མངོན་ཤེས་བདུན་པས་རྟོགས་པའི་གཞིས་ལུས་བོད་མིའི་མངོན་འདོད།
ྋགོང་ས་མཆོག་གི་བཀའ་ཡིག་ནང་དུ། བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང༌། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ཞིབ་ལྷོད་གནང་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ནང་གསེས་ཁག་གི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་འདི་ལོ་ཕྱི་ཟླ་ ༡༡།༡༢ གང་རུང་ནང་བསྡུ་སྐོང་དགོས། ཞེས་བཀའ་ཕེབས་དོན་ལྟར་ན། འདི་ལོའི་ཕྱི་ཟླ་༣ ནས་བཟུང་གཞི་རྒྱ་ཆེ་བའི་ཞི་རྒོལ་བར་མ་ཆད་པ་བྱུང་དང་འབྱུང་བཞིན་པའི་རྒྱུ་རྐྱེན་ཅི་དང་གང་ཡིན་དང༌། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ངོས་ནས་བོད་པའི་རྩ་དོན་ཐོག་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་ཡོད་པ་བཞིན། ད་ལྟའི་སྐབས་སུ་གནད་དོན་གང་འདྲ་ཞིག་ལ་བརྟེན་ནས་རྒྱབ་སྐྱོར་གནང་གི་ཡོད་པ་སོགས་རྒྱལ་སྤྱིའི་གནས་བབ་ཤེས་པའི་ཐོག་ནས་བོད་ཀྱི་རྩ་དོན་ཇི་འདྲ་ཞིག་རན་མིན་ཐད་ལ་བགྲོ་གླེང་དགོས་པར་གསུངས་ཡོད། དེ་ཡང་རྒྱལ་སྤྱིའི་གནས་བབ་ཅེས་པ་གཙོ་བོ་ཆབ་སྲིད་ཀྱི་གནས་བབ་བམ་གནས་སྟངས་དེ་ཉིད་ཡིན་ལ། ཆབ་སྲིད་སྐྱོང་སྟངས་དེ་ཡང་དཔལ་འབྱོར་འདུ་འགོད་གཙོ་བོར་བཟུང་ནས་བསྐྱངས་དང་སྐྱོང་མུས་བཞིན། རང་ཉིད་ཀྱི་དཔལ་འབྱོར་ཡར་རྒྱས་ལ་དམིགས་ཏེ་རྒྱལ་ཁབ་གཞན་ལ་གནས་སྟངས་གང་དང་འཚམས་པའི་ཐོག་ནས་འབྲེལ་བ་མུ་མཐུད་གནས་ཐབས་ལ་འབད་པ་ལས། རྒྱལ་ཁབ་རང་ཉིད་ལ་ཁེ་ཕན་མེད་པའི་རྒྱལ་ཁབ་གསུམ་པ་ཞིག་གི་ཆེད་དུ་དཔལ་འབྱོར་ཁེ་ཕན་ལྡན་པའི་རྒྱལ་ཁབ་ཅིག་གི་འབྲེལ་བ་བློས་གཏོང་དཀའ་བའང་ཤེས་དགོས་པས། དེའི་ཐོག་ནས་བགྲོ་གླེང་ཞིབ་ལྷོད་འོང་བར་རྣམ་དཔྱོད་ཀྱི་རྩལ་འདོན་དགོས་པར་སེམས།
དེ་མིན་རིགས་ཤིག་གིས་བོད་ནང་གི་གཞིས་ལུས་མི་མང་གི་སྐད་འབོད་རེ་གཉིས་ཟུར་དུ་བཀོལ་ནས། བོད་མིའི་མངོན་འདོད་རང་བཙན་གཙང་མ་ཡིན་པའི་ཚོད་དཔག་བྱས་ཀྱང་དེ་ནི་ཆེས་རགས་པར་མཐོང་སྟེ། དེང་གི་སེམས་ཁམས་རིག་པའི་ཐོག་ནས་ཀྱང་གང་ཟག་གཞན་གྱི་ཐོག་ལ་ཚད་འཇལ་སྟངས་རགས་པ་དེ་འདྲ་མ་མཐོང་གཤིས། ཚོད་དཔག་དེ་དག་ཅུང་སྔ་དྲགས་མེད་ནའང་ཕྱིས་དྲགས་མེད་ལ། ཁྱེད་རྣམས་ལ་བོད་མིའི་མངོན་འདོད་ཅི་ཡིན་བསྒྲུབ་པར་སྐད་འབོད་རེ་བགྲང་རྒྱུ་ཡོད་ན། ཕྲན་ལའང་གཞིས་ལུས་བོད་མིའི་མངོན་འདོད་འདི་རེད་ཅེས་པའི་རྒྱབ་རྟེན་དུ་འབོད་ཚིག་ལུང་འདྲེན་དང་བཅས་མངོན་འདོད་གཞན་ཞིག་བཤད་དགོས་ན་བརྗོད་རྒྱུ་ཡོད། འོན་ཀྱང་ཚོད་བགམ་སྟངས་དེའི་རིགས་ནི་ཆེས་རགས་པར་སོང་བས་བཤད་མི་སྤྲོ།
དེ་ལས་ཁྱེད་རྣམས་ཀྱིས་མངོན་འདོད་སྒྲུབ་ལུགས་ལ་དོགས་དཔྱོད་བྱེད་འདོད་དེ། ཁྱེད་རྣམས་ཀྱིས་གཞིས་ལུས་བོད་མི་རྣམས་ཀྱི་སྐད་འབོད་ཁྲོད་དུ་བོད་རང་བཙན་གཙང་མ་ཡིན། ཞེས་པ་ལ་བརྟེན་ནས་གཞིས་ལུས་བོད་མིའི་མངོན་འདོད་དེ་རང་བཙན་གཙང་མ་དགོས་པར་ཁ་ཚོན་བཅད་ཀྱང༌། བོད་རང་བཙན་གཙང་མ་ཡིན། ཞེས་པ་དེ་གོ་བ་གཉིས་སུ་བཀྲལ་ཆོག་ཀྱང༌། ཁྱེད་རྣམས་ཀྱིས་རང་བཙན་འདོད་པར་བཤད་པ་ནི་མ་འོངས་པ་ཁོ་ན་ལ་མནོ་བསམ་བཞེས་ཏེ་བཤད་པ་ཡིན་ལ། བོད་རང་བཙན་གཙང་མ་ཡིན། ཞེས་པ་འདིས་འདས་པའི་ལོ་རྒྱུས་ཀྱི་གནད་དོན་ཆེན་པོ་ཞིག་ཀྱང་བསྟན་ཅིང༌། དེ་ནི་བོད་ཀྱི་བདེན་མཐའ་ཅི་འདྲ་ཞིག་གི་ཐོག་ནས་གསལ་བའི་ཉིན་ནས་ཀྱང་བསུབ་ཐབས་མེད་པར་གནས་མུས་ཡིན། དེར་བརྟེན་སྐད་འབོད་རེ་གཉིས་ལ་མིག་གི་མདའ་མོ་འཕངས་ནས་གཞིས་ལུས་མི་མང་གི་ཕུགས་ཀྱི་མངོན་འདོད་ལ་ཚོད་དཔག་བྱེད་སྟངས་འདི་རན་པོ་ཨེ་ཡོད་སྙམ། ད་དུང་ཁྱེད་རྣམས་ཀྱིས་ཚོད་དཔག་བྱེད་སྟངས་ལྟར་ན། གཞིས་ལུས་བོད་མི་རྣམས་ཀྱི་སྐད་འབོད་དང་སྦྱར་ཡིག་དང་འཕྲེད་དར་ཁག་ཏུ། ¿ྋགོང་ས་མཆོག་བོད་ལ་ཕེབས་དགོས་ཞེས་པ་དང༌། ཞི་བདེ་མང་གཙོ། ཚེ་སྲོག་ནི་རླབས་ཆེན་ཡིན། བོད་མིའི་སྐྱིད་སྡུག་མཉམ་མྱོང༌།¿ ཞེས་པ་སོགས་མང་དག་ཅིག་ཡོད་པས། ཁྱེད་རྣམས་ཀྱི་ཚོད་དཔག་དེ་ཡིས་སྐད་འབོད་དང་སྦྱར་ཡིག་ཡོངས་ཀྱི་མངོན་འདོད་གཅིག་མཚུངས་ཡིན་པར་བསྒྲུབ་དཀའ།
ཡང་སྙིང་བོད་མིའི་མངོན་འདོད་ཅི་ཡིན་ཤེས་རྟོགས་དགོས་པ་ཧ་ཅང་གལ་འགངས་ཆེ་ཡང༌། འབོད་ཚིག་གི་ངོ་གདོང་འགའ་ལ་བལྟས་ཏེ་གཞིས་ལུས་བོད་མིའི་མངོན་འདོད་ཚད་འཇལ་བ་ཙམ་མིན་པར། རྟོག་དཔྱོད་ཀྱི་རྒྱབ་རྟེན་དཔྱིས་ཕྱིན་པའི་ཐོག་ནས་ཤེས་དགོས། མཐར་ཡང་དག་པའི་དཔྱད་འབྲས་ཇི་བྱུང་དང༌། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་གཉིས་གཞིར་བཞག་ནས་བོད་ཀྱི་རྩ་དོན་ཐོག་ལ་བསམ་གཞིག་བྱེད་དགོས་པ་མ་གཏོགས། ཕྱོགས་གཅིག་རྐྱང་པའི་ཐོག་ལ་ལྷུང་ནས་བོད་ཀྱི་རྩ་དོན་ཅི་འདྲ་ཞིག་དགོས་མིན་བསམ་གཞིག་བྱས་ཚེ་དོན་འབྲས་སྨིན་པ་ཞིག་མི་འོང་སྙམ། དེའི་ཐད་ཉེ་ཆར་དྷ་སྟེང་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་༤༨ འཁོར་བའི་དུས་ཆེན་སྐབས་སུ། ྋགོང་ས་མཆོག་གིས། ¿ད་ཆ་འགག་ལ་ཐུག་པའི་སྐབས་འདིར་མི་མང་ལ་བསམ་འཆར་གང་ཞིག་ཡོད་པ་དེ་ལ། བསམ་བློ་བཏང༌། གོ་བསྡུར་བྱས། དེ་ཡང་ཆབ་སྲིད་ཀྱི་ཕྱོགས་ཁག་སོ་སོའི་སྲིད་ཇུས་དང་ལྟ་བ་ཁྱེར་ནས། དེ་རྐྱང་རྐྱང་བསྒྲུབས་བསྡད་པའི་བཟོ་འདྲ་པོ་དེ་ཡང་མ་རེད། ང་ཚོས་ཆབ་སྲིད་ཤོག་ཁག་གི་བསམ་ཚུལ་འདྲ་མི་འདྲ་ཤོད་ཀྱི་ཡོད་མ་རེད། ང་ཚོའི་རྩ་བའི་རྩ་དོན་དེ་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་བྱེད་རྒྱུ་དེ་ཡིན།¿ ཞེས་པ་དང༌། ཡང༌། ¿འབྱུང་འགྱུར་ང་ཚོ་བོད་ཀྱི་བདེན་དོན་འཐབ་རྩོད་འདི་ཡག་པོ་ཞིག་བྱུང་བ་ཡིན་ན། རྒྱ་ནག་མི་མང་ས་ཡ་མང་པོར་མི་ཚེའི་མདུན་ལམ་གསར་པ་ཞིག་རྙེད་པ་དང༌། མི་ཚེ་དོན་དང་ལྡན་པ། ལུས་བདེ་བ་སེམས་སྐྱིད་པ་བཅས་ཡོང་རྒྱུར་ཏན་ཏན་ཕན་ཐོགས་བྱེད་ཐུབ་ཀྱི་རེད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཞེས་སྙིང་རྗེའི་རྩ་བར་གྱུར་པ་འདི་རྩ་མེད་བཟོས་ཏེ། དངོས་པོ་རྐྱང་རྐྱང་ལ་དོ་སྣང་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཆགས་པ་ཡིན་ན། མ་འོངས་པར་རྒྱ་ནག་མི་མང་ལ་གྱོང་རག་རྒྱུ་ལས་ཕན་ཐོགས་གང་ཡང་མེད། དེར་བརྟེན་ང་ཚོའི་འཐབ་རྩོད་འདི་དངོས་གནས་དྲང་གནས་རང་གཞན་ཀུན་ལ་ཕན་ཐོགས་ཡོད་པའི་འཐབ་རྩོད་ཅིག་རེད། དེ་ང་ཚོར་བྱེད་ཐབས་གང་འདྲ་ཞིག་འདུག དེའི་ཐད་ལ་ང་ཚོས་གོ་བསྡུར་བྱེད་ཡས། བསམ་བློ་གཏང་ཡས། སྤྱི་པའི་དོན་དག་འགྲུབ་ཆེད་ང་ཚོས་གོ་བསྡུར་བྱེད་ཀྱི་ཡོད་པ་ཡིན་དུས་ཚང་མར་དེ་ལྟར་བྱེད་རོགས་ཞེས་བརྗོད་རྒྱུ་ཡིན།¿ ཞེས་པ་སོགས་ཚོགས་ཆེན་དང་འབྲེལ་བའི་སྐལ་བཟང་གི་བཀའ་སློབ་ལམ་སྟོན་ཕེབས་ཡོད། དེར་བརྟེན་ཁོང་ཚོས་¿ྋགོང་ས་མཆོག་ནི་ང་ཚོའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡིན་¿གསུངས་པ་བཞིན། ཚིག་ཙམ་དུ་མ་ལུས་པར་དོན་ལ་སླེབས་ཐབས་བྱ་དགོས་ལ། གཞིས་ལུས་བོད་འབངས་རྣམས་ཀྱིས་སྐད་འབོད་ཅི་འདྲ་ཞིག་བརྒྱབ་མིན་ལ་མ་ལྟོས་པར། ད་ལོའི་དུས་ཟིང་བྱུང་ངོ་ཅོག་ཏུ་ཞི་རྒོལ་ཁོ་ནར་གནང་བ་དེས་ྋགོང་ས་མཆོག་ལ་གུས་བཀུར་ཇི་ཙམ་ཡོད་པ་བཤད་ཐུབ་ལ། ལྷག་པར་དུ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལས་གཞིས་སུ་ཡོད་པའི་བོད་མི་རྣམས་ཀྱིས་བཙན་དབང་གི་འོག་ནས་དབུ་མའི་ལམ་གྱི་གོ་དོན་ཇི་བཞིན་རྟོགས་མ་ཐུབ་པ་འོང་ངེས་ཀྱང༌། ྋགོང་ས་མཆོག་ལ་དང་བའི་དད་པ་ཆེ་བ་དང༌། ྋགོང་ས་མཆོག་གིས་དབུ་འཁྲིད་པའི་སྲིད་བྱུས་ཇི་བཞིན་འགྲུབ་ན་སྙམ་པའི་མངོན་པར་འདོད་པའི་དད་པ་ཆེ་བ། དེ་ལྟ་བུའི་སྲིད་བྱུས་ཀྱིས་རང་ཉིད་ཀྱི་མངོན་འདོད་འགྲུབ་ཐུབ་པའི་ཡིད་ཆེས་པའི་དད་པ་ཆེ་བ། ྋསྐྱབས་མགོན་རིན་པོ་ཆེ་དང་བོད་གཞུང་གི་སྲིད་བྱུས་གང་ཡིན་ལ་ཕྱིར་མི་ལྡོག་པའི་དད་པ་ཆེ་བ་བཅས་ཁ་ཞེ་ངོ་ལྐོག་གཉིས་མེད་ཀྱིས་ཤར་བསྐྱོད་བྱེད་མཁན་དེ་གཞིས་ལུས་བོད་མི་རྣམས་ཡིན་པར་རྟོགས། དེས་ན་ད་དུང་ཁྱེད་རྣམས་ཀྱི་ཚོད་དཔག་དེ་ལའང་བསྐྱར་དུ་ཤེས་རབ་ཀྱི་རལ་གྲི་དང༌། ཐབས་མཁས་ཀྱི་ཀེ་ཏ་ཀ་ལོངས་སྤྱད་ནས་རྟོག་ཞིབ་འོང་བ་ཞུ།། དྷ་ས་ནས་ཀུན་དགའ་རྒྱལ་མཚན་གྱིས།