གཅིག་སྒྲིལ་ནི་སྟོབས་ཤུགས་ཀྱི་རྩ་བ་ཡིན།
ཉེ་སྔོན་བཀའ་ཟུར་ཚོས་འབྱུང་འགྱུར་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་ཚོགས་འདུ་ཞིག་ནོར་གླིང་དུ་ཚོགས་ཡོད་ཚུལ་གོ་ཐོས་བྱུང་བས་གུས་པ་སྤྲོ་བ་རབ་ཏུ་འཕེལ། རྒྱུ་མཚན་ནི་བཀའ་ཟུར་ཟེར་དུས་མཁྱེན་སྤྱན་ཡངས་ལ་བློ་གཟུ་བོར་གནས་པ་དང༌། བཙན་བྱོལ་གཞུང་གི་སྲིད་བྱུས་མ་ལག་དང་བཅས་པ་ཚང་མ་རྒྱུས་མངའ་ཡོད་ངེས་པས། མ་འོངས་བོད་ཀྱི་མངོན་འདོད་བསྒྲུབ་པར་སྒྲུབ་བྱེད་ཀྱི་ཐབས་ལམ་གཞུང་དམངས་གཉིས་ལ་གཞི་འཛིན་ས་དང་བགྲོད་ལམ་གསར་པ་ཞིག་སྟེར་ངེས་པ་མ་ཟད་དམར་པོའི་སྲིད་གཞུང་ལ་ཡང་རྣོ་ངར་ལྡན་པའི་ལན་འདེབས་ཤིག་ཡོད་ངེས་སྙམ་སྟེ། བོད་ཀྱི་བང་ཆེན་དང་དུས་བབ་གསར་ཤོག་བཅས་ལག་ཏུ་རག་ཐབས་ཀྱིས་ཉིན་སྒུག་མཚན་སྒུག་བྱས་མཐར་ཕྱི་ཟླ་དགུ་པའི་ཟླ་འཇུག་ཏུ་བང་ཆེན་སྤྱིའི་འདོན་ཐེངས་༡༩༦ དང༌། དུས་བབ་སྤྱིའི་འདོན་ཐེངས་༤༢༦ བཅས་འཁོད་པ་དག་ལག་སོན་བྱུང་བས་དེ་མ་ཐག་ཁ་ཕྱེས་ཏེ་བལྟས་པས། དང་ཐོག་ངའི་རེ་བ་དང་ཡོངས་སུ་རྒྱབ་འགལ་ཆགས་འདུག
ང་ཚོ་གཞིས་བྱེས་གཉིས་ཀྱི་མངོན་འདོད་སྒྲུབ་བྱེད་ཀྱི་ཐབས་ལམ་གསར་པ་གང་ཡང་གསལ་སྟོན་བྱས་མི་འདུག་ལ། གུང་ཁྲན་སྲིད་གཞུང་གིས་ྋརྒྱལ་བ་རིན་པོ་ཆེ་ལ་གཞི་མེད་སྒྲོ་འདོགས་ཀྱིས་མཚན་སྨད་སྣ་ཚོགས་ཞུས་པ་དག་ལ་རྣོ་ངར་ལྡན་པའི་ལན་འདེབས་ཤིག་གནང་རྒྱུའི་ཚབ་ལ། ཕོ་ཐ་མས་མདུང་རྩེ་ནང་ལ་གཏད་ཟེར་བའི་དཔེ་ལྟར་བཀའ་ཤག་ལ་ཉེས་མེད་ཉེས་འཛུགས་ཤ་སྟག་བྱས་པ་ལྟ་བུ་མངོན། བཀའ་བློན་ཁྲི་པས་ལམ་དབུ་མའི་འགྲེལ་བརྗོད་ཀྱི་ནང་དུ་མི་རིགས་ས་གནས་རང་སྐྱོང་ཚད་མཐོ་ཞིག་རྩོད་ལེན་བྱ་རྒྱུ་དེ་ལམ་དབུ་མའྀ་དགོངས་དོན་ནམ་རྩ་དོན་དུ་ཆགས་ཡོད་ཅེས་གསུངས་པ་རྣམས་བཀའ་བློན་ཁྲི་པས་མགོ་མ་ཚོས་ནས་ལོག་འགྲེལ་བརྒྱབ་པ་རེད་ཅེས་གསུངས་འདུག འོན་ཀྱང་བཀའ་མོལ་དེ་ནི་བོད་གཞིས་བྱེས་གཉིས་ཀྱི་འགན་ཞིག་བླངས་ཏེ་ལྷག་བསམ་རྣམ་དག་གི་བཀའ་མོལ་ཞིག་ཡིན་མིན་མི་ཤེས་ཀྱང༌། གལ་ཏེ་ལྷག་བསམ་དག་པས་གསུངས་པ་ཡིན་པའི་དབང་དུ་བཏང་ན་ནི་བཀའ་ཟུར་རྣམ་པ་ཚོས་བཙན་བྱོལ་གཞུང་གི་སྲིད་བྱུས་དང༌། ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཁག་ལ་ཉན་བསམ་སྒོམ་གསུམ་ཚུལ་བཞིན་མ་བྱས་པའི་འབྲས་རྟགས་ཤིག་བསྟན་འདུག་སྙམ་སྟེ། དུས་རྒྱུན་དུ་ནས་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཁག་རྣམས་ལ་དོ་སྣང་ཆེན་པོས་ཉན་བསམ་སྒོམ་བསམ་གནང་མཁན་ཡིན་ན། མི་རིགས་ས་གནས་རང་སྐྱོང་དེ་ལམ་དབུ་མའི་དགོངས་དོན་མ་ཡིན་པ་དང༌། བཀའ་ཁྲི་མཆོག་གིས་ལོག་འགྲེལ་རྒྱབ་པ་རེད་ཅེས་བཀའ་མོལ་དེ་དག་ཡོང་མི་སྲིད་དེ། ྋརྒྱལ་བ་རིན་པོ་ཆེ་ནས་འདི་ལོ་རྒྱ་མི་རིགས་ལ་ཆེད་བསྩལ་ཀྱི་བཀའ་སློབ། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་འབོད་སྐུལ་ཞེས་པའི་གསུང་འཕྲིན་ནང་དུ། ང་ཚོས་ལྷག་བསམ་རྣམ་དག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་འཐོབ་ཐབས་བྱས་པ་ཡིན། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བོད་རིགས་ལྟ་བུ་གྲངས་ཉུང་མི་རིགས་ལ་ཐོབ་ཐང་ཡོད་ཅེས་གསལ་བ་ལྟར་ཞེས་དང༌། ཡང་འདི་ལོ་གསུམ་བཅུའི་དུས་དྲན་ཉིན་བོད་རིགས་ཡོངས་ལ་བསྩལ་བའི་གསུང་འཕྲིན་ནང་དུའང༌། ཕྱི་ལོ་༡༩༧༤ ལོ་ནས་བཟུང་ད་བར་དབུ་མའི་ལམ་འགྱུར་མེད་བརྟན་བཟུང་བྱེད་བཞིན་ཡོད་པ་དང༌། དབུ་མའི་ལམ་གྱི་གོ་དོན་ནི་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གྱུར་འོག་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་གནས་བབ་ཆ་ཚང་བ་ཞིག་ལག་བསྟར་བྱས་པ་ཞེས་བཀའ་གསལ་ཕེབས་ཡོད་པ་རེད། ཡིན་ནའང་ང་ཚོའི་བོད་གཞུང་དམངས་ཡོངས་ཀྱི་གནས་ཚུལ་ཕལ་ཆེ་བ་ཡོངས་ཁུངས་བོད་ཡིག་བརྒྱུད་ལམ་ཁག་ནས་ཡིན་པ་དང༌། བཀའ་བློན་ཁྲི་ཟུར་རྣམ་པ་ཚོ་སྐུ་ན་བགྲེས་པས་སྤྱན་གྱིས་མ་གཟིགས་པ་དང༌། ཕྲུ་གུ་ཚོ་ནི་དབྱིན་ཇིའི་སློབ་གྲྭར་ཡོད་པ་དང༌། སློབ་གྲྭ་ནས་ཐོན་ཟིན་ཡང་ཕྱི་རྒྱལ་ཁག་ལ་ཡོད་སྟབས་ཉེ་འཁོར་དུ་བཀའ་འདྲི་ཞུ་ཡུལ་མེད་པས་ཡིན་སྲིད་པ་དང༌། ཡང་ན་རང་ཉིད་བཀའ་ཁྲིའི་མིང་བྱང་འོག་བཞུགས་སྐབས་སུ་འགན་འཁྱེར་མ་ཐུབ་པ་དང་སྒྲུབ་མ་ཐུབ་པ། བྱེད་མ་ཐུབ་པ་མང་པོ་ཞིག་བཀའ་ཤག་སྐབས་བཅུ་གཉིས་པ་དང༌། སྐབས་བཅུ་གསུམ་པའི་སྐབས་སུ་བརྩམས་ཡོང་དུས། སུ་པན་རང་གིས་ཟ་དུས་ཁ་ཚ། གཞན་གྱིས་ཟ་དུས་མིག་ཚ་ཟེར་བའི་དཔེ་ལྟར། གཞན་གྱི་མཚན་མཐོང་དང༌། གཟི་བརྗིད་དང༌། མཛད་རྗེས་བཅས་རྣམས་ཉམས་དམས་སུ་གཏོང་ཕྱིར་དུ་བསྙོན་འདིང་བ་ཡིན་ན་ནི། ང་ཚོ་བཙན་བྱོལ་གཞུང་གི་མཚན་མཐོང་དང་གཟི་བརྗིད་ཉམས་དམས་སུ་འགྲོ་རྒྱུ་ལས་གྲྭ་རྐྱང་ཞིག་ལ་ཕན་གནོད་ཅི་ཡོད། དེ་ལས་མཐོ་རིམ་མི་སྣ་ཚོ་གཙོ་བོར་གྱུར་པའི་གཞུང་དམངས་ཡོངས་རྫོགས་འཆམ་མཐུན་བྱ་རྒྱུ་ནི་གནད་དམ་པ་ཞིག་ཡིན་ཏེ་འཆམ་མཐུན་ནི་གཅིག་སྒྲིལ་གྱི་རྩ་བ་དང༌། གཅིག་སྒྲིལ་ནི་སྟོབས་ཤུགས་ཀྱི་རྩ་བ་ཡིན་པས་སྟོབས་ཤུགས་ཡོད་ན་དགྲ་ཕྱོགས་ལས་རྣམ་པར་རྒྱལ་ཞིང་རང་གི་མངོན་འདོད་བདེ་བླག་ངང་བསྒྲུབ་ཐུབ་ཅེས་ཞུ་སྤོབས། བདེན་པ་རྒྱལ་གྱུར་ཅིག རྫུན་པ་ཕམ་གྱུར་ཅིག བོད་རྒྱལ་ལོ།། ཚེ་དབང་མཐར་ཕྱིན་ནས།