ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།

དང་པོ། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའི་སྐོར་གླེང་བ།

སྔོན་མའི་འཕྲོས། བཤད་ཚུལ་དེ་ནི། གནའ་རབས་ཀྱི་ལོ་རྒྱུས་ཡིག་རིགས་ངོ་མ་དང་ཡང་རྩ་བ་ནས་མི་མཐུན་པར་མཐོང་སྟེ། བོད་ཀྱི་ལྟེ་གནས་གྲོང་ཁྱེར་ལྷ་ས་དང༌། གནའ་རབས་ལོ་རྒྱུས་ཀྱི་འབྱུང་ཡུལ་ལྷོ་ཁའམ། ཀོང་པོ། འབྲི་གུང་སོགས་ས་གནས་དུ་མར་གནའ་དུས་བཙན་པོའི་སྐབས་བསྐྲུན་པའི་རྡོ་རིང་གི་ཡི་གེ་བཟོ་བཅོས་ཀྱི་དྲི་མས་མ་གོས་པ་ཁག་གཅིག་ད་ལྟའང་དངོས་སུ་གནས་ཡོད་པ་དེ་དག་གི་ཐོག་ཆབ་སྲིད་དང༌། དམག་དོན། ས་རིས་བདག་དབང་གི་སྐོར་སོགས་འཁོད་ཡོད་ལ། ཆོས་ལུགས་འཛིན་སྐྱོང་ཐད་ཀྱི་གཙིགས་ཡིག་ཀྱང་ཚུད་པ་བཅས་ལོ་རྒྱུས་དཔྱད་གཞིའི་ནང་དོན་ཕུན་སུམ་ཚོགས་ཙམ་མཆིས།

དེ་རྣམས་ཀྱི་ཁྲོད་ནས་འདིར་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་སམ། སྤུ་རྒྱལ་གྱི་གདུང་རྒྱུད་སྐོར་དང་འབྲེལ་ཡོད་དུམ་བུ་འགའ་ཤས་དཔེ་མཚོན་དུ་དྲངས་ཏེ་དཔྱད་བསྡུར་ཞིག་བྱ་རྒྱུ་ཡིན་ཞེས་དང༌། དཔྱད་བསྡུར་ནང་འདི་བཞིན་གསུངས་ཏེ། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བསྐྲུན་པའི་ཀོང་པོ་དེ་མོ་ཁུལ་དུ་ཡོད་པའི་བྲག་བརྐོས་ཡི་གེའི་ཕྲེང་གསུམ་པར་¿ཐོག་མ་ཕྱྭ་ཡབླ་བདག་དྲུག་གི་སྲས་ལས། ཉ་ཁྲི་བཙན་པོ་མྱི་ཡུལ་གྱི་རྗེར་ལྷ་རི་གྱང་ཐོར་གཤེགས་པ་ཚུན་ཆད་ནྲ¿ཅེས་དང་དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་སྔ་མའི་ཡིག་ཕྲེང་དང་པོ་དང་གཉིས་པར་¿གནམ་ལྷབ་ཀྱི་རྒྱལ་པོ། འཕྲུལ་གྱི་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཀས་ནྲ¿ཞེས་གསལ། ལྷོ་ཁ་འཕྱོངས་རྒྱས་སུ་ཡོད་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་དུ་བཙུགས་པའི་རྡོ་རིང་གི་ཡི་གེ་ཕྲེང་དང་པོ་དང་གཉིས་པར། ¿བཙན་པོ་ལྷ་སྲས་འོ་ལྡེ་སྤུ་རྒྱལ། གནམ་གྱི་ལྷ་ལས་མྱིའི་རྗེར་གཤེགས་པ།ནྲ¿ཞེས་དང༌། ལྷ་ས་གཙུག་ལག་ཁང་གི་མདུན་ངོས་སུ་བསྐྲུན་པའི་༵༵དབོན་ཞང་དབུ་སྙུང་གི་རྡོ་རིང་ཀཀཞེས་པའི་ཤར་ངོས་ཀྱི་ཡི་གེ་ཕྲེང་ལྔ་པ་ནས་དགུ་པའི་བར་དུ་¿འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ་ཡུལ་བྱུང་ས་དོད་ཚུན་ཅད། འུང་ནས་མྱིའི་རྗེར། བོད་ཀྱི་རྒྱལ་པོ་ཆེན་པོ་མཛད་པ་ཡང༌། གངས་རི་མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་ནི་མགོ །ཡུལ་མཐོ་ས་གཙང་བ་ལ། གནམ་གྱི་ལྷ་ལས་མྱིའི་རྒྱལ་པོར་གཤེགས་ཏེ། གཙུག་ལག་ཆེན་པོས་ནི་ཡུནད་ཀྱི་སྲིད་བཙུགས་ནྲ ནྲ¿ཞེས་སོགས་འཁོད་པ་ལས། བཙན་པོའི་སྐབས་ཀྱི་རྡོ་རིང་ངམ་རྡོ་བསྐོས་ཀྱི་ཡི་གེ་ཐམས་ཅད་ཀྱི་ནང་དུ། གཉའ་ཁྲི་བཙན་པོ་རྒྱ་གར་ནས་བྱོན་པ་དང་ཤཱཀྱའི་རྒྱལ་རྒྱུད་ལས་ཆད་པ་ཟེར་བའི་བཤད་ཚུལ་དེ་རིགས་ཚིག་ཟུར་ཙམ་ཡང་མཐོང་རྒྱུ་མི་འདུག་གོ་ཞེས་དང༌། ཡང་ཁོང་གིས། ཚང་མས་བསམ་ཞིབ་ཅིག་གནང་དང༌། ད་ལྟ་བོད་དུ་ཡོད་པའི་གནའ་ཤུལ་གྱི་རྡོ་རིང་འཛམ་གླིང་ན་གྲགས་པ་དེ་དག་ནི། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང༌། དེའི་སྲས་ཁྲི་ལྡེ་སྲོང་བཙན། དེའི་སྲས་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་བཅས་ཀྱིས་སྲིད་དབང་སྐྱོང་བའི་དུས་སྐབས་ཏེ། བོད་དུ་བོན་གྱི་གཞུང་ལུགས་བསྣུབས་ནས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཆེ་ཤོས་ཀྱི་དུས་རབས་ཉག་ཅིག་ཁོ་ནའི་ནང་བསྐྲུན་པ་ཞེ་ཅིག་ཡིན། གལ་ཏེ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་རྒྱ་གར་ནས་ཡིན་པ་མ་ཟད། དེ་ཡང་མང་པོས་བཀུར་བའི་རྒྱལ་རྒྱུད་ལས་ཆད་པའི་སྟོན་པ་སངས་རྒྱས་དང་གདུང་རྒྱུད་གཅིག་པ་ཤཱཀྱའི་རིགས་ལས་བྱུང་བ་ཞིག་ཡིན་ན། ཆོས་གཙིགས་ཀྱི་དབུ་སྙུང་ཚུད་པའི་རྡོ་རིང་གི་ཡི་གེ་དེ་དག་ནང་བཙན་པོའི་གདུང་རྒྱུད་ཀྱི་ཆེ་བ་བརྗོད་སྐབས་རྒྱ་གར་ཆོས་ཀྱི་རྒྱལ་པོའི་ལོ་རྒྱུས་དེ་རྣམས་མ་བཀོད་པར་དོར་དང་འདོར་བཞིན་པའི་བོན་གྱི་གཞུང་ལུགས་ལས་བཤད་པའི་¿གནམ་ལྷ་བབས་ཀྱི་མིའི་རྗེ་བོ་མཛད་པ¿ཟེར་བའི་བཤད་ཚུལ་རྙིང་པ་དེ་རང་མུ་མཐུད་སྤྱོད་དགོས་དོན་གང་ཡིན་ནམ། བློན་པོའི་ཁ་དབང་དུ་སོང་ངམ་སྙམ་ན། མིན་ཏེ་གོང་དུ་དྲངས་པའི་རྡོ་རིང་གི་ཡི་གེ་དེ་དག་ཇུས་འགོད་གནང་མཁན་ནི། སྐབས་དེར་བཙན་པོའི་ཆབ་སྲིད་ཀྱི་ཁ་ལོ་སྒྱུར་བའི་བན་དེ་ཆེན་པོ་མྱང་ཏིང་ངེ་འཛིན་བཟང་པོ་དང༌། བཀའི་དགུང་བློན་བན་དེ་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་ལ་སོགས་པ་ཡིན་པར་རྡོ་རིང་གི་ཡི་གེ་སོ་སོ་ལས་ཀྱང་ཤེས་པ་ལྟར་ཆོས་སྲིད་ཀྱི་ཤེས་བྱར་བྱང་ཆུབ་པའི་མི་སྣ་དབང་གྲགས་ཅན་དེ་དག་གིས་བཙན་པོའི་གདུང་རྒྱུད་ཀྱི་ཁུངས་དེ་ལྟ་བུ་ཡོད་ན་མ་ཤེས་པ་དང་འདྲེན་མི་འདོད་པ་ཅི་ལ་ཡོང་སྲིད། གཞན་ཡང་ཏུན་ཧོང་ནས་ཐོན་པའི་བཙན་པོའི་དུས་རབས་ཀྱི་བོད་ཡིག་ད་ཕན་རང་གིས་མཐོང་ཐོས་ཀྱི་ནང་དུའང༌། སྤུ་རྒྱལ་གྱི་གདུང་རྒྱུད་རྒྱ་གར་ནས་བྱུང་བའི་ལོ་འཕྲོས་ཐོས་མ་མྱོང་བ་བཅས་བཤད་ཚུལ་དེ་ནི། བོད་ཀྱི་གནའ་བོའི་ཡིག་རིགས་ལྷད་མེད་རྣམས་དང་ཡང་མི་མཐུན་པ་བཅས་དེ་ལ་ཚན་རིག་གི་གཞི་འཛིན་ས་ཅི་ཡང་ཡོད་པ་མ་མཐོང་ངོ་ཞེས་སོགས་ཀྱིས་བཀག་པར་མཛད་དོ། །

གཉིས་པ་གཉའ་ཁྲིའི་གདུང་རྒྱུད་རྒྱ་ནག་ནས་ཆད་ཚུལ་བཤད་མཁན་དག་གིས་ཐང་ཡིག་རྙིང་མ་ལ་གཞི་བཅོལ་བ་ཡིན་ཚོད་སྣང་བས། ཐང་ཡིག་རྙིང་མ་ལས། ¿ཐུ་བྷོད་ཅེས་པ་བྱ་བ་ནི་ཁྲང་ཨན་ནུབ་ཕྱོགས་ཀྱི་ལེ་དབར་བརྒྱད་སྟོང་གི་སར་མཆིས་ཤིང༌། མ་གཞིར་ས་ཆ་དེ་ནི་ཧན་རྒྱལ་རབས་ཀྱི་དུས་སུ་འཇང་ནུབ་མའི་མངའ་རིས་སོ། །དེའི་རིགས་རྒྱུད་དང་ཚོ་པ་རྣམས་ཀྱི་འབྱུང་ཁུངས་མི་ངེས་ཀྱང༌། ཁ་ཅིག་གིས་ནན་ལེང་གི་ཐུའུ་ཕཱ་ལི་ལོའུ་ཀུའུ་ཞེས་བྱ་བའི་རྒྱུད་པ་ཡིན་ཟེར། ལི་ལོའུ་ཀུའུ་ལ་སྲས་གཅིག་བྱུང་བ་འཕན་མྱི་ཞེས་བྱ། ལི་ལོའུ་ཀུའུ་གཤེགས་ཁར་སྲས་འཕན་མྱི་ན་སོ་ཕྲ་བས། ལི་ལོའུ་ཀུའུ་ཡི་གཅུང་པོ་རུ་ཐན་བྱ་བ་རྒྱལ་སར་འཁོད་ཅིང༌། འཕན་མྱི་ནི་ཨན་ཞི་དམག་དཔུང་གི་དཔོན་པོར་བསྐོས་ཧིག་ལྦེ་རྒྱལ་རབས་ཀྱི་ཧྲིན་རོས་ཁྲི་ལོ་དང་པོར། ཞི་ཆིན་གྱི་ཆེའ་ཕོའ་ཀྲི་འཕན་བྱ་བས་རུས་ཐན་བསྣུབས། འཕན་མྱི་ནས་འཁོར་ལྷག་མ་རྣམས་བསྡུས་ཏེ་ཆེ་ཆི་མང་སུང་བྱ་བར་གཏད། མང་སུང་གིས་ཁོ་ལ་ལིན་སུང་གི་ཐེ་ཧྲིག་བྱ་བའི་ཆོ་ལོ་སྦྱར། མང་སུང་འདས་རྗེས། འཕན་མྱིས་རང་གི་འཁོར་རྣམས་ཁྲིད་དེ་ནུབ་ཕྱོགས་སུ་བྲོས། རྨ་ཆུ་བརྒལ། རི་བོ་ཅི་ཧྲི་བརྒྱུད་དེ་འཇང་གི་ས་ཆར་རྒྱལ་ཁབ་གཅིག་བཙུགས་ཤིང༌། མངའ་ཁོངས་ལེ་དབར་སྟོང་ཕྲག་མཆིས། འཕན་མྱི་ནི་ཟིལ་ཆེ་ལ་དྲིན་དུ་གཟོ་བ་ཞིག་ཡིན་པས་འཇང་པ་རྣམས་ཀྱིས་བཀུར། ཁོས་ཀྱང་ཐམས་ཅད་ལ་དྲིན་གྱིས་བསྐྱངས་སྟབས་འཇང་པ་རྣམས་ནི་ཚོང་འདུས་ཀྱི་མགྲོན་པོ་ཇི་བཞིན་འབངས་སུ་བྱུང༌། དེ་ནས་འཕན་མྱིས་རང་གི་རུས་སྤུར་རྒྱལ་དུ་བྱས་ཤིང༌། རྒྱལ་ཁ་ཀྱི་མིང་ཐུ་ཕཱ་བྱ་བར་བཏགས། ཕྱིས་ཐུ་ཕཱ་ཞེས་པའི་སྒྲ་འགྱུར་ཏེ་ཐུ་བྷོད་དུ་ཆགས་ནྲ ནྲ¿ཞེས་འཁོད་འདུག་ཅེས་གསུངས།འཕྲོས་འདོན་ཐེངས་རྗེས་མར་གཟིགས།

ས་རཱ་མཐོ་སློབ། ངག་དབང་བྱམས་པས།

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།