ཚང་མ་འབབ་ས་གཅིག་ལ་འབབ་ཐུབ་སོང༌།
དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་འཚོགས་གྲུབ་པ་དང༌། ཚོགས་ཆེན་སྐབས་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང༌། རྒྱལ་སྤྱིའི་གནས་བབས་བཅས་ཀྱི་འོག་བོད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ལ་ཚོགས་ཆུང་ཁག་བཅོ་ལྔར་བགོས་ནས་བགྲོ་གླེང་གང་མང་གནང་བ་དང༌།
སྐབས་དེ་དུས་ཚོགས་མི་ཚོས་རང་ཉིད་ཀྱི་ལྟ་ཚུལ་དང་འབྲེལ་ནས་རང་བཙན་དང་ལམ་དབུ་མའི་སྐོར་གྱི་དགེ་མཚན་གླེང་རེས་ཀྱང་བྱས་ཡོད་པ་མ་ཟད། ས་གནས་ཁག་ནས་མི་མང་གི་བསམ་ཚུལ་བསྡུ་རུབ་གང་མང་བྱུང་ཡོད་པ་དང༌། བོད་ནང་ནས་ཀྱང་བོད་མི་མང་པོ་ཞིག་གི་བསམ་ཚུལ་ཡང་འབྱོར་ཡོད་པ་རེད། ཆབ་སྲིད་ཀྱི་ལངས་ཕྱོགས་དང་དམིགས་ཡུལ་མི་མཚུངས་པའི་རྐྱེན་གྱིས་མཐའ་མ་འབབ་ས་གཅིག་ལ་འབབ་ཐུབ་མིན་སྐོར་ལ་དོགས་པ་སྐྱེ་མཁན་གང་མང་བྱུང་ཡོད་ཀྱང༌། མཐར་ཐུག་རང་བཙན་འདོད་མཁན་དང༌། ལམ་དབུ་མའི་ལྟ་ཚུལ་འཛིན་མཁན་ཚང་མས་ཚོགས་འདུའི་མཇུག་བསྡོམས་ལ་འགྲིག་རྟགས་རྒྱག་བཞིན་གྲོལ་ཡོད་པ་རེད། ཐོག་མ་བགྲོ་གླེང་གནང་བའི་སྐབས་རང་བཙན་འདོད་མཁན་དག་གིས་ས་གནས་མི་མང་གི་བསམ་ཚུལ་བསྡུ་བའི་སྐབས་དྲིལ་བསྒྲགས་འཁྱོག་བཤད་བྱེད་མཁན་གང་མང་བྱུང་བ་དང༌། ས་གནས་སུ་རྒན་རྒོན་བགྲེས་སོང་ལས་ན་གཞོན་ཤེས་ཡོན་ཅན་ཉུང་བ། ད་དུང་ས་གནས་ཚང་མའི་ནང་བསམ་ཚུལ་བསྡུ་སྐབས་ྋགོང་ས་མཆོག་གིས་བོད་ཁྱིམ་གྱི་མཛད་སྒོར་བཀའ་སློབ་གནང་རྒྱུ་ཡིན་པ་དང༌། བོད་རྒྱའི་སྐུ་ཚབ་ཐུག་འཕྲད་ཐེངས་བརྒྱད་པ་ཡང་ཡོང་རྒྱུ་ཡིན་པ། ལྷག་པར་དུ་རྒྱ་ནག་གཞུང་གིས་ཕྱི་ཟླ་༡༡ པའི་ཚེས་༦ དང་ཕྱི་ཟླ་༡༡ ཚེས་༡༠ གཉིས་ལ་བོད་ལ་མཇུག་བསྡོམས་བརྒྱབ་པ་དེ་ཡང་ས་གནས་མི་མང་ལ་བསམ་ཚུལ་བསྡུ་རུབ་བྱེད་པའི་སྐབས་ཤེས་རྟོགས་གཏན་ནས་བྱུང་མེད་སྟབས། བསམ་ཚུལ་བསྡུས་པ་དེ་ཡང་དག་པ་ཞིག་བྱུང་མེད་ཚུལ་ཡང་བརྗོད་མཁན་མང་པོ་བྱུང་ཡོད་པ་རེད། དབུ་མའི་ལམ་འདོད་མཁན་ཚོས་བོད་ནང་གི་མི་མང་གི་ངོས་ནས་ྋགོང་ས་མཆོག་གིས་བཀའ་ག་རེ་གནང་ཡང་དེའི་ཐོག་ལ་ཤར་བསྐྱོད་དགོས་ཚུལ་བརྗོད་མཁན་བརྒྱ་ཆ་ཧ་ཅང་མང་བ་བྱུང་ཡོད་པ་དང༌། བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ནས་མི་མང་ལ་བསམ་ཚུལ་བསྡུ་རུབ་བྱས་པར་དབུ་མའི་ལམ་ལ་མང་ཕྱོགས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་ཚུལ་རྒྱུ་མཚན་དུ་དྲངས་ནས་ལམ་དབུ་མ་རང་དུ་ཤར་བསྐྱོད་དགོས་པའི་འགྲེལ་བརྗོད་གནང་ཡོད།
རང་བཙན་འདོད་མཁན་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མེད་ཀྱང་ྋགོང་ས་མཆོག་གི་དབུ་ཁྲིད་འོག་ཤར་བསྐྱོད་བྱེད་རྒྱུར་མོས་མཐུན་རྒྱབ་སྐྱོར་བྱས་པས། “སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་སྲིད་བྱུས་ལམ་སྟོན་ཅི་སྩལ་ལ་ཤར་བསྐྱོད་བྱ་རྒྱུར་སྤྱི་མོས་དང༌། མུ་མཐུད་དབུ་མའི་ལམ་དུ་བསྐྱོད་རྒྱུར་མང་མོས། ལྷག་པར་འདས་པའི་རྒྱ་གཞུང་གི་བྱེད་བབ་ལ་གཞིགས་ཏེ། ད་ཡོད་འབྲེལ་མོལ་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང༌། དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང་རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་འཆར་ཡང་ཤུགས་ཆེ་བྱུང”ཡོད་པ་རེད། གནད་འགག་འདིའི་ཐོག་ལ་ཕྱོགས་ཡོངས་ནས་བསམ་བློ་གཏོང་སའི་གཞི་ཆེན་པོ་ཡོད་པ་དང༌། དུས་ཐུང་ནང་རྒྱ་ནག་གཞུང་གིས་བོད་དོན་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་མ་བཏང་ན། བོད་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་སྐོར་ལ་གྲོས་བསྡུར་བྱེད་སའི་གཞི་འཛིན་ས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་མ་ཟད། རྒྱ་ནག་གཞུང་ལའང་གོང་གི་ཚིག་དོན་དེའི་ནང་བརྡ་ལན་ཆེན་པོ་ཞིག་ཀྱང་བཏང་ཡོད་པ་རེད། ཚོགས་ཆེན་འདིར་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་རྒྱལ་ཁབ་ཁག་བཅུ་དགུའི་ནང་ནས་ཆབ་སྲིད་ཀྱི་མི་སྣ་གལ་ཆེ་ཤོས་ཚང་མ་ཕེབས་ཐུབ་ཡོད་ལ། འདས་པའི་ལོ་རྒྱུས་སུ་བྱུང་མ་མྱོང་བ་ལྟ་བུའི་གལ་ཆེའི་མི་སྣ་འདུ་འཛོམས་བྱུང་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན་ཚོགས་ཆེན་འདིའི་སྐབས་སུ་རང་བཙན་གླེང་མཁན་ནི་ས་ཕྱོགས་ཀྱི་ཆ་ནས་བཤད་ན་ཕྱི་རྒྱལ་ཁག་ནས་ཕེབས་པ་རྣམས་གཙོ་བོ་ཡིན་པ་དང༌། ལས་དོན་གྱི་ཆ་ནས་བོད་གཞུང་གི་ལས་བྱེད་མིན་པའི་མི་སྣ་རྣམས་གཙོ་བོ་ཡིན། རྒན་གཞོན་གྱི་ཆ་ནས་ན་གཞོན་རྣམས་གཙོ་བོ་ཡིན་པ་རེད། ཚོགས་ཆུང་གཅིག་གི་ནང་དུ་ཕྱི་རྒྱལ་ནས་ཕེབས་པའི་བོད་རིགས་བུ་མོ་ཆུང་ཆུང་ཞིག་གིས། “རྒན་པ་རྣམས་ཀྱིས་ང་ཚོ་ལ་མ་འོངས་པའི་སོན་རྩའམ་བདག་པོ་རེད་ཟེར་གྱི་འདུག དེ་འདྲ་ཡིན་ན་ང་ཚོའི་བསམ་ཚུལ་དང་རེ་བ་ལ་རྒྱབ་སྐྱོར་གནང་རོགས། ང་ཚོའི་རེ་བ་དང་བསམ་ཚུལ་ནི་རང་བཙན་ཡིན། གལ་སྲིད་ང་ཚོའི་སེམས་ཚོར་དང་རེ་བ་ལ་བདག་པོ་མ་བརྒྱབ་ན་འདིར་ཡོང་དགོས་དོན་ཡང་མི་འདུག”ཅེས་སེམས་ཚོར་ཆེན་པོའི་ཐོག་ནས་བཤད་ཡོད་པ་རེད། མདོར་ན་བགྲོ་གླེང་སྐབས་རང་ཉིད་ཀྱི་ལྟ་ཚུལ་གང་ཡོད་ཁ་གཏད་ཀྱི་ཚུལ་དུ་སྦ་གསང་གང་ཡང་མེད་པར་བཤད་ཡོད་ཀྱང༌། མཐར་ཐུག་མཇུག་བསྡོམས་ཀྱིས་ཚང་མའི་འདོད་བློ་མ་ཁེངས་པ་བྱུང་མེད།།