མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན།

ཨ་མདོ་མཛོ་དགེ་ནས་ཡིན་པ། སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་གྲྭ་ཆོས་གྲགས་ལགས་བོད་ནས་བརྐྱངས་ཕྱག་འཚལ་བཞིན་དུ་རྒྱ་གར་དུ་འབྱོར་ཡོད་པ་དང་དེའི་སྐོར་ཁོང་ལ་བཅར་འདྲི་ཞུས་པ།

དྲི་བ། བོད་ནས་འདི་བར་དུ་ཕྱག་འཚལ་ནས་ཡོང་དགོས་པའི་རྒྱུ་མཚན་གང་ཡིན།

ལན། དང་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ནས་ལྷ་ས་བར་དུ་ཕྱག་འཚལ་ནས་ཐེངས་གསུམ་ཡོང་མྱོང༌། སྐབས་རེར་རོགས་པ་གྲྭ་པ་གསུམ་རེ་དང་བཞི་རེ་མཉམ་དུ་ཡོང་བ་ཡིན། དེ་རྗེས་མར་ཕྱིན་ནས་བསྐྱར་དུ་ཕྱག་འཚལ་ནས་རྒྱ་གར་དུ་ཡོང་བ་ཡིན། དེའི་རྒྱུ་མཚན་ནི། འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་ྋརྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་སྐུ་ཚེ་བརྟན་པ་དང༌། དམིགས་སུ་བཀར་ནས་སྐྱབས་མགོན་ཀིརྟི་རིན་པོ་ཆེའི་སྐུ་ཚེ་བརྟན་པ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གློད་གྲོལ་ཡོང་བ་དང་སྐུ་ཚེ་བརྟན་པ། རྒྱ་བོད་གཉིས་ཞི་འགྲིག་ཡོང་བ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང༌། མ་སེམས་ཅན་གྱི་སྡུག་བསྔལ། ཚེ་འདིའི་དྲིན་ཅན་ཕ་མ་གཉིས་དང༌། ལྷ་ས་ནས་ཡར་ཡོང་བའི་ལམ་བར་དུ་ཞལ་འདེབས་འབུལ་མཁན་ཁ་ཤས་བྱུང་བ་རྣམས་ཀྱི་ཆེད་དུ་དམིགས་ནས་ཡོང་བ་ཡིན། སྤྱིར་བཏང་རླངས་འཁོར་ལ་བསྡད་ནས་ཡོང་མཁན་ཡོད་པ་རེད་དེ། ངས་སོ་སོའི་ཤ་ཁྲག་གིས་དཀའ་ངལ་བརྒྱབ་ནས་འདི་བར་དུ་ཡོང་བ་ཡིན།

དྲི་བ། ཁྱེད་རང་གིས་ཕྱག་འཚལ་རྒྱུའི་འགོ་འཛུགས་སའི་ས་ཆ་གང་དུ་ཡིན།

ལན། དང་པོ་འགོ་འཛུགས་ས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ད་ལྟའི་ཀིརྟི་རིན་པོ་ཆེའི་སྐུ་ཕྲེང་ལྔ་པའི་སྐུ་དམར་གདུང་ཡོད་ས་ནས་ཡོང་བ་ཡིན། སྐུ་དམར་གདུང་དེ་ཉིད་སྔོན་མ་དུས་ཟིང་སྐབས་སུ་ས་འོག་ཏུ་སྦས་བཞག་པ་རེད། དེང་སང་ཀིརྟི་དགོན་པའི་ནང་དུ་བཞུགས་སུ་གསོལ་བ་དེའི་སྐུ་མདུན་ནས་འགོ་བཙུགས་ཏེ་ཡོང་བ་ཡིན།

དྲི་བ། ལམ་བར་དུ་དུས་ཚོད་ག་ཚོད་འགོར་བ་དང་དམིགས་བསལ་གྱི་དཀའ་ངལ་གང་འཕྲད་བྱུང༌།

ལན། ལམ་བར་དུ་དུས་ཚོད་ལོ་གཉིས་ལྷག་ཙམ་ཞིག་འགོར་སོང༌། དཀའ་ངལ་ཆེ་ཤོས་བལ་ཡུལ་དང་རྒྱ་གར་བར་དུ་འཕྲད་བྱུང༌། ཚ་བའི་ན་ཚ་ལྗིད་པོ་ན་བ་མ་ཟད། མཁྲིས་པ་ན་ནས་ཕྱག་འཚལ་མི་ཐུབ་པ་ཆགས་སོང༌། ལྷག་པར་དུ་སྐད་མི་ཤེས་པས་མི་གཞན་གྱིས་གཟའ་རོ་དང་ལྐུགས་པ་རེད་བསམས་ནས་ཕན་ཚུན་བར་དཀའ་ངལ་ཆེན་པོ་འཕྲད་སོང༌། འོན་ཀྱང་ཀིརྟི་རིན་པོ་ཆེའི་བཀའ་དྲིན་གྱིས་ང་ཡར་རྒྱ་གར་ལྡི་ལི་རུ་སྨན་བཅོས་བྱེད་པར་བསུས་པ་དང༌། ཞི་བདེ་མགྲོན་ཁང་དུ་བསྡད་བཅུག་བྱུང༌། ན་ཚ་དྲག་རྗེས་སྔར་གྱི་ས་ཆ་དེ་ནས་ཡང་བསྐྱར་འགོ་བཙུགས་ཏེ་ཕྱག་འཚལ་ནས་ཡོང་བ་ཡིན། སྤྱིར་དཀོན་མཆོག་གསུམ་གྱི་བཀའ་དྲིན་དང་ཡང་སྒོས་ཀིརྟི་རིན་པོ་ཆེའི་བཀའ་དྲིན་མིན་ན། ང་ད་ལྟ་ཤི་ཚར་ཡོད་པ་རེད། ཁོང་གི་ཐུགས་རྗེའི་བཀའ་དྲིན་གྱིས་ང་འདིར་འབྱོར་ཐུབ་སོང་བ་རེད། ད་ལྟ་བར་དུ་དངུལ་སྟེར་ཨེ་དགོས་ཟེར་མཁན་འདུག མི་དགོས་ཞེས་ལབ་པ་ཡིན། དངུལ་དགོས་དོན་མི་འདུག ཀིརྟི་དགོན་པའི་ནང་དུ་ཟ་རྒྱུ་དང་འཐུང་རྒྱུ། འདུག་ས་ཆ་ཚང་ཕ་ཡུལ་ནང་བཞིན་གྲ་སྒྲིག་གནང་སོང༌། དེར་བརྟེན་གྲྭ་པ་ཞིག་ལ་དངུལ་མང་པོ་དགོས་དོན་མི་འདུག་པས་ངས་མི་དགོས་ཞེས་ལབ་པ་ཡིན།

དྲི་བ། དེང་སང་བོད་ཀྱི་ས་ཆ་འགའ་ཞིག་ལ་ལྷ་ས་བར་དུ་ཕྱག་འཚལ་ནས་འགྲོ་བ་དེ་མི་སྒེར་དང་གྲོང་སྡེའི་བར་འགྲན་རྩོད་ཀྱི་རྣམ་པ་ཞིག་ཆགས་ནས། གཅིག་སོང་ན་ཡང་གཅིག་འགྲོ་ཡི་ཡོད་པའི་སྐད་ཆ་ཡང་གོ་རྒྱུ་འདུག་པས་དེའི་སྐོར་མཁྱེན་གྱི་ཡོད་དམ།

ལན། དེའི་སྐོར་ངས་ཤེས་ཀྱི་མེད། ཀིརྟི་དགོན་པའི་ནང་དུ་དེ་འདྲ་ཡོད་པ་མ་རེད།

དྲི་བ། ནང་ཆོས་ནང་ནས་ཕྱག་འཚལ་བའི་ཕན་ཡོན་གསུང་གི་ཡོད་པ་རེད། གཙོ་བོ་ཀུན་སློང་ཡག་པོ་མེད་ན་ལུས་ཀྱིས་དཀའ་ལས་རྒྱག་པ་དོན་མེད་ལྟ་བུ་བཤད་མཁན་ཡོད་པས། དེའི་ཐོག་དམིགས་བསལ་དགོངས་ཚུལ་ག་རེ་ཡོད།

ལན། སྤྱིར་ང་རང་རིག་གནས་ཡོད་མཁན་ཞིག་མིན། ང་རང་གི་ཀུན་སློང་ནི་ྋགོང་ས་སྐྱབས་མགོན་ཆེན་པོ་དང༌། པཎ་ཆེན་རིན་པོ་ཆེ། ཀིརྟི་རིན་པོ་ཆེ་བཅས་ཀྱི་སྐུ་ཚེ་ཡུན་རིང་བརྟན་པ་དང༌། སོ་སོ་གྲྭ་པ་ཞིག་ཡིན་པའི་ཆ་ནས་ལམ་བར་དུ་ནའང་རུང་ཤི་ཡང་རུང༌། མ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་གི་ཕྲག་ཏུ་འཁུར་ནས། ཤི་ནའང་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཤི་བ་ཡིན་སྙམ་པའི་ཀུན་སློང་དེ་འདྲ་ཞིག་བཅངས་ནས་ཡོང་བ་ཡིན།།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།