དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།
དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།
འདོན་ཐེངས་སྔོན་མའི་འཕྲོས།
སྤྱིར་རྒྱལ་པོ་དེ་རྣམས་ཀྱི་ཚེ་བྲམ་ཟེ་རིག་བྱེད་ཀྱི་སྨྲེང་དང་མཚན་བརྟག་པ་ལ་མཁས་པའི་མདུན་ན་འདོན་སོགས་མང་ཞིང་སྐྱེ་བོ་གྲ་མ་རྣམས་ཀྱང་སྒྱུ་རྩལ་དྲུག་བཅུ་རྩ་བཞི་པོ་སློབ་པའི་ཕྱིར་བུ་མཚན་དཔེ་དང་ལྡན་པ་བཙས་ན་ལྟས་ངན་དུ་དོགས་པ་ག་ལ་སྐྱེ་ཞེས་དང༌། ཡང་ཁོང་གིས། སྐྱ་སེང་གིས་ལྷ་མཆོད་པས་རུ་པ་ཏི་ཕ་དང་གོ་དགུ་པོ་བསད་ཅིང༌། ཐ་ཆུང་རུ་པ་ཏི་མཚན་དང་ལྡན་པ་དེ་བཙོན་དུ་ཁྲིད་ནས་འོངས། སྐྱ་སེང་གིས་གསོད་པར་འཕངས་ནས་ཟངས་ནང་དུ་ཟས་སྐོམ་དང་གོས་དང་བཅས་ཏེ་ཆུར་བསྐྱུར་བ་ཞིང་པས་རྙེད་ནས་གསོས།
ཕྱིས་བོད་ཡུལ་དུ་བྱོན་ནས་རྗེ་མཛད་ཟེར་ཡང་ལྷ་སའི་བཀའ་ཚིགས་ཆེན་མོར་གཉའ་ཁྲི་བཙན་པོ་ནས་ཐོ་ཐོ་རིའི་བར་ལོ་ལྔ་བརྒྱ་སོང༌། ཐོ་ཐོས་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་སྲོང་བཙན་གྱི་བར་གྱི་བཞི་བརྒྱ་དང་བཅུ་གཅིག་སོང་བར་བཤད་པས་སྟོན་པ་འདས་ནས་ལོ་མང་ཞིག་ན་བོད་རྗེ་བྱོན་པར་གསལ་ལ། དམག་བརྒྱ་པའི་བུ་རུ་པ་ཏི་སོགས་སྟོན་པ་མ་བྱོན་པའི་གོང་དུ་བྱུང་བར་ངེས་སོ་ཞེས་དང༌། ཡང༌། ཀ་བཀོལ་མ་ལས་ཤཱཀྱ་རི་བྲགས་པའི་རྒྱུད་པ་ཅེས་སྣང་ཡང༌། འཇམ་དཔལ་རྩ་རྒྱུད་ལས། ལི་ཙཱ་ཝི་རྣམས་རིགས་སུ་བྱུང༌། །ཞེས་ལུང་བསྟན་པས་ཡི་གེ་ཉམས་པར་ཟད་སྟེ་ཀ་བཀོལ་མའི་ཕྱི་མོ་ནུབ་ནས་ཕྱིས་ལྷ་སའི་དཀོན་གཉེར་གྱི་ངག་ལས་བྲིས་ཟེར་བ་སོགས་དུ་མ་སྣང་བའི་ཕྱིར་རོ་ཞེས་སོགས་ཀྱིས་གཉའ་ཁྲིའི་འབྱུང་ཁུངས་རྒྱ་གར་ནས་ཡིན་ལུགས་ཉི་ཚེ་བ་རྣམས་རྒྱུ་མཚན་དུ་མས་བཀག་གོ། གཞན་གྱིས་ཀྱང་འདིའི་ཐད། རུ་པ་ཏི་ནི་ཁ་བ་ཅན་གྱི་ཁྲོད་དུ་སོང་ནས་བོད་ཀྱི་རྗེ་བོར་མཛད་ཟེར་མཁན་འགའ་རེ་བྱུང་ཡོད། དེ་ལ་ཁྱོད་ཀྱིས་ཞིབ་མོར་སོམས་དང༌། གཅིག་ཏུ་བོད་ཀྱི་སྐད་ཡིག་མི་ཤེས། གཉིས་སུ་ན་བོད་ཀྱི་སྲིད་ལུགས་དང་ཐོན་སྐྱེད་ཀྱི་ཐབས་རྣམས་མི་ཤེས། གསུམ་དུ་ན་བོད་ཀྱི་འཚོ་བ་སྤྱོད་སྟངས་དང་གོམས་གཤིས་ལ་ཆ་རྒྱུས་མེད། བཞི་ན་བོད་མི་རྣམས་ཀྱི་དད་མོས་བྱེད་ལུགས་དང་བསམ་པའི་ཀུན་སློང་གི་འཁྱེར་སོ་ལ་ཆ་རྒྱུས་མེད། དེ་འདྲའི་ཆ་མེད་རྒྱུས་མེད་ཀྱི་རྒྱ་གར་ཡུལ་བྱོལ་བ་ཞིག་བོད་དུ་ཞུགས་ནས་བོད་ཀྱི་རྗེ་བོ་བྱེད་པ་ནི་ཤིན་ཏུ་ནས་འབྱུང་དཀའ་བ་ཞིག་རེད་ཅེས་གསལ།
དེ་ཡང༌། གཉའ་ཁྲི་རྒྱ་གར་ནས་བྱུང་རབས་བཤད་མཁན་དག་གིས་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས་བཤད་པའི་སྒྲུང་དེ་དག་ལ་ཡིད་ཆེས་ཀྱིས་གཞི་བཅོལ་ཏེ་བཤད་ཡོད་པར་བསམ། འདི་ལ་ཁ་ཅིག་གིས་དེ་ལྟར་མིན་ཏེ། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ཕྱིས་སུ་དུས་རབས་བཅུ་གཅིག་པའི་ནང་བོད་དུ་འགྱུར་ནའང༌། གཉའ་ཁྲི་རྒྱ་གར་ནས་བྱུང་རབས་ཀ་ཆེམས་བཀའ་ཁོལ་མ་ལྟ་བུ་སྔོན་གྱི་བཤད་སྲོལ་ཡོད་པར་འདོད་དགོས་པ་དང་འགལ་བའི་ཕྱིར་ཞེས་བརྗོད་ན་སྐྱོན་མེད་དེ། དཔའ་བོ་གཙུག་ལག་ཕྲེང་བས། ཀ་བཀོལ་མའི་ཕྱི་མོ་ནུབ་ནས་ཕྱིས་ལྷ་སའི་དཀོན་གཉེར་གྱི་ངག་ལས་བྲིས་ཟེར་བ་སོགས་དུ་མ་སྣང་བའི་ཕྱིར་རོ་ཞེས་གསུངས་ཤིང༌། །དེའང་དོན་འགྱུར་གྱི་རྣོ་བསམ་ལ་གསན་དུ་མི་ཆུད་ན། གཉའ་ཁྲི་བྱུང་ཁུངས་ཀྱི་ཐད་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ལས་འདི་བཞིན་གསལ་ཏེ། སློན་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས་བཤད་ཅེས་ཟེར་བ་ནི། སྣར་ཐང་པ་རིག་རལ་གྱི་རྫུན་ཡིན་ཏེ། དེ་ལས་མ་གཤད་པའི་ཕྱིར་རོ། །འདི་ནི་གནམ་གྱི་ལྷ་མིའི་རྗེ་བོར་བྱོན་ཞེས་ལྷ་སའི་རྡོ་རིང་ལས་བཤད་པས། དམྱལ་རོང་གི་ཏི་དི་སུ་ཡི་ཁར་བབས་ཞེས་གསུངས་ཞེས་ཀྱང་གསལ་ལོ། ། ༈ ལུང་དེ་ལ་བརྟེན་ནས་བར་སྐབས་བོད་ཀྱི་མཁས་པ་མང་པོས་ནང་པའི་ཆོས་ལུགས་ཀྱི་ཕྱོགས་ཞེན་བྱས་ནས་གཉའ་ཁྲི་རྒྱ་གར་ཤཱཀྱའི་རྒྱལ་རྒྱུད་ལ་ཁུངས་གཏུག་གང་ཐུབ་བྱས་པའི་ལོག་བཤད་རྒྱ་ཡན་དུ་ཤོར་བའམ་མཁས་པ་ཧང་རྒྱག་གིས་རང་འདོད་ཀྱོག་བཤད་ཀྱི་བཟི་གཏམ་ཤུགས་ཆེན་སྤེལ་ཡོད་པ་ལྟ་བུར་སྣང༌། དེ་ཡང༌། ཆབ་སྤེལ་གྱིས་ཀྱང་འདི་བཞིན་གསུངས་ཏེ། བཀའ་ཆེམས་ཀ་ཁོལ་མ་་་་་དེ་རྗེས་རིམ་བཞིན་བརྩམས་པའི་ཆོས་འབྱུང་བསྟན་པའི་རྒྱལ་མཚན། བུ་སྟོན་ཆོས་འབྱུང༌། ཚལ་པའི་དེབ་དམར། རྒྱལ་རབས་གསལ་བའི་མེ་ལོང༌། ཡིག་ཚང་མཁས་པ་དགའ་བྱེད། དེབ་ཐེར་སྔོན་པོ། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལ་སོགས་པ་ཅུང་ཡོངས་གྲགས་ཆེ་བའི་ལོ་རྒྱུས་ཡིག་ཆ་དང༌། དེ་མིན་གྲུབ་མཐའ་སོ་སོའི་ཆོས་འབྱུང་ངམ། ཡིག་ཚང་ཕལ་མོ་ཆེའི་ནང་དུ་གཉའ་ཁྲིའི་འབྱུང་ཁུངས་གླེང་སྐབས། གོང་དུ་གསལ་བའི་ལུང་གང་རུང་ལ་བརྟེན་ནས་དོན་ལ་རྒྱ་གར་ནས་བྱུང་བ་དང་ཤཱཀྱའི་རྒྱལ་རྒྱུད་ཡིན་ཟེར་བའི་བཤད་ཚུལ་དེ་རྒྱ་ཆེར་སྤེལ་ཡོད། འོན་ཀྱང་དེ་དག་གི་ཁྲོད་དུའང་ཚང་མ་གཅིག་ལྟར་མ་ཡིན་པ་ཕན་ཚུན་ནང་འགལ་ཆེ་ཞིང་ཞེས་གསུངས་པ་དང༌། ཡང༌། མདོར་ན་བཤད་ཚུལ་དེ་ལུང་དུ་དྲངས་པ་ཙམ་ལས་རྩོམ་པ་པོ་རང་ལའང་གདེངས་ཚོད་མེད་པའི་རྣམ་འགྱུར་མཚོན་པར་བྱས་པ་འགའ་ཡང་མཐོང་རྒྱུ་འདུག ཞིབ་ཏུ་དཔྱད་ན་གཉའ་ཁྲི་བཙན་པོ་རྒྱ་གར་གྱི་ཤཱཀྱའི་རྒྱལ་རྒྱུད་ལས་ཆད་པ་ཡིན་ཟེར་བའི་བཤད་ཚུལ་འདི་ནི་ལུང་དང༌། རིག་པ། ལོ་རྒྱུས་ཀྱི་དོན་དངོས་སོགས་གང་ལ་གཞིགས་ཀྱང་ཡིད་རྟོན་དུ་རུང་བའི་རྒྱུ་མཚན་མ་མཐོང་ཞེས་གསུངས། ཡང་ཁོང་གིས་གཉའ་ཁྲིའི་འབྱུང་ཁུངས་རྒྱ་གར་ནས་མིན་པའི་སྒྲུབ་བྱེད་ཐད་འདི་ལྟར་གསུངས་ཏེ། མངོན་སུམ་རྒྱུན་ཤེས་ཀྱི་རིག་པའི་ཐོག་ནས་དཔྱད་ན་ཡང་ཁུངས་ལྡན་དུ་མ་མཐོང་སྟེ། གནའ་དུས་རྒྱ་གར་ནས་བོད་དུ་འོང་བའི་ལམ་ཐད་ཀ་བགྲོད་བདེ་ཞིག་རྩ་བ་ནས་མེད་པ་མ་ཟད། ཐ་ན་སྤྱི་ལོའི་དུས་རབས་བཅུ་གཅིག་ཡས་མས་སུའང་རྒྱ་གར་གྱི་མཁས་པ་བོད་དུ་ཚུར་བྱོན་པའམ། བོད་ཀྱི་ལོ་ཙཱ་བ་རྒྱ་གར་དུ་ཕེབས་པ་གང་ཞིག་ཡིན་རུང༌། ཐམས་ཅད་ལ་སྟོད་མང་ཡུལ་བསྐོར་ནས་བལ་པོའི་རྒྱལ་ཁམས་བརྒྱུད་དགོས་པའམ། ཡང་ན་དེ་བས་ཐག་རིང་གི་མངའ་རིས་ལ་དྭགས་བརྒྱུད་དགོས་པ་རྣམ་ཐར་ལམ་ཡིག་སོགས་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་རིགས་འབོར་ཆེན་ནང་གསལ་ཐག་ཆོད་འཁོད་ཡོད། དེས་ན་བོད་ཀྱི་ཁ་ཕྱོགས་ཙམ་ཡང་ཆ་རྒྱུས་མེད་པར་རྒྱ་གར་གྱི་རྒྱལ་སྲས་གཞོན་ནུ་ཞིག་གིས་གཅིག་པུར་གངས་རི་ཆེན་པོའི་ཕྲེང་བ་མི་བཟད་པ་རྐང་བགྲོད་ཀྱིས་བརྒལ་ནས། ཐག་གིས་བསྐལ་བའི་མི་མེད་ལུང་སྟོང་ཟས་གོས་གནས་མལ་སོགས་མ་མཐའི་སྲོག་འཚོའི་བརྟེན་ཡུལ་ཙམ་མེད་པར་གློ་བུར་ཡར་ལུང་དུ་ཅི་འདྲ་བྱས་ནས་སླེབས་ཐུབ་བམ། ཁ་ཅིག་དཔུང་གི་ཚོགས་དང་བཅས་ཏེ་ཡིན་ཟེར་ན། གཉའ་ཁྲི་ཡར་ལུང་དུ་ཕེབས་དུས་དཔུང་ཚོགས་ཡོད་པའི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་གང་དུའང་གསལ་མེད་པས་འདོད་ཚུལ་དེ་ནི་རྐང་པ་ཚུགས་ཐབས་མེད་པ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་ཅེས་དང༌། འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།