞི་གང་ཡོད་པ་ཡོངས་རྫོགས་སྒྲ་ལེན་དགོས་པ་དང་། དེ་བཞིན་པར་བླངས་དགོས་པ་དེ་རྒྱ་ནག་གི་ནག་ཉེས་རྟོག་ཞིབ་ཀྱི་ཁྲིམས་ལུགས་དོན་ཚན་༡༢༡ པའི་ནང་དོན་རེད། ཡིན་ནའང་དེའི་སྐབས་སུ་སྒྲ་ལེན་པ་དང་པར་བླངས་པའི་རིགས་རྩ་བ་ནས་བྱེད་མི་ཆོག་པའི་གནས་སྟངས་འོག རྒྱ་ནག་སྲིད་གཞུང་ནང་ཁུལ་གྱི་ཁྲིམས་རྩོད་པ་ཡིན་ཟེར་མཁན་ཁ་ཤས་ཀྱིས་ཁྲིམས་ཐག་བཅད་བཞག་པ་ཞིག་རེད་”ཅེས་སོགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་རྒྱ་གཞུང་གིས་མ་ཉེས་ཁག་གཡོགས་ཁོ་ནས་བྱས་པ་ཡིན་པ་ལས། དོན་དངོས་ཀྱི་བདེན་དཔང་ཅུང་ཟད་ཙམ་ཡང་མེད་པ་མ་ཟད། རྒྱ་ནག་རང་གི་རྩ་ཁྲིམས་དང་ནག་ཉེས་རྟོག་ཞིབ་ཀྱི་ཁྲིམས་ལུགས་སོགས་དང་ཡང་འགལ་ཡོད་ཚུལ་སོགས་དོན་ཚན་བཞིའི་སྒོ་ནས་གསལ་བཤད་དང་འགྲེལ་བརྗོད་གནང་སོང་།
དེ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒྲོལ་མ་གླིང་བཙུན་དགོན་གྱི་བཙུན་མ་༣༠ ལྷག་གིས་ཉིན་མོ་འདི་དང་སྟབས་བསྟུན་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་འདུག་པ་དང་། བཙུན་མ་བདེ་ལེགས་དབྱངས་སྒྲོལ་གྱིས་ཐེངས་འདིའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་གནང་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ད་ལྟ་དགུང་གྲངས་༦༣ ལ་ཕེབས་ཡོད་པ་དང་སྐུ་གཟུགས་ཀྱི་གནས་སྟངས་ཀྱང་ཧ་ཅང་སྐྱོ་བོ་ཆགས་ཡོད་པས། ཁོང་ཉིད་མགྱོགས་ནས་མྱུར་དུ་གློད་གྲོལ་ཡོང་བའི་ཆེད་དུ་ཁོང་བཙོན་འཇུག་བྱས་ནས་མི་ལོ་ཧྲིལ་པོ་༡༢ འཁོར་བའི་སྐབས་འདིར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཡིན་སྐོར་གསུངས་སོང་ལ། མཇུག་ཏུ་དབྱིན་སྐད་ཐོག་ཐེངས་འདིའི་རིན་པོ་ཆེ་གློད་གྲོལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྒྲོག་སྦྱངས་གནང་གྲུབ་པ་དང་སྦྲགས། བོད་རང་དབང་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་སྐོར་གསུང་སྐབས། དེ་རིང་གི་ཉིན་མོ་འདིར་རྒྱ་གར་གཙོས་པའི་འཛམ་གླིང་ཐོག་གི་གྲོང་ཁྱེར་ཆེ་ཁག་༡༢ གཉིས་ཙམ་གྱི་ནང་དུ་རིན་པོ་ཆེ་གློད་གྲོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་སྐོར་དང་། དེ་བཞིན་རྒྱ་ནག་ནང་ལོགས་ཀྱི་ད་ལྟའི་གནས་སྟངས་དང་འགྱུར་ལྡོག་སོགས་ཀྱི་ཐད་ལ་འགྲེལ་བརྗོད་གནང་སོང་།།