ང་ཚོ་རྒྱ་ནག་གཞུང་གིས་བློས་བཏང་སོང༌།
ཆབ་སྲིད་དང་རིག་གནས་ལ་མྱོང་བ་ཞན་པའི་ས་མཐའི་བུ་བདག་ལྟ་བུའི་ཀློག་པ་པོ་རྣམས་ལ་བསམ་ཚུལ་བཤད་ཁུལ་བྱས་ན་འོས་འཚམ་ཞིག་མི་འདུག་མོད། ཤ་ཁྲག་རུས་གསུམ་གཅིག་ཏུ་འདྲེས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གི་རྣམ་ཤེས་ཀྱི་ཀི་སྒྲ་ཞིག་གིས་བཞེངས་སྐྲུན་བྱས་པའི་གནོན་ཤུགས་ཀྱིས་སེམས་ཚོར་འགའ་ཞིག་མི་བཤད་ཀ་མེད་བྱུང་པས་དགོངས་འགལ་མེད་པ་ཞུ།
ང་ཚོས་མགོ་རྒྱ་གར་སྐད་ནས་མཚམས་བཞག་དགོས་པའི་གནད་དོན་ཆེན་པོ་གཉིས་ཡོད། ༡༽ལམ་དབུ་མའི་ལངས་ཕྱོགས་འཛིན་མཁན་རྣམས་ལ་དད་པ་ཡོད་རབ་དང༌། ༢༽རང་བཙན་རྩོད་མཁན་རྣམས་ལ་སེམས་ཤུགས་ཡོད་རབ་བཤད་ནས་སྤྱི་ཚོགས་ཁ་འཐོར་དུ་འགྲོ་བའི་གླེང་ཕྱོགས་ཤིག་ཁྱབ་བཞིན་ཡོད་པ་འདི་ལ་ཁུངས་ལུང་རྩ་བ་ནས་མེད། དད་པ་ནི་ང་ཚོ་ཚང་མ་ལ་ཡོད་ལ། འགག་ལ་ཐུགས་ན་སེམས་ཤུགས་ཀྱང་ཚང་མ་ལ་འདུག ང་ཚོ་དད་པ་དང་སེམས་ཤུགས་གཉིས་ཀ་ཡོད་པའི་མི་རིགས་ཤིག་ཡིན།
ང་ཚོའི་དམིགས་ཡུལ་ནི་རང་བཙན་གཙང་མ་རེད། བོད་མིའི་ཆིག་སྒྲིལ་ནི་ཆབ་སྲིད་ཀྱི་གོ་རྟོགས་ལ་རག་ལས་ཡོད་སྙམ། སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་གནད་ཆེན་པོ་ཞིག་ཏུ་ངོས་འཛིན་མཁན་ཞིག་ཡིན། གོ་བ་ལོག་སྒྲུབ་བྱས་ནས་རྫོགས་རྒྱུ་མེད་པའི་རྩོད་པ་ཞིག་བྱས་ནས་ཕན་ཐོགས་གང་ཡང་མེད་ཁར་ཉེན་ཚབས་ཅན་དུ་མི་འགྱུར་བའི་ངེས་པ་ཡང་མི་འདུག དམིགས་བསལ་ཚོགས་ཆེན་མ་འཚོགས་སྔོན་ཚོགས་པ་འགའ་ཞིག་གིས་ལམ་དབུ་མའི་ཐོག་ལ་རྒྱབ་སྐྱོར་དགོས་རབ་བཤད་ནས་ལས་འགུལ་ཞིག་སྤེལ་སོང༌། ངས་དེ་དུས་ནས་དམིགས་བསལ་ཚོགས་ཆེན་གྱི་གྲུབ་འབྲས་རགས་རིམ་ཞིག་རྟོགས་ཐུབ་སོང༌། ལས་འགུལ་དེའི་གཙོ་འཛིན་འགའ་ཞིག་གིས་ལོག་འགྲེལ་བྱས་པ་ལ་བརྟེན་ནས་སྤྱི་ཚོགས་ནང་ས་བོན་ངན་པ་ཞིག་བཏབ་ཡོད། དཔེར་ན། རང་བཙན་རྩོད་མཁན་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་རྒྱབ་འགལ་བྱས་ཡོད་པ་དང༌། རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ཐམས་ཅད་དབུ་མའི་ལམ་གྱི་ནང་དུ་འདུས་ཚུལ་བཤད་ནས་ཤེས་ཡོན་མེད་པའི་རྒན་རབས་རྣམས་དང༌། ལོ་ཆུང་སློབ་མ་རྣམས་མགོ་རྨོངས་སུ་བཅུག་ཡོད་པ་དེས་དམིགས་བསལ་ཚོགས་ཆེན་གྱི་སྐབས་སུ་འདོད་བློ་མ་ཁེངས་པའི་ཚོགས་མི་མི་ཉུང་བ་ཞིག་བྱུང་བའི་རྒྱུ་རྐྱེན་དུ་ངོས་འཛིན་བྱེད་ཆོག་པ་ཞིག་རེད། དེའི་ཞོར་ལ་ཤེས་ཐུབ་པ་ནི་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་ལ་ལོག་འགྲེལ་བྱས་ཡོད་པ་དེ་རེད། ཕྲན་དམིགས་བསལ་ཚོགས་ཆེན་རྗེས་སུ་བསྐྱར་ཞིབ་ཚོགས་འདུ་ཞིག་ལ་བཅར་སྐབས་ཚོགས་བཅར་བ་འགའ་ཞིག་གིས་ཁ་གསལ་པོའི་ཐོག་ནས་བསམ་ཚུལ་གསུངས་རྒྱུར། རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་ལ་མོས་མཐུན་མེད་ཟེར་བ་དང༌། ཁོང་གི་བཀའ་ལ་མི་ཉན་པ་དེ་སེམས་ཕམ་ཆེན་པོ་ཡོད་ཟེར། འདིའི་དམིགས་བསལ་ཚོགས་ཆེན་སྐབས་སུ་རང་བཙན་གླེང་བའི་ནག་ཉེས་དང༌། རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རྣམས་ཀྱིས་ཧ་ལམ་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུ་གི་ཡོད་པའི་སྐད་ཆ་བཤད་མཁན་མང་དག་ཅིག་ཡོད་པ་རེད། འདི་ཤེས་ལྡན་མི་སྣ་རྣམས་ཀྱིས་ཆེས་ཉེན་ཚབས་ཅན་ཞིག་ལ་གཟིགས་ཀྱི་ཡོད་ཀྱང༌། ད་དུང་སྐུ་ངོ་འགའ་ཞིག་གིས་ཁ་མར་འཁོར་ནས་ཡིན་མདོག་མདོག་བྱས་ནས་བཀའ་སློབ་གནང་བཞིན་པ་འདི་དག་གིས་འགན་ཁུར་ཡོད་པའི་ཐོག་ནས་བསམ་བློ་བསྒྱུར་བཅོས་གཏོང་དགོས་པའི་དུས་ལ་སླེབས་ཡོད། ལམ་དབུ་མ་ལ་མོས་མཐུན་མེད་པ་དང༌། ྋགོང་ས་མཆོག་ལ་དད་པ་མེད་པ་གཉིས་འབྲེལ་བ་མེད་ནའང༌། དེ་གཉིས་གཅིག་ཡིན་མདོག་མདོག་བྱས་པ་སོགས་ནི་བསམ་བློ་མ་བཏང་བའི་ནོར་འཁྲུལ་ཞིག་ཡིན་ན་བཅོས་སླ། འདིའི་རྒྱབ་ལྗོངས་ང་ཚོས་ངེས་པར་དུ་ལྟ་དགོས་པ་ལས་དུག་སྨན་ཁུག་ནང་ནས་མི་ལངས་བའི་ངེས་པ་མེད། ཡང་གྲྭ་པ་ཞིག་གིས་ྋགོང་ས་མཆོག་གིས་རང་བཙན་བློས་བཏང་བ་རེད་གསུངས་སོང༌། འདིའང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཟེར་མཁན་ཞིག་རེད་མོད། ཆབ་སྲིད་ཀྱི་གོ་རྟོགས་ནི་སྙིང་རྗེ་བ་ཞིག་སྟེ། གལ་སྲིད་ྋགོང་ས་མཆོག་གིས་རང་བཙན་བློས་བཏང་ཡོད་ན་ང་ཚོས་དབུ་མའི་ལམ་ལ་དུས་བཀག་བྱེད་དགོས་ནའང་ཁོང་གི་བཀའ་དང་འགལ་གྱི་རེད་ལ། རང་བཙན་ཡང་རྩོད་དགོས་དོན་མེད་པ་རེད། ཚོགས་ཆེན་འདུའི་གོ་སྐབས་ཀྱང་ཁོང་གིས་གནང་ཤེས་སམ། འདི་དག་ནི་གཞི་རིམ་མང་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་སྐྱོ་དྲགས་པའི་རྐྱེན་གྱིས་བྱས་པ་རེད། ད་ནི་ང་ཚོས་ནང་ཁུལ་ལ་རང་བཙན་དང་དབུ་མའི་ལམ་མི་རྩོད་པར་གཞི་རིམ་མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་བཏང་བ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་ཆགས་འདུག སངས་རྒྱས་ཆོས་ལུགས་ནས་གསུངས་པ་བཞིན་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་མཁན་དེ་ཡང་མཚན་ཉིད་ཚང་བའི་ཆབ་སྲིད་ཀྱི་བླ་མ་ཞིག་དགོས་པ་ལས། ཕན་ལས་གནོད་ཆེ་བའི་ལུས་འགུལ་ཡང་ཆགས་སྲིད་པ་ཞིག་རེད། གོ་རྟོགས་གང་སྤེལ་བ་དེ་གསལ་པོ་བཟོ་དགོས་པ་དེ་གནད་འགག་ཅིག་རེད། དཔེར་ན། ྋགོང་ས་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་ལས་བློས་བཏང་མེད་པ་དང༌། རྒྱ་ནག་གཞུང་གིས་དབུ་མའི་ལམ་ཚད་ལྡན་ཞིག་སྤྲད་པའི་རྗེས་སུ་རང་བཙན་རྩོད་མཁན་རྣམས་བོད་ལ་ལོག་རྒྱུ་ཡིན་པ་དང༌། མ་འོངས་པ་ལའང་ྋགོང་ས་མཆོག་གིས་རང་བཙན་རྩོད་རྒྱུ་མིན་པ་སོགས་ཆབ་སྲིད་ཀྱི་འགག་སྒོ་ཁ་ཤས་ཕྱེ་ཐུབ་ན་ང་ཚོས་མ་འོངས་པ་ལངས་ཕྱོགས་གང་བཟུང་ནའང་ཤར་བསྐྱོད་ཐུབ་པའི་དགེ་མཚན་ཆེན་པོ་ཡོད། ལྷག་པར་དུ་ྋགོང་ས་མཆོག་གིས་མ་འོངས་པ་ལའང་རང་བཙན་རྩོད་རྒྱུ་མིན་པ་ཤེས་དགོས་པ་དེ་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། འདི་གསལ་པོ་ཞིག་མ་བྱས་ན་བོད་དོན་འཐབ་རྩོད་ཀྱི་བརྒྱུད་ལམ་ནང་རྐྱེན་ངན་ཞིག་འཕྲད་པ་ལ་ཐེ་ཚོམ་མེད་པ་ཞིག་རེད་སྙམ། རྒྱུ་མཚན་འདི་ལ་བརྟེན་ནས་སྤྲང་ཕྲུག་ང་ཡང་གཉིད་སད་བཞིན་ཡོད། བོད་མི་མང་པོ་ཞིག་གཉིད་སད་འདོད་མེད་པའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད། ད་ནི་ང་ཚོས་རྩ་རྒྱུས་རུས་ཁྲག་ཚང་བའི་གཟུགས་པོ་ཞིག་བཟོས་ནས་རང་བཙན་གཙང་མའི་ལམ་བརྒྱུད་མགོ་འཛུགས་དགོས། དེ་ལས་གཞན་པའི་ལམ་ཁ་ཞིག་གཏན་ནས་མེད། རང་སྲིད་རང་སྐྱོང་ཞེས་པ་དེ་རྒྱ་ནག་དམར་གཞུང་གི་སྲིད་ཇུས་དུག་ཆུ་ཁོལ་མའི་ནང་དུ་ཡོང་རྒྱུ་མེད་པའི་མར་གྱི་འཐེན་ཐུག་ཅིག་དང་ཕྱོགས་ཀུན་ནས་མཚུངས། ལོ་རབས་བདུན་ཅུའི་ནང་ལ་ཏིང་ཞའོ་ཕིང་གིས་སྐྱག་རྫུན་ཆེན་པོ་ཞིག་གིས་མི་ལོ་སུམ་ཅུའི་རིང་ང་ཚོ་མགོ་རྨོངས་སུ་བཅུགས་ཡོད། ད་ནི་ང་ཚོ་རྨོངས་གཉིད་དེ་ལས་ངེས་པར་དུ་སད་དགོས། རྒྱ་ནག་དམར་གཞུང་གིས་དུས་རྒྱུན་གྱི་བཤད་ཡམས་ཤིག་ནི་བོད་རྒྱ་ཆེའི་མི་མང་འདོད་བློ་ཁེངས་ནས་ཡོད། ཏཱ་ལའི་བླ་མ་གཙོ་བྱས་པའི་བོད་མི་ཉུང་ཤོས་ཤིག་གིས་མེས་རྒྱལ་ཁ་བྲལ་དུ་བཏང་བཞིན་ཡོད་ཟེར་བ་དང༌། ཏཱ་ལའི་བླ་མས་བོད་ཀྱི་སྐུ་ཚབ་མཚོན་མི་ཐུབ་ཟེར་བ་གཉིས་ནི་གནད་གཅིག་རེད། བསམ་བློ་ཞིབ་ཏུ་བཏང་ན། བོད་ནི་བོད་མི་མང་ལ་དབང་པ་ལས་གཞན་སུ་ལའང་མི་དབང༌། བོད་དོན་འདི་བོད་མི་ཁྱོན་ཡོངས་ཀྱི་མངོན་འདོད་ཀྱི་ཡལ་ག་རྒྱས་མིན་གྱིས་ཐག་བཅད་པ་ལས། བོད་མི་རེ་གཉིས་ཀྱིས་ཐག་མི་ཆོད་པར་གསལ་པོ་རེད། འདི་ལྟར་མ་རྟོགས་པ་རྣམས་ཀྱིས་བོད་དོན་ནི་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མི་ཁེར་རྐྱང་ཞིག་གིས་སྒྲུབ་ཐུབ་པ་འདོད་པ་ནི་རྦད་དེ་ནོར་བ་ཡིན། དེ་ལྟར་གང་ཟག་རེ་གཉིས་ཀྱིས་བོད་དོན་འདི་ཐག་གཅོད་བྱེད་ཐུབ་ཚེ་ྋགོང་ས་མཆོག་ལས་ལྷག་པའི་དབུ་ཁྲིད་ཞིག་དཀའ་བས། བོད་མི་ས་ཡ་དྲུག་སྐྱིད་བརྒྱབ་ཀྱང་ཆོག་མོད། དོན་དུ་དེ་ལྟར་གཏན་ནས་མིན། ཁོང་གིས་¿ང་རང་གིས་གསལ་བསྒྲགས་བྱས་རུང་ཕན་ཐོགས་མེད་ལ་མཚན་རྟགས་བཀོད་ཀྱང་ཕན་ཐོགས་མེད། བོད་རིགས་མི་མང་གི་འདོད་བློ་ཁེངས་པ་ནི་ཁས་ལེན་ངོ་མ་དེ་རེད། མཐར་བོད་མི་ཚོའི་བསམ་པར་རྒྱ་ནག་ནང་བསྡད་ན་ཁེ་ཕན་ཆེ་བ་ཡོད་པར་འདོད་ཚེ་དེ་ནི་བོད་དེ་ནམ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དབང་བའི་ཁས་ལེན་ངོ་མ་དེ་རེད། “ཅེས་གསུངས་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་རྣམས་རྒྱ་ནག་དང་མཉམ་དུ་སྡོད་འདོད་མེད་པ་ནི་གསུམ་གཅིག་བཞིའི་དོན་རྐྱེན་གྱིས་ར་སྤྲོད་བྱུང༌། རྒྱ་ནག་མི་མང་གིས་ཀྱང་ང་ཚོ་བློས་བཏང་སོང༌། ལམ་དབུ་མ་ནི་ང་དང་ལོ་མཉམ་ཡིན་པས་མ་ཚད། རྒྱ་ནག་དམར་པོས་གཞུང་གི་དམ་བཅའ་ལ་རན་པའི་རྟགས་གསལ་ཞིག་མིན་པའི་ཡིད་ཆེས་རྙེད་སོང༌། སྤྱིར་བཏང་རྒྱ་ནག་གིས་༡༩༨༩ ལོའི་ནང་ཁུལ་ཡར་ལང་དྲུག་བཞིའི་དོན་རྐྱེན་གྱི་སྐབས་ནས་དམ་བཅའ་འདི་འདྲ་ཞིག་བཞག་ཡོད། “བདེ་འཇགས་ལ་གནོད་པའི་རྒྱུ་རྐྱེན་ཡོད་ཚད་མགོ་འབུར་མ་ཐག་རྩ་མེད་བཟོ་དགོས”ཞེས་དང༌། ང་ཚོ་བོད་མི་རིགས་ཐོག་འཛིན་པའི་དམ་བཅའ་ནི་”མགོ་མ་འབུར་ཡང་རྡུང་རྒྱུ་དང༌། མགོ་འབུར་ན་བསོད་རྒྱུ”ཞེས་པ་དེ་ཡིན་པ་གསལ་ཐག་ཆོད་བྱུང་སོང༌། “ཁ་བྲལ་ལ་ངོ་རྒོལ”ཞེས་པའི་མིང་དེའང་གཞན་ཞིག་ཏུ་བསྒྱུར་ཡོད་པ་དཔེར་ན། “འཇིགས་སྐུལ་ལ་ངོ་རྒོལ¿ཟེར་བཞིན་ཡོད། ད་ནི་རྒྱ་ནག་གིས་ལག་ལེན་མ་བྱས་པའི་ཇུས་ངན་གཅིག་ལས་ལྷག་མེད། དེ་ནི་གཞོན་ནུའི་ཚོགས་གཙོའི་གསུང་བཤད་ཅིག་གི་ནང་དུ། “བོད་མི་མང་སྡེབས་གསོད་བྱ་རྒྱུ་དེ་རེད། དེ་ནི་ཁོ་ཚོས་བློ་ཁོག་གི་འདང་གི་མེད་”ཅེས་པ་དེ་རེད། བོད་མི་རིགས་འདི་རྒྱ་རིགས་དང་མཉམ་དུ་བསྡད་ན་ཁེ་ཕན་ཡོད་མེད་ནི། བོད་རང་གི་ས་ནས་རང་ཉིད་གྲངས་ཉུང་མི་རིགས་ཤིག་ཆགས་བཞིན་ཡོད་པ་འདི་དྲག་འགུལ་མེད་པའི་དཔེ་མཚོན་ཆུང་ཆུང་ཞིག་རེད། དེས་ན་ང་ཚོ་ལ་རང་བཙན་གཙང་མ་ལས་ལམ་ཁ་གཞན་མེད། ད་ལྟའི་གནས་སྐབས་སུ་ལྡོག་ཕྱོགས་ནས་བསམ་བློ་ཞིག་ཐོངས་དང་རང་བཙན་འཐབ་རྩོད་ལ་ལམ་ཁ་ཞིག་ཏན་ཏན་འདུག རྒྱ་དམར་གཞུང་གིས་དུས་རབས་ཕྱེད་ཀྱི་ཐོག་མཐའ་བར་གསུམ་དུ་དྲག་གནོན་དང་ཐུབ་ཚོད་ཁོ་ན་ལས་འདོད་བློ་ཁེངས་པའི་བྱ་བ་སྣ་གཅིག་སྟོན་རྒྱུ་མེད། ཉེ་བའི་ཆར་གྱི་གསུམ་གཅིག་བཞིའི་མཚོན་པའི་ཡར་ལང་རབ་དང་རིམ་པ་བྱས་ཤིང༌། དཔའ་བོ་དཔའ་མོ་བགྲང་ལས་འདས་པ་ཞིག་གིས་རང་གི་གཅེས་སྲོག་གི་འགྲོ་གྲོན་བཏང་བ། ཁོང་རྣམ་པས་བོད་མིའི་ད་ལྟའི་མནར་གཅོད་མ་བཟོད་པ་དང༌། མ་འོངས་བོད་མའི་བདེ་སྡུག་གི་ཆེད་དུ་ཡིན་པ་ལས། ལོ་རྒྱུས་ཀྱི་ཆགས་འཇིག་ཡོ་བསྲང་གི་ཆེད་དུ་གཏན་ནས་མིན། དེ་ལྟར་ཡིན་ཚེ་ཤི་མིའི་ཤི་གོ་མ་ཆོད་པ་དང༌། གསོན་པོ་ལ་ཕན་མ་ཐོགས་པ་ཡིན་པས་དགོས་པ་དེ་ཙམ་མེད། དེས་ན་ང་ཚོས་བོད་དོན་ནི་བོད་མི་ཡོད་དོ་ཅོག་གི་ཕྲག་པ་རེ་རེ་ན་ཡོད་པའི་འགན་འཁྲི་རེ་རེ་ཡིན་པ་ཤེས་དགོས། དེ་ལྟར་ཤེས་ན་ད་གཟོད་བོད་དོན་གྱི་ལུས་འགུལ་ཆེ་ཆུང་གང་ཡིན་ཡང་ཚགས་ཚུད་རང་བཞིན་ཞིག་ཡང་བ་ལ་འབོད་བརྩོན་ཆེན་པོ་ཞིག་བྱེད་མི་དགོས་པ་གསུམ་གཅིག་བཞིའི་ཆོལ་གསུམ་གྱི་ཡར་ལངས་ཆེན་མོ་ལ་ལྟོས་ན་ངེས་ཤེས་གསར་པ་ཞིག་རྙེད་རྒྱུ་ཡོད་པ་སྨྲོས་མེད་རེད། ད་དུང་རྒྱ་ནག་སྲིད་གཞུང་གིས་མུ་མཐུད་ནས་དྲག་མནོན་འདི་ལྟར་བྱེད་རྒྱུ་ཡིན་ཚེ་ང་ཚོས་ངོས་ནས་ཀྱང་གསུམ་གཅིག་བཞིའི་ལས་འགུལ་གྱི་ཁྲོད་དུ་རང་སྲོག་གི་འགྲོ་གྲོན་བཏང་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ལས་ལྷག་པའི་རོ་གོ་ཆོད་པའི་གྲ་སྒྲིག་ཞིག་མ་བྱས་རང་བྱས་ཡིན་ལ། འདི་ལྟར་བྱེད་བབ་ཀྱང་ཡོད། བོད་མི་རིགས་ཀྱི་མངོན་འདོད་དང་མི་འཚམ་པའི་ཁྲག་དྲི་བྲོ་བའི་དྲག་གནོན་འདི་ལྟ་བུ་ནི་དུས་རབས་ཉེར་གཅིག་པའི་ནང་ལ་ཆེས་ཐལ་ཆ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པར་འཛམ་གླིག་གི་ཞི་བདེ་ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་ཀྱིས་གསལ་པོར་ཤེས་དགོས་ལ། མ་ཤེས་པ་ཤེས་ཐབས་བྱེད་དགོས་པ་ནི་གལ་ཆེན་དོན་ཆེན་གྱི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་གོམ་པ་དང་པོ་དེ་ཡིན། ང་ཚོས་རེ་ཆེ་ས་ནི་དྲང་བདེན་དང༌། དེའི་རྒྱབ་སྐྱོར་འཚོལ་རྒྱུ་དེ་ཡིན་པ་ལས་སྟོབས་ཤུགས་དང༌། ཟིང་འཁྲུག་མིན་པས། བོད་མི་རིགས་ལ་ཤ་ཚ་དང་ལ་རྒྱ་ཡོད་པ་ཞིག་ཡིན་ཚེ་ངེས་པར་དུ་འཚེ་མེད་ཞི་བ་དང༌། དྲང་བདེན་གྱི་ལམ་བུ་ཞིག་བརྒྱུད་ནས་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་རབ་དང་རིམ་པ་མུ་མཐུད་ནས་སྤེལ་དགོས་པ་ལས་མཚམས་འཇོག་གཏན་ནས་བྱེད་མི་རུང༌། ང་ཚོའི་ལངས་ཕྱོགས་ནི་རང་བཙན་ཁོ་ན་ལས་རང་ཐག་རང་བཅད་དང༌། ལམ་དབུ་མ་སོགས་མིན། མཚམས་འདི་ནས་གསལ་བཤད་ཅུང་ཟད་ཞུས་ན། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང༌། སེམས་ཅན་རེ་རེའི་བདེ་སྡུག་ཕྲ་མོ་ཙམ་ལའང་ཐུགས་ཁུར་བླ་མེད་བཞེས་གནང་བའི་བྱང་སེམས་ཆེན་པོ་ཏཱ་ལའི་བླ་མས་རང་བཙན་མ་བརྩད་ནས་ཁ་ཞེ་ངོ་ལྐོག་མེད་པར་དབུ་མའི་ལམ་འདི་བཏོན་ནས་མི་ལོ་སུམ་ཅུ་སོ་གྲངས་ཤིག་འགྲོ་བཞིན་ཡོད་ཀྱང་དོན་ཕན་ལྡན་པའི་ཡ་ལན་ཞིག་རྒྱ་ནག་གཞུང་གིས་བྱས་མེད་ལ། འབྱུང་འགྱུར་ཡང་བྱེད་རྩིས་མེད་པ་གསལ་པོ་བྱུང་སོང༌། ལམ་དབུ་མ་དེ་ནི་རྒྱ་ནག་གཞུང་གི་བདེ་སྡུག་གཙོ་གཟུང་བྱས་པའི་ཁོང་གི་མཐའ་མའི་ཐག་བཅད་དེ་རེད། སངས་རྒྱས་ཆོས་ལུགས་ཀྱི་གནས་རིམ་མཐོ་སར་བཞུགས་པའི་བྱང་སེམས་ཆེན་པོ་ཞིག་གིས་ལམ་ཁ་འདི་ལས་གཞན་གང་ཡང་སྟོན་ཐབས་མེད། ད་ནི་ྋགོང་ས་མཆོག་གི་ཐུགས་རེ་མ་འགྲུབ་པ་རེད། ྋགོང་ས་མཆོག་གིས་ཕྱི་རབས་བོད་དོན་འཐབ་རྩོད་བྱེད་པའི་གཞོན་སྐྱེས་རྣམས་ལ་རེ་འབོད་གལ་ཆེན་ཞིག་བྱས་ཡོད་པ་ནི¿འཚེ་མེད་ཞི་བ་མ་འདོར།¿ཞེས་པ་འདི་ཡིན་པ་ལས། ལམ་དབུ་མ་མ་འདོར་གཏན་ནས་གསུངས་མྱོང་མེད། ད་དུང་ཁོང་གིས་བོད་དོན་འདི་རྗེས་སུ་འགྱུར་བ་ཡོང་སྲིད་པ་དང༌། དྲག་པོའི་ལམ་དུའང་འགྲོ་སྲིད་པ་ཞིག་རེད་གསུངས་ཡོད། ནམ་ཞིག་བདག་ཉིད་ཆེན་པོ་ཞལ་ལ་མ་བཞུགས་པའི་སྐབས་སུ་ང་ཚོས་མི་རབས་ཕྱི་མ་རྣམས་ལ་བོད་འདི་བརྒྱུད་སྤྲོད་ཇི་ལྟར་བྱེད་རྒྱུ་ཡིན། ད་དུང་ཐག་ཆོད་མ་སོང་ཟེར་རྒྱུ་ཡིན་ནམ། ཡང་ན་ཁྱེད་ཚོ་རྒྱ་ནག་ལ་མངགས་བཅོལ་བྱས་ཡོད་ཟེར་རྒྱུ་ཡིན། ང་ཚོས་རང་བཙན་འཐབ་རྩོད་ཀྱི་དམ་བཅའ་ཕུལ་ནས། གྲུབ་འབྲས་ྋགོང་ས་མཆོག་གིས་གཟིགས་མ་ཐུབ་ཀྱང་སེམས་ཤུགས་དང་གཅིག་སྒྲིལ་གཟིགས་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས། འཚེ་མེད་ཞི་བའི་ལམ་ནས་ཁོང་གི་ཐུགས་རེ་སྐོང་དགོས་པ་གལ་གནད་ཆེ། རྗེས་སུ་ང་ཚོ་འུ་ཐུག་ཐབས་ཟད་ཀྱིས་དྲག་པོའི་ལམ་དུའང་འགྲོ་དགོས་ཐུགས་སྲིད། ཧོབ་སྟེ་བལྟས་ན་དམག་དོན་དང་འཕྲུལ་ཆས་གང་གི་ཆ་ནས་ཡར་ཐོན་ཆེ་བའི་དམར་པོའི་གཞུང་ལ་དྲག་པོའི་ལམ་ནས་ཡ་ལན་བྱེད་པ་དགོད་བྲོ་བ་ཞིག་ཡིན་ན་ཡང༌། རྒྱལ་སྤྱིའི་འགྱུར་འགྲོས་དང༌། ང་ཚོས་གནས་བབ་སོགས་ཀྱི་ཆ་ནས་དྲག་པོའི་ལམ་ལའང་དགོས་མཁོ་ཡོད་སྲིད་པ་ཞིག་རེད། ང་ཚོ་ལ་བདེན་པ་ཡོད་པས། ཆོས་ཉིད་གནམ་གྱི་རྒྱལ་མོས་ཀྱང་ང་ཚོ་རྒྱབ་སྐྱོར་བྱེད་ལོས་དགོས། ཤེས་ཡོན་དང་དཔལ་འབྱོར་གྱི་ཆ་ནས་ཡར་རྒྱས་ལས་སྡུག་ཏུ་འགྲོ་མི་སྲིད་པའི་ཚད་དུ་སླེབས་ཡོད་ནའང༌། མཐུན་སྒྲིལ་དང་སྟོབས་ཤུགས་ཀྱི་ཆ་ནས་ད་དུང་ང་ཚོར་དཀའ་ངལ་རབ་དང་རིམ་པ་ཞིག་འཕྲད་ངེས་པ་ཞིག་རེད། ྋགོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་ང་ཚོས་གོ་གྱོན་མཚོན་ཐོགས་བྱེད་དགོས་པ་དེ་གལ་གནད་ཆེ་ཤོས་ཡིན། ལྷ་ཆོས་རིང་ལུགས་ཀྱི་སངས་རྒྱས་དང་བྱང་སེམས་རྣམས་ནི་གསོལ་བ་འདེབས་ཡུལ་ཙམ་ལས་བོད་དོན་བློས་འགེལ་ས་ཞིག་མིན། ང་ཚོས་མི་ཆོས་རིང་ལུགས་གཙོ་གཟུང་གི་ཐོག་ནས་ཁ་རུག་རུག་དང༌། ཁ་སྤུ་གཤིབ་གཤིབ་བྱས་ནས་གཅིག་ཤི་ན་གཅིག་ལང་ཐུབ་དགོས་པ་དེ་ཁ་ཚ་དགོས་གཏུག་གི་ཕྱག་ལས་གཙོ་བོ་དེ་རེད། ང་ཚོས་གཞན་ཞིག་མི་སྒུག་པར་རང་གི་ཕོར་པ་རང་གིས་བཀང་དགོས་པ་དེ་གནད་འགག་ཅིག་རེད། ད་ནི་ང་ཚོས་ྋགོང་ས་མཆོག་ལ་བཀལ་བའི་བོད་དོན་གྱི་ཁུར་བོ་ལྗིད་ཏིག་ཏིག་དེ་ཇེ་ཡང་དུ་བཏང་བ་ཙམ་མ་ཡིན་པ། ཁུར་བོ་དེ་ཕོག་ནས་འཁུར་ཐུབ་པ་བྱེད་རྒྱུའི་དུས་ལ་སླེབས་འདུག་སྙམ། སྐུ་ཉིད་ཞལ་བཞུགས་ཚེ་ང་ཚོས་ལམ་ཁ་གསར་པ་ཞིག་ལ་གོམ་པ་སྤོ་ཐུབ་ན་བོད་མིའི་གཅིག་སྒྲིལ་དང༌། སྟོབས་ཕྱོགས་ལ་ཕན་འབྲས་བླ་ན་མེད་པ་ཞིག་ཡོང་རྒྱུ་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། རང་བཙན་འཐབ་རྩོད་ཀྱི་ལས་འགུལ་གྱིས་རྒྱ་ནག་གི་ཡ་ལན་དུས་ཡུན་ཇི་ཙམ་འགོར་བ་དང༌། གལ་སྲིད་བརྡ་ལན་མེད་ཀྱང་རུང༌། ང་ཚོས་སྒུག་སོྡད་གཏན་ནས་བྱེད་ཐབས་མི་འདུག འཐབ་རྩོད་དེ་ལ་ཚང་དགོས་པ་མང་ན་ཡང་གཙོ་བོ་ཡོད་པ་རྣམ་པ་གསུམ་གྱི་ཐོག་ནས་སྤེལ་དགོས། ༡༽དབུ་ཁྲིད་ཡོད་པ། ༢༽དམིགས་ཡུལ་ཡོད་པ། ༣༽སྒྲིག་འཛུགས་ཡོད་པ་བཅས་ཡིན། དབུ་ཁྲིད་མེད་ན་ང་ཚོས་ལས་འགུལ་དེ་ལམ་སློང་མི་འོང༌། རྒྱ་ནག་ལྟ་བུའི་བྱམས་སྙིང་རྗེ་དང༌། ལས་རྒྱུ་འབྲས་མེད་པའི་ཁ་གཏད་ཅིག་ལ་མི་ཆོས་རིང་ལུགས་གཙོ་གཟུང་བྱེད་དགོས་པར་གནད་ཅིག་འདུག དེས་ན་ཕོད་པ་གསུམ་གྱིས་ཕྱུག་པའི་ཧ་མ་གན་དྷི་ལྟ་བུའི་དབུ་ཁྲིད་མི་ཉུང་བ་ཞིག་དགོས། དམིགས་ཡུལ་མེད་ན་དབུ་ཁྲིད་དང་སྒྲིག་འཛུགས་སོགས་དགོས་མེད་དུ་འགྱུར་རྒྱུ་དང༌། བྱིས་པའི་གོམ་འགྲོས་ལྟར་ལས་འགུལ་དེ་ཕུགས་རྒྱང་རིང་པོ་ཞིག་འགྲོ་མི་ཐུབ་པས་དམིགས་ཡུལ་ཞིག་ངེས་པར་དུ་དགོས། དམིགས་ཡུལ་ནི་ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ་བོད་མི་རིགས་གནས་ཐུབ་པ་དགོས་ལ། དེ་ཡང་ཆོས་དང་རིག་གཞུང་སོགས་འཛིན་སྐྱོང་སྤེལ་གསུམ་གྱི་བདག་དབང་ཆ་ཚང་རང་དབང་གི་སྒོ་ནས་བྱེད་ཐུབ་ཐབས། སྒྲིག་འཛུགས་མེད་ན་ལོང་བས་ནམ་ཉུག་བྱས་པ་དང་གཅིག་མཚུངས་ཡིན་པས། གོང་གི་ཆ་རྐྱེན་དེ་གསུམ་ངེས་པར་དུ་ཚང་དགོས། ཡུལ་དུས་ལའང་བསམ་བློ་གཏོང་དགོས་ཀྱང་གཙོ་བོ་འབད་བརྩོན་ལ་རག་ལས་པ་མྱོང་བས་གྲུབ་ཡོད། དེས་ན་ང་ཚོ་ལ་དགོས་པ་ནི་རང་བཙན་གཙང་མ་དེ་རེད། ད་ལྟ་ང་ཚོས་ཁ་ཞེ་གཉིས་ནས་ཇི་ལྟར་དབུ་མའི་ལམ་དང་རང་སྲིད་རང་སྐྱོང་སོགས་བཤད་ཀྱང༌། དོན་དུ་རང་བཙན་རང་རེད། དེ་ལས་ང་ཚོས་འདིའི་ཐོག་ལ་གཙང་མ་ཞེས་པའི་ཚིག་འབྲུ་གཉིས་བསྣན་ནས་དེ་གཞི་ལ་བཞག་ནས་བོད་དོན་འཐབ་རྩོད་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་དོན་ཡིན་པའི་སེམས་ཐག་ཆོད་སོང༌། དེ་ཡང་བོད་གཞིས་བྱིས་གཉིས་མཉམ་རུབ་ཀྱི་ཐོག་ནས་སྒྲུབ་དགོས་པ་ལས་བྱེ་བྲག་པ་ཞིག་གིས་གཏན་ནས་མི་འོང༌། ང་ཚོས་ཆོལ་ཁ་དང་ཆོས་ལུགས་ནང་ཁུལ་གྱི་འགལ་འདུ་ཆུང་ཚག་རྣམས་དོར་ནས། མཉམ་གནས་འཆམ་མཐུན་གྱི་སྤྱི་ཚོགས་ཚགས་ཇེ་ཚུད་དུ་བཏང་བ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པས་དེ་ལུགས་རིགས་མཐུན་ལངས་ཕྱོགས་གཅིག་པ། དམིགས་ཡུལ་གཅིག་པ། རིགས་རུས་གཅིག་པ་རྣམས་ཀྱིས་ཅི་ནས་ཀྱང་ངེས་པར་བྱེད་གལ་ཆེ།
ཡིད་ལྷུང་བུ་རྒོད་ཀྱིས་ ༢༠༠༨ ཟླ་ ༤ ཚེས་ ༧ ཉིན་བྲིས།