ཆོས་ལུགས་མཐུན་སྒྲིལ་དགོས་སྐོར།

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཨ་རིའི་ས་ཁུལ་ཡོངས་ཀྱི་ཆོས་ལུགས་རིས་མེད་ཀྱི་ཚོགས་འདུར་བསྩལ་བའི་བཀའ་སློབ། རིགས་སློབ་ལྷག་བརྩེགས་ཚོགས་ཆུང་ནས་བོད་བསྒྱུར་ཞུས་པ། ནང་པའི་ལྟ་སྤྱོད་ཀུན་བཏུས་ལས་བཏུས།

ང་ཚོ་འདིར་ཆོས་ལུགས་འདྲ་མིན་གྱི་མི་སྣ་དུ་མ་ཐུན་མོང་དུ་མཉམ་འཛོམས་བྱུང་བ་འདི་ནི་རྟགས་མཚན་བཟང་པོ་ཞིག་ཡིན། ཆོས་ལུགས་ལ་ནང་གསེས་ལྟ་བ་མི་འདྲ་བ་དུ་མ་ཞིག་ཡོད་པ་དང༌། ལྟ་བའི་གནད་དོན་འགའ་ཞིག་ནི་རྩ་བ་ནས་མི་མཐུན་པའི་རྒྱབ་འགལ་དུ་གྱུར་པའང་ཡོད། དཔེར་ན་ནང་པ་རྣམས་ཀྱིས་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་མེད་ལ། ཡེ་ཤུས་འཇིག་རྟེན་བཀོད་པ་པོ་ཞིག་གི་སྟེང་ནས་ལྟ་བ་རྣམས་བཤད་ཀྱི་ཡོད། དེ་ལྟར་ཁྱད་པར་ཆེན་པོ་ཡོད་ནའང་ངས་ཁྱེད་རང་ཚོའི་ཆོས་ལུགས་ལ་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད། དེ་ཡང་སྲིད་དོན་གྱི་རྒྱུ་མཚན་དང་ཡ་རབས་ཙམ་གྱི་ཆ་ནས་མ་ཡིན་པར་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ཡིན། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ཁྱེད་ཚོའི་ལམ་ལུགས་འདིས་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད།

དཔེར་ན་ང་ཚོ་བོད་པར་ཆ་བཞག་ན། འཛམ་གླིང་ཡེ་ཤུའི་དགོན་སྡེའི་ལྷན་ཁང་གིས་མཚོན་པའི་ངལ་སྐྱོབ་ཚོགས་པ་དུ་མ་ཞིག་གིས་ང་ཚོ་དུས་ཚོད་གཉན་འཕྲང་ཆེ་ཤོས་ཤིག་གི་འོག་གནས་པའི་སྐབས་སུ་མཐུན་རྐྱེན་རོགས་རམ་གནང་བ་འདིས་ཕན་ཐོགས་ཆེན་པོ་བྱུང༌། འཛམ་གླིང་ཁྱོན་ཡོངས་ལ་གནས་པའི་ཡེ་ཤུའི་མཆེད་གྲོགས་རྣམས་ཀྱིས་ང་ཚོར་བརྩེ་གཟིགས་ཀྱིས་མཐུན་འགྱུར་རོགས་རམ་ཆེན་པོ་གནང་བ་དེར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆོས་ལུགས་འདྲ་མིན་གྱི་སྡེ་ཚན་ཀུན་གྱིས་ཐ་མལ་པའི་དབང་པོའི་སྤྱོད་ཡུལ་ལས་འདས་པའི་ནུས་པ་གཞན་ཞིག་ཡོད་པ་ཁས་ལེན་གྱི་ཡོད། ང་ཚོ་མཉམ་དུ་སྨོན་ལམ་རྒྱག་སྐབས་ང་ལ་ཚོར་སྣང་ཞིག་ཡོང་གི་འདུག དེ་ལ་ཐུགས་རྗེའམ་བྱིན་རླབས་ཞེས་གང་ཞིག་བརྗོད་དགོས་པའི་ཚིག་ཏག་ཏག་ཅིག་ངས་ཤེས་ཀྱི་མི་འདུག གང་ལྟར་ང་ཚོར་མྱོང་ཚོར་དམིགས་བསལ་ཞིག་ཡོང་བ་འདི་བེད་སྤྱོད་ལེགས་པར་བྱེད་ཐུབ་ན། སྤྱིར་ནང་སེམས་ཀྱི་ནུས་ཤུགས་བསྐྱེད་རྒྱུར་ཕན་ཐོགས་ཡོང་བ་དང༌། ལྷག་པར་དོན་དམ་པའི་སྤུན་ཟླ་ཕོ་མོའི་འདུ་ཤེས་ཡོང་ཐབས་ལ་ཤིན་ཏུ་བེད་སྤྱོད་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཡོད། དེས་ན་ངས་ཆོས་ལུགས་རིས་མེད་ཀྱི་ཡེ་ཤུའི་ཚོགས་པ་རྣམས་ལ་དམིགས་བསལ་གྱི་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ལྟ་བའི་ཐོག་ཁྱད་པར་ཡོད་པ་ལ་མ་ལྟོས་པར་ཆོས་ལུགས་མི་འདྲ་བ་ཐམས་ཅད་ཀྱི་དམིགས་ཡུལ་ནི་མཚུངས་པ་ཡིན། ཆོས་ལུགས་ཚང་མས་འགྲོ་བ་མི་རྣམས་ཡར་རྒྱས་གཏོང་རྒྱུ་དང༌། བྱམས་བརྩེ་དང༌། གཞན་ལས་གུས་བརྩི་བྱེད་རྒྱུ། གཞན་གྱི་སྡུག་བསྔལ་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་བཅས་ལ་ནུས་པ་འདོན་གྱི་ཡོད། འདི་དག་གི་ཐད་ནས་ཆོས་ལུགས་ཀུན་གྱི་ལྟ་བ་འཁྱེར་སོ་དང་དམིགས་ཡུལ་ཕལ་ཆེར་མཚུངས་པ་ཡིན།

མཐུ་སྟོབས་ཟད་མཐའ་མེད་པའི་འཇིག་རྟེན་བཀོད་པ་པོ་ཞིག་དང༌། དེར་ཡིད་ཆེས་དང་བརྩེ་བ་བྱ་རྒྱུ་ནན་བཤད་བྱེད་པའི་ཆོས་ལུགས་ཚོའི་དམིགས་དོན་གཙོ་བོ་ནི། འཇིག་རྟེན་བཀོད་པ་པོའི་དགོངས་བཞེད་བསྒྲུབ་རྒྱུ་དེ་ཡིན། དེ་ཡང་ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོ་གཅིག་གི་བསྐྲུན་ཆོས་དང་རྗེས་འཇུག་ཡིན་པས་ཕན་ཚུན་རོགས་རམ་དང་ཕན་ཐོགས་བྱེད་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་ལ་དམིགས་ཏེ་ཡིད་ཆེས་ཀྱི་དད་པ་བྱེད་པའི་དགོས་དོན་ཡང་ཁོང་གི་དགོངས་དོན་རྣམས་སྒྲུབ་པའི་ཆེད་ཡིན་ཞིང༌། དགོངས་དོན་གྱི་སྙིང་པོ་ནི། འགྲོ་བ་མི་གཞན་རྣམས་གཅེས་སྐྱོང་དང༌། གུས་བརྩི་བྱམས་བརྩེ་ཞབས་འདེགས་བསྒྲུབ་རྒྱུ་བཅས་ཡིན། དེ་བཞིན་དུ་ཆོས་ལུགས་གཞན་རྣམས་ཀྱི་དགོས་དོན་གཙོ་བོ་གཅིག་ནི་གཞན་ལ་ཕན་པའི་བསམ་པ་དང་སྦྱོར་བ་རྣམས་གོང་འཕེལ་དུ་གཏོང་རྒྱུ་དེ་ཡིན། དེའི་ཆ་ནས་ལྟ་དུས་ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་ཀུན་གྱི་དགོས་དོན་གཙོ་བོ་གཅིག་མཚུངས་ཡིན་པའི་ཚོར་སྣང་ཤུགས་ཆེ་ཞིག་ཡོང་གི་འདུག ཆོས་བརྒྱུད་སྣ་ཚོགས་པ་ལ་བརྟེན་ནས་དེ་དག་གི་རྗེས་འཇུག་རྣམས་ཀྱིས་སྤུན་ཟླ་ཕོ་མོ་རྣམས་ལ་ཕན་སེམས་ཀྱི་ཀུན་སློང་བཟང་པོ་ཞིག་འཁྱེར་ཏེ་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་གི་ཡོད། དེ་ནི་འདས་པའི་ལོ་རྒྱུས་ནང་ཡེ་ཤུའི་རྗེས་འཇུག་པ་ཆེས་མང་པོ་ཞིག་གིས་འགྲོ་བ་མིའི་བདེ་དོན་དུ་རང་གི་སྲོག་ཀྱང་བློས་བཏང་ཡོད་པ་དེ་ནས་ཤེས་ཐུབ། འདི་ནི་སྙིང་རྗེའི་ལག་ལེན་ངོ་མ་ཡིན།

ང་ཚོ་བོད་པ་ཚོ་དུས་ཚོད་གཉན་འཕྲང་ལ་གྱར་སྐབས་འཛམ་གླིང་ཁྱོན་ཡོངས་ཀྱི་ཡེ་ཤུའི་ཚོགས་པ་ཚོས་ང་ཚོར་གདུང་སེམས་མཉམ་བསྐྱེད་ཀྱིས་ཛ་དྲག་གི་རོགས་རམ་གནང་ཡོད། ཁོང་རྣམ་པས་མི་རིགས་དང༌། རིག་གཞུང༌། ཆོས་ལུགས། ལྟ་བའི་ཁྱད་པར་བཅས་ལ་མ་གཟིགས་པར་ང་ཚོ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་རོགས་རམ་བྱེད་དུ་ཕེབས་པ་རེད། འདིས་ང་ཚོའི་དོན་དམ་པའི་སྙིང་སྟོབས་འཕེལ་བར་མ་ཟད། ང་ཚོས་བྱམས་བརྩེའི་རིན་ཐང་ཡང་ངོས་འཛིན་ཐུབ་པ་བྱུང་ཡོད། བྱམས་བརྩེ་དང་སྙིང་རྗེའི་གཉིས་ནི་སྤྱི་ཚོགས་ཀྱི་གཞི་རྟེན་ངོ་མ་དེ་ཡིན། གལ་ཏེ་བསམ་པ་འདི་དག་བརླག་པ་ཡིན་ན་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་ཡོང་རྒྱུ་ཡིན་པས་འགྲོ་བ་མིའི་འཚོ་གནས་ཐུབ་རྒྱུར་ཉེན་ཁ་ཆེན་པོ་ཆགས་ཀྱི་ཡོད། ནང་སེམས་ཀྱི་ཞི་བདེ་ཡོང་བ་དང་སྤྱི་ཚོགས་ནང་མཐུན་སྒྲིལ་ཡོང་ཆེད་ཕྱིའི་དངོས་པོ་ཡར་རྒྱས་འགྲོ་བ་དང་ཆབས་ཅིག ནང་བསམ་བློའི་ཡང་ཡར་རྒྱས་ཡོང་བ་བྱེད་དགོས། སེམས་ནང་ཞི་བདེ་ལྷིང་འཇགས་ཤིག་མེད་ན་བདེ་སྐྱིད་གཏན་ཆགས་པ་ཞིག་ཡོང་རྒྱུ་དཀའ་བ་ཡིན། དེས་ན་ནང་བསམ་བློ་ཡར་རྒྱས་གཏོང་རྒྱུའི་ཐད་ཆོས་ལུགས་རྣམས་ཀྱིས་ཞབས་འདེགས་ཆེན་པོ་ཞུ་ཐུབ།

ཆོས་ལུགས་ཚང་མས་སྙིང་རྗེ་བརྩེ་སེམས་ཐོག་རྩལ་འདོན་བྱེད་ཀྱི་ཡོད་ཀྱང༌། ལྟ་གྲུབ་ཀྱི་ཆ་ནས་ཁྱད་པར་དུ་མ་ཡོད། འོན་ཀྱང་དེ་ལ་སྐྱོན་མེད། ལྟ་བའི་གཞུང་རྣམས་ནི་དགོས་དོན་མཐར་ཐུག་པ་མིན་ལ། དམིགས་ཡུལ་ཡང་མིན་ཞིང༌། དེས་གཞན་ལ་ཞབས་འདེབས་ཀྱང་ཞུ་མི་ཐུབ། དམིགས་ཡུལ་ནི་གཞན་རྣམས་ལ་ཕན་ཐོགས་བྱ་རྒྱུ་འདི་ཡིན། བསམ་པ་དེ་དག་ལ་ཕན་ཐོགས་པའི་ལྟ་བའི་གཞུང་ལུགས་རྣམས་ནི་རྩ་བ་ཆེན་པོ་ཡིན། གལ་ཏེ་ལྟ་བའི་ཁྱད་པར་ལ་བལྟས་ནས་ཕན་ཚུན་རྩོད་གླེང་དང་སྐྱོན་བརྗོད་བྱས་ནས་ཕན་ཐོགས་མེད་པར་མ་ཟད། འདིས་རྐྱེན་པས་རྩོད་པ་རྒྱུན་མི་ཆད་པ་ཡོང་རྒྱུ་དང༌། དེ་ཡི་འབྲས་བུར་གཙོ་བོར་ཕན་ཚུན་ཚང་མ་མི་སྐྱིད་པ་བཟོ་རྒྱུ་ལས། གཞན་གྲུབ་འབྲས་གང་ཡང་ཐོན་མི་ཐུབ། དེས་ན་ལྟ་གྲུབ་དེ་དག་གི་དགོས་དོན་ལ་བལྟས་ཏེ་བྱམས་པ་དང་སྙིང་རྗེ་དང༌། ནུས་པ་ཁྱད་པར་བ་གོང་མ་ཞིག་ལ་གུས་བརྩི་བྱེད་རྒྱུ་བཅས་ནུས་པ་འདོན་རྒྱུ་གལ་ཆེན་པོ་ཡིན།

སྤྱིར་བཏང་ཆོས་ལུགས་གང་གིས་ཀྱང་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནས་འགྲོ་བ་མི་རྣམས་ཀྱི་འདོད་དོན་བསྐོང་ཐུབ་པར་ཡིད་ཆེས་མི་བྱེད་ཅིང༌། ཚང་མས་ཕྱིའི་དངོས་པོ་ཡར་རྒྱས་ལས་ལྷག་པའི་ནུས་པ་གཞན་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། ཚང་མས་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཆེད་འབད་བརྩོན་ཆེན་པོ་བྱ་རྒྱུ་འདི་ཤིན་ཏུ་གལ་ཆེ་དོན་ཆེན་ཞིག་ཡིན་པར་མོས་མཐུན་བྱེད་ཀྱི་ཡོད། དེ་ཡོང་བ་ལ་ང་ཚོ་ཕན་ཚུན་རྒྱུས་མངའ་ཡོད་པ་བྱ་རྒྱུ་གལ་ཆེན་པོ་ཡིན། འདས་པའི་དུས་སུ་བསམ་བློ་གུ་དོག་དྲགས་པ་དང༌། དེ་མིན་གྱི་དོན་རྐྱེན་གཞན་ལ་བརྟེན་ནས་སྐབས་ཆོས་ལུགས་ཕན་ཚུན་བར་མི་མཐུན་པ་ཡོང་གི་ཡོད། སླད་ཕྱིན་དེ་རིགས་མི་འབྱུང་བ་བྱེད་དགོས། འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་དང་འབྲེལ་ནས་ང་ཚོས་ཆོས་ཀྱི་རིན་ཐང་ལ་ཞིབ་ཚགས་ཀྱིས་བལྟས་པ་ཡིན་ན། དཀའ་ཚེགས་མེད་པར་རྐྱེན་ངན་དེ་དག་ལས་འདས་ཐུབ། གང་ཡིན་ཞེ་ན་ང་ཚོ་མཐུན་སྒྲིལ་ཡོང་བའི་མཐུན་ཕྱོགས་ཀྱི་གཞི་དུ་མ་ཞིག་ཡོད། དེ་ན་ཕན་ཚུན་ཤེས་རྟོགས་དང༌། གུས་བརྩི། ཕན་གྲོགས་བཅས་བྱས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་ཕན་ཚུན་ཚང་མ་ཁུར་མཉམ་ལེན་གྱིས་འབད་དགོས། འགྲོ་བ་མིའི་སྤྱི་ཚོགས་ཀྱི་དམིགས་ཡུལ་ལ་སྙིང་རྗེས་ཟིན་པའི་སྒོ་ནས་འགྲོ་བ་མི་ཡར་རྒྱས་གཏོང་རྒྱུ་ཞིག་ངེས་པར་དུ་དགོས་པ་ཡིན། འཛམ་གླིང་གི་འགོ་ཁྲིད་དང་སྲིད་དོན་པ་རྣམས་ཀྱིས་གོ་མཚོན་ལ་སོགས་པ་ཉུང་དུ་གཏོང་རྒྱུར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད། དེ་ནི་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན། དེ་དང་ཆབས་ཅིག་ཏུ་ང་ཚོ་ཆོས་ལ་ཡིད་ཆེས་ཡོད་མཁན་ཚོར་རང་ཉིད་ཀྱི་བསམ་པ་ངན་པ་རྣམས་འགོག་རྒྱུའི་ལས་འགན་ཡོད། རང་ཉིད་ཀྱིས་བསམ་པ་ངན་པ་འགོག་སྲུང་བྱ་རྒྱུ་ནི། གོ་མཚོན་འགོག་སྲུང་ངོ་མ་དེ་ཡིན། ནང་སེམས་ལ་ཞི་བདེ་བ་ཡོད་པ་དང༌། བསམ་པ་ངན་པ་རྣམས་མགོ་གནོན་བྱེད་ཐུབ་ན་ཕྱིའི་འགོག་སྲུང་ནི་དམིགས་བསལ་གནད་ཆེ་བ་མིན། ནང་བསམ་བློ་མ་བསྡུར་ན་ཕྱིའི་འབད་བརྩོན་ལ་བརྟེན་ནས་ཐབས་ཤེས་ཅི་འདྲ་ཞིག་བྱས་རུང་ནུས་པ་དེ་ཙམ་ཐོན་མི་ཐུབ། དེར་བརྟེན་ད་ལྟའི་དུས་སྐབས་འདིར་ང་ཚོ་ཆོས་སྡེའི་ཁོངས་སུ་གཏོགས་པ་རྣམས་ལ་འགྲོ་བ་མི་མཐའ་དག་གི་བདེ་དོན་ལ་དམིགས་པའི་དམིགས་བསལ་གྱི་ཡོངས་ཁྱབ་འགན་འཁྲི་ཞིག་ཡོད།

ད་ལྟའི་འཛམ་གླིང་གི་གནས་སྟངས་ནི་གླིང་ཆེན་ཕན་ཚུན་གཅིག་ལ་གཅིག་ཧ་ཅང་ལྟོས་ཚབས་ཆེན་པོས་གནས་ཡོད། གནས་སྟངས་འདིའི་འོག་ཕན་ཚུན་དོན་དམ་པའི་མཐུན་སྒྲིལ་དགོས་རྒྱུ་ནི་གལ་ཆེན་པོ་ཡིན། དེ་ལྟར་ཡོང་བ་ཡང་ཀུན་སློང་བཟང་པོ་ལ་རག་ལས་ཡོད། དེ་དག་ལ་ང་ཚོའི་ཡོངས་ཁྱབ་ཀྱི་འགན་འཁྲི་ཞེས་བརྗོད་ཆོག།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།