འཐབ་ཕྱོགས་གཅིག་ཐོག་ཐབས་བྱུས་གཅིག་གྱུར།

ཉེ་སྔོན་ཕྱི་ཟླ་༩ ཚེས་༢༢ ཉིན་གངས་སྐྱིད་དུ་བགྲོ་གླེང་ཚོགས་འདུའི་ཐོག་ང་ནི་དབུ་མའི་ལམ་ཡག་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བཤད་པ་ཡིན། དྲི་བ་དྲིས་ལན་གྱི་སྐབས་ངས་བརྗོད་དགོས་པ་ནི་ད་ལྟའི་རྒྱ་ནག་དམར་པོའི་གཞུང་གི་སྲིད་བྱུས་ལ་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་ཐབས་ལག་ལེན་དངོས་བསྟར་བྱེད་བཞིན་པ་མཐར་སྐྱེལ་བྱ་རྒྱུ་ལས། དབུ་མའི་ལམ་ལ་ཐག་གཅོད་གང་ཡང་མི་བྱ་རྒྱུར་ནང་དོན་ཐག་གཅོད་གཙང་མ་བྱས་ཡོད་པ་རེད།

གོང་གསལ་བགྲོ་གླེང་སྐབས་ངས་བཤད་པ་ལྟར། ང་རང་ཕྱི་ལོ་༡༩༩༠ ལོ་དཀྱིལ་ནས་༡༩༩༣ ལོ་སྟོད་བར་དང༌། ༡༩༩༦ ལོར་ཨ་རིར་སྡོད་སྐབས་རྒྱ་མི་ཚོགས་འཛོམས་དང་སྒེར་ཐུག་གང་སར་རང་ཉིད་ྋགོང་ས་ཆེན་པོའི་བཀའ་འབྲེལ་མཛད་རྣམ་རྩོམ་སྒྲིག་ཞབས་ཞུར་བཅར་ནས་བཀའ་སློབ་སྔ་ཕྱི་ཐོབ་པས། ངའི་སེམས་པ་རྒྱ་མི་ལ་དགྲ་འཛིན་མི་བྱེད་པའི་བསམ་ཕྱོགས་སུ་སྒྱུར་ཐུབ་པ་བྱུང་བའི་སྐོར་དང༌། དབུ་མའི་ལམ་གྱི་སྐོར་གྲོས་མོལ་བྱུང་ཞིང༌། དེ་སྐབས་དམངས་གཙོ་དོན་གཉེར་བ་ཁོང་ཚོས་ཏཱ་ལའི་བླ་མ་མཆོག་གི་དགོངས་བཞེད་དབུ་མའི་ལམ་དེ་ཡག་པོ་འདུག རྒྱ་བོད་མི་རབས་རྗེས་མ་དང་བཅས་པ་ཚང་མ་འཆམ་མཐུན་བདེ་སྐྱིད་མཉམ་སྤྱོད་བྱ་རྒྱུ་ཡོད་པ་ཞིག་རེད། དམིགས་ཡུལ་དེ་ནི་རྒྱ་ནག་དམངས་གཙོའི་གཞུང་ཞིག་གསར་འཛུགས་མ་ཐུབ་བར་དུ་འགྲུབ་ཐབས་ཡོད་པ་མ་རེད་ཅེས་བརྗོད་བྱུང༌།

ཡང་ཁོང་ཚོས་རྒྱ་ནག་དམངས་གཙོའི་གཞུང་ཞིག་གསར་འཛུགས་ཐུབ་རྒྱུར་ངེས་པ་དང༌། དེ་སྐབས་བོད་དེ་རྒྱ་ནག་གི་”ལན་པང་”ཞིག་ཆགས་རྒྱུའི་ཐབས་ལམ་ཡོད་པ་རེད། ཡིན་ནའང་བོད་པ་ཚོས་རྒྱ་མི་དགྲ་ལ་མ་བསམས་པར་ཏཱ་ལའི་བླ་མ་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་བརྟན་པོར་བཟུང་ནས་ད་ལྟའི་རྒྱ་ནག་གི་གཞུང་ལ་འབྲེལ་བ་མ་ཆད་པ་བྱ་དགོས་ཀྱི་གནད་འགག་གསལ་བརྗོད་བྱས་བྱུང༌། དེ་ནི་རྒྱ་ནག་ནང་རྒྱ་དམར་གཞུང་གི་སྲིད་བྱུས་རྩ་བཟུང་གི་སློབ་གྲྭ་ཐོན་ནས་རྒྱ་གཞུང་གི་ལས་ཁུར་བླངས་པའི་ཉམས་མྱོང་ཅན་གྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ལྟ་སྤྱོད་དང༌། ཉེ་ཆར་ཨ་རིའི་བོད་སྐད་རླུང་འཕྲིན་ཐོག་རྒྱ་ནག་ནས་སློབ་ཐོན་ཟླ་སྒྲོན་ལགས་དང་བཟོད་པ་ལགས་ཀྱིས་འཕྲལ་ཕུགས་བསམ་ཞིབ་བྱས་པའི་བསམ་འཆར་ཡང་དག་པ་དང་ཕྱོགས་མཐུན་ཞིག་འདུག

རྒྱུ་མཚན་གོང་གསལ་ལ་བརྟེན་ཕྱི་ཟླ་༩ ཚེས་༢༣ དགོང་དྲོ་ཨ་རིའི་རང་དབང་རླུང་འཕྲིན་ཐོག་ཀླུ་མཁར་བྱམས་ལགས་སུ་གནས་འདྲི་བྱས་པ་གསལ་ཐོས་བྱུང་བས་རྐྱེན་བྱས་ཏེ་ངས་ཕྱི་ཚེ་༢༤ ཞོགས་པ་ཀླུ་མཁར་བྱམས་ཁོང་ལ་ཁ་པར་བཏང་ནས། ཁྱེད་རང་གིས་ྋརྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གྱི་སྲིད་བྱུས་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱེད་པ་དེ་མ་འགྲིགས་པའི་སྐོར་སོགས་བསམ་འཆར་བཤད་པ་གཤམ་གསལ།

ང་ཁྱེད་རང་གི་བོད་ཞེན་ལ་རྒྱ་དང་ཤེས་ཡོན་ལ་རྗེས་སུ་ཡི་རང་ཡོད། ཡིན་ན་ཡང་ཁྱེད་རང་གི་ལྟ་བ་འཁྱེར་སྟངས་ནས་ང་ཚོས་ཉིན་རེའི་སྨོན་ལམ་དང༌། ལྷག་པར་གཞུང་དམངས་སྤྱི་ནས་ྋགོང་ས་མཆོག་ལ་བརྟན་བཞུགས་འབུལ་སྐབས། “ཕྱག་ན་པད་མོའི་བྱིན་རླབས་བདུད་རྩིའི་རྒྱུན།། བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང༌།། བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས།། ཀུན་བཟང་སྤྱོད་མཆོག་རྒྱ་མཚོ་མཐར་སོན་ཤོག།”ཅེས་ལག་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པའི་ཀུན་སློང་དང་ཆོས་དད་ཅིག་ཁྱེད་རང་ལ་ཡེ་ནས་མེད་པར་མངོན་གྱི་འདུག

དེ་བཞིན་ཁྱེད་རང་གིས་ཚེས་༢༢ ཉིན་བགྲོ་གླེང་ཚོགས་འདུའི་ཐོག་ཚིག་ངན་དེ་འདྲ་ཐོན་སོང་བ་དེ་རིགས་ནི། བོད་མི་རིགས་ཀྱི་བསམ་བློ་མིན་པ་དང༌། ལྷག་པར་ྋརྒྱལ་བ་སྐུ་གོང་མས་མན་ཇུའི་གོང་མའི་ཡུམ་ལ་ཕྱག་བཙལ་བ་རེད་ཅེས་བརྗོད་སོང་བ་དེ་ནི་དངོས་དོན་མ་རེད། ངས་ཁུངས་སྐྱེལ་བྱེད་ཀྱི་ཡིན། ཁྱེད་རང་གིས་སོ་སོ་བོད་པའི་ཚིག་དོན་ཡག་པོ་ཤེས་པའི་སྒོ་ནས་ཚིག་བེད་སྤྱོད་བྱ་དགོས། དེང་སྐབས་ཀྱི་བོད་པ་བློ་གསར་བའི་སེམས་ནང་ལ་ཚིག་ངན་མ་དག་པ་དེ་རིགས་མ་བསླེབས་པ་བྱེད་རོགས། ངས་ཁྱེད་རང་ལ་ཤ་ཚའི་ཁ་ནས་གཏམ་ངན་ཐོན་སོང༌། ཚིག་པ་མ་ཟ་རོགས་ཞེས་བརྗོད་པ་ཡིན།

མཐའ་དོན་ང་ནི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རར་མང་ཚོགས་ལ་བཀའ་ཤག་གི་ལས་བསྡོམས་སྙན་སེང་ལྟ་བུའི་གསུང་བཤད་གནང་བ་དེ་སེམས་གཏིང་དུ་འཆང་བཞིན་མཇུག་བསྡོམས་གསུང་བཤང་ནང་”བྱ་བ་ཐམས་ཅད་ྋགོང་ས་ཆེན་པོའི་དགོངས་པ་དང་མ་མཐུན་པ་དང༌། བཀའ་སློབ་དང་འགལ་ན་རྩ་དོན་ལ་གནོད་པ་ལས་ཕན་ཐོགས་མེད་”ཅེས་དང༌། “བསྐྱར་ལྡབ་ཡང་ལྡབ་ཀྱིས་ྋརྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་ཤར་བསྐྱོད་དགོས་པ་དང༌། བཀའ་དང་མཐུན་པར་འགྲོ་དགོས་པ་གལ་ཆེན་པོ་ཡིན་པ་དེ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བཙན་བྱོལ་མང་ཚོགས་ལ་ལམ་སྟོན་ཞུ་རྒྱུ་གལ་གནད་ཆེ་ཤོས་དེ་ཡིན་”ཞེས་དང༌། ཡང་”ང་ཚོའི་ཆིག་སྒྲིལ་གྱི་ནུས་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུའི་ནུས་པ། འཚེ་མེད་ཞི་བའི་ལམ་ལ་མཐའ་གཅིག་ཏུ་གནས་ཐུབ་པ་བྱེད་རྒྱུ་རྣམས་ང་ཚོའི་ལག་ཆ་བླ་ན་མེད་པ་དེ་རེད་”ཅེས་དང༌། “ང་ཚོའི་འཐབ་རྩོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཉུང་ཤས་ཤིག་དང་མཉམ་དུ་རེད་མ་གཏོགས། རྒྱ་ནག་གི་མི་རིགས་དང་རྩ་བ་ནས་མ་རེད་”ཅེས་དང༌། “ལྷག་པར་དུ་རྒྱའི་མི་རིགས་དང་མཐུན་འབྲེལ་ཡག་པོ་བཟོ་དགོས་པ་གལ་ཆེན་པོ་ཆགས་ཡོད་”ཅེས་གསུངས་པ་སེམས་བཅངས་ལག་བསྟར་བྱེད་ཀྱི་ཡོད་ལ། མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཀུན།། མགོན་ཁྱོད་ཚུལ་བཞིན་བསྟེན་པའི་རྗེས་འགྲོ་བར།། མཐོང་ནས་ལུས་དང་སྲོག་ཀྱང་ཡོངས་བཏང་སྟེ།། ཁྱོད་མཉེས་ཁོ་ན་སྒྲུབ་པར་བྱིན་གྱིས་རློབས།། ཞེས་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། གང་ལྟར་ཡང་རང་ཅག་ཚང་མས་བསྒྲུབ་བྱ་གཅིག་དང་འཐབ་ཕྱོགས་གཅིག་ཐོག་ཐབས་བྱུས་གཅིག་གྱུར་གྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་བ་ཞིག་བྱུང་ན་ཅི་མ་རུང་བསམ་བཞིན་ཡོད་ཞུ་བཅས།།  སྣར་སྐྱིད་ངག་དབང་དོན་གྲུབ་ཀྱིས།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།