གཙོ་བོ་བུད་མེད་ཆེད་ལས་པའི་རིགས་གསོ་སྐྱོང་བྱེད་དགོས།
བུད་མེད་སྙན་ངག་པ་གཟུངས་ཕྱུག་སྐྱིད་ལགས་སུ་བཅར་འདྲི།
བུད་མེད་སྙན་ངག་པ་གཟུངས་ཕྱུག་སྐྱིད་ལགས་ཀྱིས་ཆུང་དུས་ནས་གླིང་སྒྲུང་དང་ཟློས་གར་བསྟན་བཅོས་སོགས་སྦྱང་བའི་རྨང་གཞིའི་ཐོག་སྔ་གཞུག་བོད་ནང་གི་དུས་དེབ་སོགས་སུ་སྙན་རྩོམ་དང་ལྷུག་རྩོམ། དཔྱད་རྩོམ་སོགས་མང་པོ་སྤེལ་མྱོང་ཡོད་པ་དང༌། རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ནས་ཀྱང་འབྲི་རྩོམ་རྒྱུན་མཐུད་ནས་སྔར་ནས་ད་བར་སྙན་རྩོམ་གྱི་དེབ་ཕྲེང་བཞི་དཔར་སྐྲུན་བྱས་ཡོད་པ་རེད།
དྲི་བ། ཁྱེད་རང་རྩོམ་འབྲིའི་བརྒྱུད་རིམ་ནང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་མྱོང་ངམ།
ལན། ང་རང་ཁྱིམ་བདག་མ་ཞིག་ཡིན་པའི་ཆ་ནས་ནང་གི་ལས་ཀ་ཕྲན་ཙག་དང་བུ་ཕྲུག་ལ་བདག་སྐྱོང་བྱེད་རྒྱུ་ནི་ངའི་ཉིན་རྒྱུན་གྱི་འཚོ་བའི་ནང་དུ་རང་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། རྩོམ་ཡིག་འབྲི་ཀློག་གི་ལས་ཀ་ཆ་ཚང་བྱ་ལས་དེ་དག་གི་ཞོར་ལ་འབད་བཞིན་ཡོད་ལ། དེ་བས་རང་ཉིད་ཨ་མ་ཞིག་ཡིན་པའི་ཆ་ནས་བུ་ཕྲུག་གཉོར་སྐྱོང་དང་རང་ཁྱིམ་བདག་གཉེར་བྱེད་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེན་པོར་མཐོང་གི་ཡོད། ཕྱོགས་གཞན་ཞིག་ནས་རང་གི་མི་ཚེའི་མངོན་འདོད་ཀྱི་ཕུགས་འདུན་དེར་བསྙེག་རྒྱུ་དེ་ལས་ཀྱང་གལ་ཆེ་བས། མཚམས་རེར་རྫོགས་རྒྱུ་མེད་པའི་ནང་ལས་ཙག་ཙིག་དང་བུ་ཕྲུག་གཉོར་སྐྱོང་བྱེད་པའི་ཐད་ཆུ་ཚོད་མང་པོ་ཞིག་རྫོགས་འགྲོ་བ་ནི་ང་ལ་མཚོན་ན་སློབ་གཉེར་ཐད་ཀྱི་དཀའ་ངལ་ཆེ་ཤོས་རེད། དཀའ་ངལ་དེའི་རིགས་ནི་ང་གཅིག་པུ་ཙམ་མ་ཡིན་པར་འཇིག་རྟེན་སྟེང་གི་ཨ་མ་ཡོངས་ལ་འཕྲད་པའི་དཀའ་ངལ་ཞིག་ཀྱང་ཡིན་ངེས། གང་གིས་ཞེ་ན། བུ་ཕྲུག་གཅེས་སྐྱོང་བྱེད་པའི་ལས་འགན་ནི་ཆེས་རླབས་ཆེ་ཞིང་དཀའ་ཚེགས་མང་བའི་བྱ་བཞག་ཅིག་རེད་ལ། འདི་ནི་ཨ་མ་ཁོ་ནས་ད་གཟོད་ཁུར་དུ་ལེན་ཕོད་པའི་བརྩེ་སེམས་ཀྱི་སྙིང་སྟོབས་ཤིག་ཀྱང་རེད། དེས་ན་ངས་རང་ཉིད་ཀྱིས་མྱང་བཞིན་པའི་དཀའ་ངལ་འཕར་མ་དེར་ཡིད་ཆད་དང་འཁང་ར་རྩ་བ་ནས་བྱེད་མྱོང་མེད།
དྲི་བ། བུད་མེད་ཀྱི་ཤེས་ཡོན་དང་བྱ་སྤྱོད་གང་ཅིའི་ཐད་ཡར་རྒྱས་གཏོང་ཐབས་སུ་དགོངས་ཚུལ་གང་ཡོད།
ལན། བུད་མེད་ཚོའི་ཤེས་ཡོན་དང་བྱ་སྤྱོད་ཡར་རྒྱས་གཏོང་རྒྱུ་ནི་ང་ཚོའི་སྤྱི་ཚོགས་ཡར་རྒྱས་གཏོང་བའི་ཐབས་ལམ་ཉག་གཅིག་ཡིན་པས། གཙོ་བོ་དམའ་རིམ་ཁྲོད་ཀྱི་བུད་མེད་མང་པོ་ཞིག་ལ་རྩ་བའི་སློབ་སྦྱོང་གི་ཚད་གཞི་ཧ་ཅང་ཞན་ལ། འཕྲོད་བསྟེན་གྱི་ཤེས་ཚད་མི་འདང་བ། འཚོ་བའི་ཐད་དཀའ་ངལ་ཧ་ཅང་ཆེ་བ་བཅས་ཀྱི་འགོག་རྐྱེན་ལ་བརྟེན་ནས་བུད་མེད་མང་པོ་ཞིག་གི་རང་སྐྱ་ཐུབ་པའི་གཤིས་སྤྱོད་ནུས་པ་ཡར་རྒྱས་སུ་འགྲོ་མི་ཐུབ་པར་ལུས་ཡོད། དེ་བས་ང་ཚོས་ངེས་པར་དུ་བུད་མེད་ཚོར་འཕྲད་པའི་འཚོ་བའི་དཀའ་ངལ་མང་པོར་རྒྱུས་ལོན་དང་ཤེས་རྟོགས་བྱ་རྒྱུ་དང༌། བུད་མེད་ཀྱི་ཆབ་སྲིད་གོ་རྟོགས་གོང་འཕེལ་གཏོང་རྒྱུ། དམིགས་བསལ་སློབ་སྦྱོང་གི་གོ་སྐབས་མང་པོ་གལ་ཆེན་དུ་འཇོག་པ། གཞན་ལས་གནས་འདྲ་མིན་ནང་འཛུལ་ཞུགས་ཐུབ་པའི་ཟབ་སྦྱོང་དང་སྦྱོང་བརྡར་མང་དུ་སྤྲོད་རྒྱུ། འཕྲོད་བསྟེན་དང་རྒྱུན་ཤེས་སྐོར་གྱི་ཤེས་བྱ་མང་པོ་ཤེས་སུ་འཇུག་རྒྱུ་བཅས་ནི་གཙོ་ཆེ་བ་རེད། དེ་ལྟར་བྱས་པ་ཡིན་ན་བོད་ཀྱི་བུད་མེད་མང་པོ་ཞིག་གིས་ཀྱང་བརྩོན་སེམས་དང༌། བྱམས་བརྩེ། བློ་རྒྱ། རིགས་ལམ་གྱི་བློ་རྩལ་བཅས་མ་དོར་བར་གནའ་བོའི་སྲོལ་རྒྱུན་ཁྲོད་ནས་ཕྱིར་ཐོན་ཏེ། རང་ཚུགས་དང་སྤོབས་སེམས་ལྡན་པའི་སྒོ་ནས་དུས་རབས་གསར་པའི་འཚོ་བའི་འཛུགས་སྐྲུན་ཁྲོད་ཞུགས་ནས། བླང་དོར་ལྡན་པའི་བློ་མིག་ཡངས་པོར་ཕྱེས་ཏེ་བོད་ཀྱི་དེང་རབས་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་སུ་འགྱུར་ཐུབ།
དྲི་བ། བོད་གཞུང་གིས་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་སྤེལ་བའི་སྲིད་ཇུས་ཐད་བསམ་ཚུལ་གང་འདྲ་ཡོད།
ལན། བུད་མེད་ཚོའི་ནུས་ཤུགས་སྤེལ་བའི་སྲིད་ཇུས་དེའི་རྩ་བའི་དགོངས་དོན་ཧ་ཅང་གི་ཡག་པོ་འདུག་པས། དེ་ཉིད་ཁ་གཡང་ཙམ་དུ་མ་སོང་བར་ཐབས་ལམ་སྣ་མང་གི་སྒོ་ནས་ལག་བསྟར་དངོས་སུ་ཡོང་རྒྱུར་ང་ཚོས་ནམ་ཡང་རྗེས་སུ་ཡི་རང་བྱེད་བཞིན་ཡོད། རྒྱུ་མཚན་ནི་སྤྱིར་བཏང་ཆུང་ས་ནས་བཤད་ནའང་ཁྱིམ་ཚང་ཞིག་གི་རྩ་བའི་སྲོག་ཤིང་བུད་མེད་ཡིན་ལ། ཆེ་ས་ནས་བཤད་ཀྱང་མི་རིགས་ཤིག་གམ་ཡང་ན་རྒྱལ་ཁབ་ཅིག་ཡར་རྒྱས་སུ་འགྲོ་བའི་གཞི་རྩའི་རྨང་གཞི་ཟེར་ནའང་བུད་མེད་གཙོ་བོ་ཡིན་པས། གཙོ་བོ་བུད་མེད་ཆེད་ལས་པའི་རིགས་གསོ་སྐྱོང་བྱེད་རྒྱུ་དང༌། བུད་མེད་ཚོའི་སྤྱི་ཚོགས་བདག་དབང་གི་གཞི་རྒྱ་ཆེ་རུ་གཏོང་བ་བཅས་ཕྱོགས་གང་ཐད་ནས་གཟིགས་སྐྱོང་གང་ལེགས་གནང་རྒྱུ་ནི་ང་ཚོའི་སྤྱི་ཚོགས་ཧྲིལ་བོ་ཡར་རྒྱས་ཡོང་ཐབས་ལ་འགན་ཁུར་བའི་ལས་འགན་གལ་ཆེན་ཞིག་ཏུ་འདོད་པས། དེའི་རིགས་ལ་དོ་སྣང་ཆེ་ཙམ་ཡོང་བའི་རེ་བ་བྱེད་བཞིན་ཡོད།།