བྷེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་བཀྲ་ཤིས་དབང་འདུས་ལགས་སུ་བཅར་འདྲི།

དྲི་བ། སྐུ་ཉིད་ངོ་སྤྲོད་མདོར་བསྡུས་གནང་རོགས།

ལན། ཕྱི་ལོ་༡༩༧༢ ལོར་བདེ་སླར་གཞིས་གྲོང་གསུམ་པར་སྐྱེས་ཤིང་མེ་སོར་ཆེས་མཐོའི་གཙུག་ལག་ཁང་ནས་ཚོང་རིག་སྡེ་ཚན་(B.com)ཐོག་མཐོ་སློབ་མཐར་ཕྱིན་རྗེས་བྷེང་ལོར་མཐོ་རིམ་སློབ་གྲྭ་ཞིག་ནས་ལོ་གཅིག་རིང་ཆེས་མཐོའི་ཚོང་རིག་སློབ་སྦྱོང་བྱས། མེ་སོར་མཐོ་སློབ་སྐབས་མེ་སོར་སློབ་ཕྲུག་ཚོགས་པ་གསར་འཛུགས་བྱས་པའི་ལས་འགན་ཁུར་བ་ཡིན། ༡༩༩༥ ལོར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ལས་ཁུངས་སུ་རྩིས་པའི་འགན་ཁུར། ༡༩༩༦ ལོར་གཞུང་ཞབས་འདེམས་ལྷན་གྱི་དྲུང་གཞོན་ལས་རོགས་གནས་རིམ་ཐོག་བསྐོ་བཞག་བྱུང་ནས་ཟླ་དྲུག་རིང་འཛིན་སྐྱོང་ཐོག་སྦྱོང་བརྡར་བྱས། ལོ་དེའི་ཟླ་༩ པ་ནས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་རྩིས་པའི་འགན་ལོ་བཞི་ལ་ཁུར་བ་ཡིན། སྐབས་དེར་ལས་ཞོར་དུ་ལོ་གཅིག་རིང་Diploma in Computer Applicationསློབ་སྦྱོང་བྱས། ༢༠༠༠ ལོའི་ཟླ་༨ པར་དྲུང་གཞོན་གནས་སྤར་ཐོག་ལྷོ་ཨ་ཧཕི་རི་ཁའི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེར་གནས་སྤོས་བྱས། ༢༠༠༦ ཟླ་༡ ནང་ཟུང་དྲུང་དུ་གནས་སྤར་ཐོག་བྷེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་དུ་བསྐོ་བཞག་བྱུང༌། ༢༠༠༧ ཟླ་༡༠ དང་༡༡ གཉིས་རིང་བྷེང་ལོར་ལྷོ་གཞིས་སྤྱི་ཁྱབ་ཀྱི་འགན་ཁུར་འཕར་མ་བྱས། ༢༠༠༨ ཟླ་༡ ནས་ཟླ་༥ བར་བྷེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་གཅིག་ལྕོགས་བྱས་པ་ཡིན། ད་ལྟ་ལུགས་ཟུང་བསམ་སྒྲུབ་གླིང་ས་གནས་འགོ་འཛིན་གྱི་ལས་འགན་ཁུར་བཞིན་པ་ཡིན།

དྲི་བ། ཁྱེད་རང་ས་གནས་འདིའི་གཞིས་ཆགས་གསར་རྙིང་གཉིས་ཀྱི་འགོ་འཛིན་བྱེད་མྱོང་ཡོད་པས་ས་གནས་འདིའི་གནས་སྟངས་དང་ལྷག་པར་བོད་མིའི་འཚོ་བའི་གནས་བབས་ག་འདྲ་ཡིན།

ལན། བྷེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་ཆགས་ཐོག་མ་འགོ་འཛུགས་སྐབས་རྒྱ་གར་གཞུང་གིས་བོད་མི་༥༢༡༠ ཡི་འཚོ་རྟེན་ཆེད་དུ་ཞིང་ས་ཨེ་ཀར་༥༣༠༠ གནང་ཡོད་ནའང༌། ད་ཆ་མི་འབོར་འཕེལ་རྒྱས་ཀྱིས་མི་གྲངས་༢༢༠༠༠ ཙམ་ཆགས་ཡོད། ཐོག་མར་ལོ་མང་རིང་བོད་མི་ཚོའི་འཚོ་བ་སོ་ནམ་ཞིང་ལས་ཁོ་ན་ལ་བརྟེན་ཡོད་ནའང༌། ད་ཆ་མི་རབས་གསར་པའི་གཞོན་སྐྱེས་མང་ཆེ་བ་བྱུང་ན་ཕྱི་རྒྱལ་དང༌། མ་བྱུང་ན་རྒྱ་གར་རྒྱལ་ས་ཁག་ལ་ལྟོ་གོས་འཚོལ་དུ་འགྲོ་བ་ལས་གཞིས་ཆགས་ནང་ཞིང་ལས་བྱེད་མཁན་ཉུང་ཤས་ཡིན། སྤྱིར་གཞིས་ཆགས་འདིའི་འཚོ་བའི་གནས་སྟངས་ལེགས་པའི་གྲས་ཡིན་ཡང་མི་མང་རིགས་གཅིག་འཚོ་བ་དཀའ་ངལ་འོག་ལུས་བསྡད་པ་ཡང་ཡོད། ལྷག་པར་དུ་འདས་པའི་ལོ་ཤས་ནང་ཚོང་པ་ཁག་ཅིག་མ་རྩ་རྡིབ་པའམ་ཇུས་ཉེས་བྱུང་བ་དང༌། ཡང་ཁག་ཅིག་གི་ངན་པ་ལག་འབྲེལ་བྱས་ནས་གང་ལྟར་མི་མང་གི་དངུལ་བཅོལ་མང་པོ་ཞིག་ཕྱིར་སློག་མ་བྱུང་བའི་རྐྱེན་གྱིས་མི་མང་ནང་དཀའ་ངལ་དམིགས་བསལ་ཞིག་འཕྲད་བཞིན་པ་ཡིན།

དྲི་བ། བོད་མི་ཚོས་བྷེལ་ཀོབ་གཞིས་ཆགས་འདི་གཞིས་ཆགས་གཞན་དང་མ་འདྲ་བའི་ཧ་ཅང་རྙོག་གྲ་མང་བའི་གཞིས་ཆགས་ཞིག་ཡིན་པར་བརྗོད་ཀྱི་ཡོད་པ་དེ་དངོས་ཡོད་ཀྱི་ཐོག་ནས་དཀའ་ངལ་དང་རྙོག་གྲ་ག་འདྲ་ཞིག་གི་ཐོག་ལ་འཕྲད་ཀྱི་ཡོད་པ་རེད།

ལན། གཞིས་ཆགས་འདི་མི་འབོར་ཆེ་ཤོས་ཡིན་པའི་ཆ་ནས་རང་བཞིན་གྱིས་རྙོག་གྲ་མང་བ་དང༌། དཀའ་ངལ་བདེ་སྡུག་ཞུ་མཁན་ཡང་མང་པོ་ཡོད་པ་རེད། སྤྱིར་མིའི་དགོས་མཁོ་དང་འདོད་པ་ཆེ་རུ་འགྲོ་བཞིན་པར་བརྟེན། དེ་ཚོ་ཚང་མ་བསྒྲུབ་མ་ཐུབ་པའི་དཀའ་ངལ་མང་པོ་ཞིག་མཐའ་མ་ས་གནས་འགོ་འཛིན་ལ་ཞུས་ཡོང་སྐབས། ས་གནས་འགོ་འཛིན་གྱིས་དཀའ་ངལ་དེ་ཚོ་ཚང་མ་སེལ་ཐུབ་པའི་རྫུ་འཕྲུལ་སྟོན་རྒྱུའི་རེ་བ་དེ་དཀའ་ངལ་ཆེ་ཤོས་དེ་ཆགས་ཡོད།

དྲི་བ། གཞིས་ཆགས་འདིར་ས་གནས་འཐུས་ཚོགས་འཛུགས་ཐུབ་མེད་པ་དང་རང་བདེན་ཚོགས་ཆུང་ཡང་སྒྲིག་མཐུན་བྱུང་མེད་པའི་གནད་དོན་ག་འདྲ་རེད། མ་འོངས་པར་གནས་ཚུལ་དེ་ཚོ་ཡག་པོ་ཡོང་བར་གཞུང་དང་ས་གནས་ཀྱིས་ཐབས་ཤེས་གང་དགོས་ཀྱི་རེད་དགོངས་ཀྱི་ཡོད།

ལན། གཞིས་ཆགས་འདིར་ས་གནས་འཐུས་ཚོགས་འཛུགས་མ་ཐུབ་པ་དང༌། རང་བདེན་ཚོགས་ཆུང་ཡང་སྒྲིག་མཐུན་འོས་བསྡུ་བྱུང་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་དབུས་ཀྱི་ཆབ་སྲིད་མི་སྣ་ཁག་ཅིག་གིས་ས་གནས་ཀྱི་མི་མང་རྨོངས་པ་ཅན་ཁག་ཅིག་ལ་ཆོལ་ཁའི་ཐོབ་ཐང་འདྲ་མཉམ་དགོས་གལ་དང༌། དེར་མུ་མཐུད་འཐབ་རྩོད་བྱ་དགོས་པ་དང༌། དབུས་ནས་ཀྱང་དེར་རྒྱབ་སྐྱོར་གང་ཐུབ་ཞུ་བཞིན་ཡོད་ཟེར་ནས་མགོ་སྐོར་བསླུ་བྲིད་བྱས་ནས་འགྲེལ་བཤད་རྒྱག་ས་མེད་པ། ལྟ་བ་འཁྲེགས་པོས་བཅིངས་བཞག་པ་དེར་བརྟེན་ནས་བྱུང་བ་ཡིན། ད་ཆ་བྷེལ་ཀོབ་གཞིས་ཆགས་མ་གཏོགས་རྒྱ་བལ་འབྲུག་གསུམ་ནང་གཞིས་ཆགས་མང་ཆེ་བར་རང་བདེན་ཚོགས་ཆུང་དང་ས་གནས་འཐུས་ཚོགས་འཛུགས་ཐུབ་པའི་གནས་སྐབས་འདིར། ས་གནས་ཀྱི་མི་མང་དེ་ཚོ་རྨོངས་པ་ནས་མདུན་གསལ་ཐུབ་ཐབས་དང་བཅིངས་པ་ལས་གྲོལ་ཐབས་བྱ་རྒྱུ་ལས་གཞན་ཐབས་ལམ་གང་ཡང་མ་མཆིས།

དྲི་བ། དེ་བཞིན་གཞུང་འཛིན་སྐྱོང་གི་ས་ཁང་སྒྲིག་གཞི་ཡང་ས་གནས་འདིར་ཆ་བཞག་ན་བདེ་སླར་དུ་ལག་བསྟར་བྱེད་ཀྱི་ཡོད་ཀྱང༌། ལུགས་བསམ་དུ་ལག་བསྟར་ཐུབ་མེད་པའི་དཀའ་ངལ་དང་མ་འོངས་པར་ལག་བསྟར་བྱེད་ཕྱོགས་སྐོར་ལ་དགོངས་ཚུལ་ག་རེ་ཡོད།

ལན། སྔ་ལོར་ཕྲན་རང་བདེ་སླར་ས་གནས་འགོ་འཛིན་སྐབས་རང་གཞུང་གི་བཀའ་འབྲེལ་ས་ཁང་སྒྲིག་གཞི་ལག་བསྟར་འགོ་འཛུགས་ཞུས་པ་ཡིན། ལུགས་བསམ་གཞིས་ཆགས་འདི་གཞིས་ཆགས་རྙིང་པའི་རྐྱེན་གྱིས་འགྱུར་བ་མང་པོ་ཕྱིན་ཡོད་ལ་ཉོ་ཚོང་ཡང་མང་པོ་བྱུང་འདུག སྔ་ལོ་ས་ཁང་སྒྲིག་གཞི་ལག་བསྟར་འགོ་འཛུགས་ཞུ་སྐབས་གཞིས་གྲོང་གཉིས་པ་དང་བཞི་པ་གཉིས་ས་ཁང་སྒྲིག་གཞིའི་ཚོགས་ཆུང་ནང་འཛུལ་ཞུགས་བྱེད་རྒྱུ་མིན་པ་ཐག་ཆོད་བྱུང་འདུག འདི་ལོ་ཕྲན་རང་ལ་འགན་ཡོད་པའི་ཆ་ནས་གཞིས་གྲོང་གཉིས་པའི་ནང་ཆེད་བཅར་གྱིས་མི་མང་ལ་སྒྲིག་གཞི་འགྲེལ་བཤད་བརྒྱབ་རྗེས་མི་མང་རྒྱ་ཆ་༩༥ ནས་མཚན་རྟགས་བཀོད་དེ་ས་ཁང་ཚོགས་ཆུང་ནང་ཞུགས་རྒྱུའི་ཐག་ཆོད་བྱུང་སོང༌། རིང་མིན་གཞིས་གྲོང་བཞི་པས་ཡང་མོས་མཐུན་ཡོང་བའི་རེ་བ་ཡོད། སྤྱིར་ལུགས་བསམ་གཞིས་ཆགས་ཀྱི་ས་ཆ་བགོ་འགྲེམས་སྒྲིག་གཞི་ལྟར་འགྲོ་མུས་ཡིན་ཞེས་ཞུ་རྒྱུ་ཡིན།

དྲི་བ། རྗེས་མའི་དམིགས་བསལ་ཚོགས་ཆེན་ཐོག་ས་གནས་མི་མང་གི་བསམ་ཚུལ་ག་འདྲ་བྱུང་ཡོད་མེད་སྐོར་མདོར་བསྡུས་ཤིག་གསུང་ན་འགྲིག་གམ།

ལན། བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ས་གནས་མང་ཚོགས་ཀྱི་བསམ་འཆར་ཇི་ཡོད་བསྡུ་རུབ་ཀྱིས་ཚོགས་ཆེན་སྐབས་ཡིག་ཐོག་ནས་འབུལ་དགོས་པའི་བཀའ་ཕེབས་པ་ལྟར། གཞིས་གྲོང་རེ་རེ་བཞིན་ཆེད་བཅར་གྱིས་མི་མང་ལ་བསམ་འཆར་གཏམ་བཤད་བྱ་རྒྱུའི་གོ་སྐབས་ཕུལ་ནས་གྲོང་སྡེ་སོ་སོར་ཚོགས་ཆུང་བཙུགས། མི་མང་གི་བསམ་འཆར་བསྡུ་རུབ་ཞུས་ཡོད། དེ་བཞིན་སློབ་གྲྭ་དང་ལས་ཁུངས་ཁག་གི་ལས་བྱེད་ཚང་འཛོམས་ཐོག་བསམ་འཆར་བསྡུ་རུབ་ཀྱང་བྱས་པ་ཡིན། བསམ་འཆར་མང་པོ་ཡོད་པ་ལས་ཡོངས་གྲགས་ཁག་ཅིག་ཞུས་ན། རྒྱ་ནག་གི་ངོས་ནས་ྋགོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་མཚམས་འཇོག་དགོས་པ་དང༌། ལྷག་པར་དུ་བོད་མི་ས་ཡ་དྲུག་གི་སྐུ་ཚབ་བམ་མགྲིན་ཚབ་མཚོན་གྱི་མེད་ལུགས་བརྗོད་པ་དེར་ད་ཐེངས་ཚོགས་ཆེན་འདིའི་ཐོག་ནས། ྋགོང་ས་མཆོག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ནས་རྩམ་ཟན་བོད་མི་ས་ཡ་དྲུག་གི་འགན་དབང་ཆ་ཚང་ཐོག་བོད་ཀྱི་བདེན་མཐའ་གསལ་རྒྱུ་ཐག་གཅོད་གནང་རྒྱུའི་སྐུ་དབང་ཆ་ཚང་ྋགོང་ས་མཆོག་ལ་ཡོད་ཅེས་ལན་འདེབས་ཁ་གསལ་རྒྱག་དགོས་པ་དང༌། བོད་མི་སྒེར་ཚོགས་ཚང་མས་ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་ཐོག་ལ་རྡོག་རྩ་གཅིག་སྒྲིལ་ཐོག་ནུས་པ་བཏོན་ནས། བོད་ཀྱི་བདེན་མཐའ་གསལ་ཐབས་བྱ་གལ། དབྱིན་ལན་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་དོན་རྒྱབ་སྐྱོར་སྔར་ལས་ལྷག་པ་ཐོབ་ཐབས་ལས་འགུལ་སྤེལ་གལ། བོད་དོན་དེ་མཐའ་མ་རྒྱ་གཞུང་མཉམ་དུ་ཐག་གཅོད་གནང་དགོས་པར་བརྟེན་བོད་རྒྱ་འབྲེལ་མོལ་མུ་མཐུད་ནས་གནས་རྒྱུ་གལ་ཆེ་ཡང༌། འབྲེལ་མོལ་སྐབས་བར་བཞུགས་རྒྱལ་ཁབ་བམ་གནད་ཡོད་མི་སྣ་དགོས་རྒྱུ་སོགས་ཀྱི་ཆ་རྐྱེན་འོག་གནང་གལ། མཐའ་དོན་བོད་ཀྱི་བདེན་མཐའ་བོད་མི་རང་གིས་སེལ་དགོས་པར་བརྟེན། བོད་ཕྱི་ནང་གཉིས་ལ་ལས་འགུལ་སྔར་ལས་ལྷག་པ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།།

མེ་སོར་གསར་འགོད་པས་བཅར་འདྲི་བྱས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།