པ་ཀི་སི་ཐན་གྱིས་རྒྱ་གར་གྱི་ཉ་པ་༡༧༢ གློད་གྲོལ།
རྒྱ་གར་དང་པ་ཀི་སི་ཐན་གྱི་སྲིད་བློན་གཉིས་ཀྱིས་ཁ་པར་བརྒྱུད་གནད་དོན་ཁག་ཅིག་གི་ཐོག་ལ་གླེང་མོལ་བྱས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་ཐུག་འཕྲད་མུ་མཐུད་བྱ་རྒྱུའི་ཐག་གཅོད་བྱས་ཏེ་ཉིན་གཉིས་རྗེས།
རྒྱ་གར་དང་པ་ཀི་སི་ཐན་གྱི་སྲིད་བློན་གཉིས་ཀྱིས་ཁ་པར་བརྒྱུད་གནད་དོན་ཁག་ཅིག་གི་ཐོག་ལ་གླེང་མོལ་བྱས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཀྱི་ཐུག་འཕྲད་མུ་མཐུད་བྱ་རྒྱུའི་ཐག་གཅོད་བྱས་ཏེ་ཉིན་གཉིས་རྗེས། པ་ཀི་སི་ཐན་གྱི་འཛིན་བཟུང་འོག་ཡོད་པའི་རྒྱ་གར་ཉ་པ་༡༧༢ རེས་གཟའ་ཉི་མའི་ཉིན་གློད་གྲོལ་བཏང་འདུག
དེའང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་པ་ཀི་ཐན་གྱི་གྲོང་ཁྱེར་ཀ་ར་ཆི་ནང་ཡོད་པའི་བཙོན་ཁང་མཱ་ལིར་གྱི་ལྟ་རྟོག་མི་སྣ་པ་མུ་ཧཱ་མད་ཀྱིས་བརྗོད་དོན། “ང་ཚོར་བཙོན་པ་གློད་གྲོལ་དགོས་པའི་བཀའ་ཁྱབ་འབྱོར་པ་ལྟར། བཙོན་པ་རྣམས་གློད་གྲོལ་བཏང་སྟེ་ཁོང་ཚོ་མེ་འཁོར་བརྒྱུད་བྷ་གྷ་(Wagah) ས་མཚམས་བར་སྐྱེལ་རྒྱུ་རེད།” རྒྱ་གར་གྱི་ཉ་པ་ཚོས་པ་ཀི་སི་ཐན་མངའ་ཁོངས་ཀྱི་རྒྱ་མཚོ་མཐའ་མཚམས་ལས་བརྒལ་བའི་རྐྱེན་གྱིས། འཇུ་བཟུང་བྱས་ཏེ་ཀ་ར་ཆི་ཡི་ས་ཁུལ་མཱ་ལིར་དང་ལཱན་ཌི་ཡི་བཙོན་ཁང་དུ་བཙོན་འཇུག་བྱས་པ་ཞིག་ཡིན་འདུག
དེ་བཞིན་ཐེངས་འདིར་གློད་གྲོལ་ཐོབ་པའི་བཙོན་པ་མང་ཆེ་བ་དུས་བཀག་ཁྲིམས་ཆད་ཚང་བ་ཤ་སྟག་ཡིན་པ་དང། ད་དུང་ཡང་བཙོན་ཁང་ནང་རྒྱ་གར་བཙོན་པ་༣༤༩ ཙམ་ལྷག་ཡོད་སྐོར་མུ་ཧཱ་མད་ཀྱིས་བརྗོད་འདུག རྒྱ་གར་གྱི་ཉ་པ་རྣམས་གློད་གྲོལ་གཏོང་བའི་ཉིན་དང་སྟབས་བསྟུན་རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་རྒྱལ་སྤྱིའི་དབྱུག་རྩེད་སྤོ་ལོའི་(Cricket) མགྲན་བསྡུར་ཞིག་ཀྱང་བྱས་ཡོད་པ་དང་། རྒྱལ་སྤྱིའི་དབྱུག་རྩེད་སྤོ་ལོའི་འགྲན་སྡུར་(ICC Cricket World Cup) ཐེངས་༡༡ ཐོག་རྒྱ་གར་གྱི་སྲིད་བློན་མོ་ཏི་ཡིས་པ་ཀི་སི་ཐན་གྱི་སྲིད་བློན་གཙོས་པའི་རྩེད་མོར་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ལ་འཚམས་འདྲི་ཞུས་འདུག
གློད་གྲོལ་ཐོབ་པའི་བཙོན་པ་རྣམས་ལ་བཙོན་ཁང་གི་ལས་བྱེད་དང་བདེ་དོན་ཚོགས་པ་གཉིས་མཉམ་འབྲེལ་ཐོག་དངུལ་ཕྲན་བུ་ཞིག་དང། ལག་རྟགས་རེར་གློད་གྲོལ་གྱི་འཚམས་འདྲི་མཚོན་ཆེད་སྤྲད་ཡོད་སྐོར་བཙོན་ཁང་གི་ལྟ་རྟོག་མི་སྣས་བརྒྱུད་ལམ་ཁག་ཏུ་བརྗོད་འདུག་ལ། བཙོན་ཁང་གི་ལས་བྱེད་གཞན་ཞིག་གིས་ “ང་ཚོ་རྒྱ་གར་གྱི་ཉ་པ་དབུལ་པོ་དེ་དག་ལ་ཤ་ཚ་སྙིང་རྗེ་བྱེད་ཀྱི་ཡོད་ཀྱང། ཁོང་ཚོས་ཁྲིམས་འགལ་གྱི་ལས་ཀ་བྱས་ཡོད་སྟབས་ཉེས་པ་ངེས་པར་དུ་ཁུར་དགོས་སྐོར་ཡང་བརྗོད་འདུག
དེའང་པ་ཀི་སི་ཐན་དང་རྒྱ་གར་གཉིས་ཀྱི་ཆུ་མཚམས་བརྒལ་མཁན་གྱི་ཉ་པ་འཛིན་བཟུང་དོན་རྐྱེན་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་ཅིང་། ཟླ་བ་སྔོན་མའི་ནང་རྒྱ་གར་གྱི་ཉ་པ་༣༨ ཙམ་པ་ཀི་སི་ཐན་མཚོ་དམག་གིས་འཛིན་བཟུང་བྱས་ཡོད་པ་རེད།།
གསར་འགོད་པ་བསྟན་འཛིན་ཟླ་བ།