དེ་ཁོང་གིས་ནོར་བ་རེད།
ཨ་རིའི་ཨིན་ཌི་ཡ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཀྱི་ལོ་རྒྱུས་སློབ་དཔོན་ཆེན་མོ་ཨེ་ལོ་ཐི་སི་པར་ལིང་(Prof.Eliot Sperling)གིས་བརྩམས།
མཇུག་མཐར་རྒྱ་ནག་གིས་བཤད་པ་འགྲིག་པ་རེད། དེ་ནི་ཚང་མ་ཏཱ་ལའི་བླ་མའི་སྐོར་ལ་རེད། མ་འོངས་པའི་བོད་ཀྱི་ལས་འགུལ་སྐོར་ལ་གྲོས་བསྡུར་ཆེད་བདུན་ཕྲག་གཅིག་གི་དམིགས་བསལ་ཚོགས་ཆེན་གྱི་རྗེས་སུ། བོད་ཀྱི་བཙན་བྱོལ་ཁོར་ཡུག་གང་ས་ནས་ཕེབས་པའི་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གི་མངའ་ཁོངས་རང་དུ་ཚད་མཐོའི་རང་སྐྱོང་སློང་བའི་ཏཱ་ལའི་བླ་མའི་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱེད་པའི་ལོ་ངོ་སུམ་ཅུའི་སྲིད་བྱུས་རྙིང་པ་དེ་རྒྱུད་མཐུད་བྱེད་རྒྱུར་ཧ་ལམ་མོས་མཐུན་བྱུང་ཡོད། ཁ་ཅིག་གིས”ཧ་ལམ་”བརྗོད་ཀྱི་ཡོད་རེད། རྒྱུ་མཚན་ནི་ཚོགས་ཆེན་དེ་སྲིད་བྱུས་དེར་མངོན་གསལ་དོད་ཤོས་ཀྱིས་འདོད་བློ་མ་ཚིམ་པའི་ཚོགས་ཁག་རྣམས་ཀྱི་སྒང་ལ་དབང་ཤུགས་སླེབས་པ་རེད་ཅེས་གནས་ཚུལ་ཐོན་ཡོད།
དེ་ནི་སྲིད་བྱུས་དེ་ཉིད་མ་ཡིན་ཡང་དེ་འབྱུང་སའི་གང་ཟག་དེ་མགོ་སྐོར་ཐེབས་པ་ཞིག་རེད། རྒྱ་ནག་གིས་བོད་དུ་ཕྱིར་ཕེབས་ཕྱིར་གོ་ས་དཀྱུས་མ་ཞིག་ཕུལ་ནས་སྔོན་མ་ནས་འབྲེལ་མོལ་གྱི་ལྟ་ཕྱོགས་དབུས་སུ་ཏཱ་ལའི་བླ་མའི་གོ་བབ་བཞག་ཡོད་པ་དང༌། ཡང་ཏཱ་ལའི་བླ་མས་བོད་ཀྱི་གནད་དོན་དེ་ཁོང་གི་སྐུ་སྒེར་གནད་དོན་མ་ཡིན་པར་བོད་མི་རིགས་ཡོངས་ཀྱི་གནད་དོན་ཞིག་རེད་ཅེས་ཡང་ཡང་གསུངས་ཡོད་ཀྱང༌། ཚོགས་ཆེན་གྱི་མཐའ་མའི་འབྲས་བུས་རྒྱ་ནག་གིས་ཏཱ་ལའི་བླ་མས་མང་གཙོའི་སྨྲ་བརྗོད་ལ་མ་ལྟོས་པར་ཁོ་རང་གིས་བོད་མི་མང་ཚོགས་ལ་ཁོང་དང་བསམ་ཚུལ་མི་མཐུན་པ་འདོན་སྤེལ་བྱེད་རྒྱུར་གུ་ཡངས་སྟབས་བདེ་ཚོར་བའི་དབང་ཤུགས་ནམ་ཡང་སྤྲད་མྱོང་མེད་ཅེས་པའི་ལྟ་ཚུལ་དེར་རྒྱབ་སྐྱོར་བྱུང་འདུག ཏཱ་ལའི་བླ་མར་བརྩི་བཀུར་མེད་པའི་སྐྱོན་བརྗོད་ནི་རྡ་རམ་ས་ལའི་ནང་ཆབ་སྲིད་དང་སྒེར་གྱི་འཁོན་རྩོད་ཁྲོད་མཚོན་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད།
འོན་ཀྱང་ཚོགས་ཆེན་མ་འཚོག་པའི་བདུན་ཕྲག་འགའི་སྔོན་དུ། ཏཱ་ལའི་བླ་མས་རྒྱ་ནག་ལ་ཡིད་ཆེས་བརླག་འགྲོ་ཡི་འདུག་ཅེས་གསུངས་པ་དང༌། བཙན་བྱོལ་བོད་མི་མང་པོས་དྲག་པོ་མིན་པའི་བོད་རང་བཙན་སླར་ཡང་གཞུང་འབྲེལ་ལངས་ཕྱོགས་བསྐྲུན་ཆེད་བྲེལ་བྲེལ་འབད་འབད་ངང་ཁ་པར་གཏོང་རེས་སོགས་བྱུང་ཡོད། ཁོང་ཚོས་རྒྱ་ནག་དང་ལྷན་དུ་འབྲེལ་མོལ་གྱི་ཚེ་སྲོག་ཆེས་མཐའ་མཇུག་ཞིག་ལ་སླེབས་པ་དང༌། བོད་མི་ཚོས་ཉུང་མཐར་ཏཱ་ལའི་བླ་མས་༼ཡང་ཡང་རྒྱ་ནག་གི་བཙན་ཤུགས་འོག༽བོད་རང་བཙན་བྱ་མི་རུང་བ་དང༌། དེ་ནི་རྒྱ་ནག་གི་ཆ་ཤས་སུ་གནས་རྒྱུ་བོད་ཀྱི་ཁེ་ཕན་ཆེད་ཡིན་པ་སོགས་བརྗོད་ནས་མི་ལོ་དུ་མའི་རིང་བརླག་ཕྱིན་པའི་བོད་དོན་ཁྲིམས་ཐོག་ནས་བསྐྱར་ལེན་བྱེད་རྒྱུར་མཇུག་བསྡོམས་དགོས་པའི་རྒྱུ་མཚན་དུ་མ་ཞིག་ངེས་པར་མཐོང་བ་རེད། རང་བཙན་འདོད་མཁན་ཚོ་ལ་གཞིགས་ན་ཁེ་ཕན་དེ་ཚོ་ཉེ་ཆར་ཕྱི་ཟླ་གསུམ་པ་དང་བཞི་པའི་རིང་ཉིད་ཀྱིས་བློ་ཁ་ཚིམ་པའི་ཐོག་གསལ་སྟོན་བྱུང་ཡོད།
ཕྱི་ལོ་༢༠༠༢ ནང༌། གྲོས་མོལ་ཐད་ཀར་མ་བྱུང་བའི་ལོ་བཅུའི་རྗེས་སུ། རྡ་རམ་ས་ལ་ནས་པེ་ཅིང་དུ་བོད་དོན་བགྲོ་གླེང་བྱེད་པར་ཡང་བསྐྱར་སྐུ་ཚབ་གཏོང་འགོ་ཚུགས་པ་རེད། དུས་ཚིགས་རེར་བོད་ཀྱི་སྐུ་ཚབ་རྣམས་ཀྱིས་ཕྱོགས་གཉིས་ཀའི་གནས་བབ་ལ་བསམ་གཞིག་ཡག་ཏུ་འགྲོ་རྒྱུར་ཕྱོགས་གཉིས་ཀས་བཟང་ཕྱོགས་ཀྱི་གོམ་ཁ་བསྒྱུར་ཡོད་ཅེས་གཟབ་ནན་གྱིས་ཞིབ་རྩིས་བྱས་ཡོད། འོན་ཀྱང་ཟུར་ནས་བལྟ་སྡོད་མཁན་མང་པོ་ཞིག་ལ་གྲོས་མོལ་དེ་ནམ་ཡང་གང་དུའང་མི་སླེབས་པ་གསལ་པོ་ཡིན་པ་རེད། དེ་ཚོ་ནི་རྒྱ་ནག་གིས་ཏཱ་ལའི་བླ་མ་འདས་གྲོངས་ཀྱི་རེ་ངན་བཅངས་བཞིན་པ་དེར་དུས་ཚོད་ལ་རྟགས་རྒྱག་བྱེད་ཀྱི་ལག་ཆ་ཙམ་ཞིག་ཡིན་པ་རེད། གྲོས་མོལ་དེས་སྐབས་རེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་དང༌། རྒྱ་ནག་གི་སྲིད་བྱུས་ཐོག་རྒྱལ་སྤྱིའི་དོ་སྣང་གི་ཁ་ཕྱོགས་བསྒྱུར་བའི་ཆེད་དུ་ཚོགས་འདུའི་འགྲེམས་སྟོན་སྟབས་བདེ་ཞིག་བྱེད་པའི་གོ་སྐབས་ཤིག་ཀྱང་སྤྲད་པའི་ཕན་ཐོགས་བྱུང་ཡོད།
རྒྱ་ནག་གིས་གྲོས་མོལ་འགོ་མ་བཙུགས་གོང་ནས་ཏཱ་ལའི་བླ་མ་དང་ལྷན་དུ་གྲོས་མཐུན་ཞིག་ཡོང་རྒྱུར་འདོད་མོས་མེད་པ་རེད། ཟླ་བ་འདིའི་སྔོན་དུ་གྲོས་མོལ་ཐེངས་རྗེས་མ་དེ་མཇུག་རྫོགས་པ་དང་ཁོ་ཚོའི་ཆོ་མེད་རང་བཞིན་དེ་གསལ་པོ་རེད། འགྱུར་མེད་རྟག་བརྟན་གྱི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་གཉིས་རྒྱ་གར་དུ་ཕྱིར་ལོག་ནས་དམིགས་གསལ་ཚོགས་ཆེན་སྔོན་ལ་གསལ་བསྒྲགས་བྱེད་ཀྱི་མིན་ཞེས་དམ་བཅའ་བྱས་པ་རེད། འོན་ཀྱང་ཁོ་ཚོས་སྐད་ཆ་བཤད་པའི་དགོས་པ་མེད་པ་ཞིག་རེད། ཉིན་ཤས་ནང་ཀྲུའུ་ཝི་ཆོན་དང་སྲིད་ཐར། དེ་བཞིན་ཚོགས་འདུའི་ནང་ཡོད་པའི་རྒྱ་ནག་གི་ལས་བྱེད་རྣམས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གོ་སྒྲིག་བྱས་ནས་དམར་རྗེན་དུ་གྲོས་མོལ་དེ་གང་དུའང་སླེབས་མ་སོང༌། ཁོ་ཚོས་བོད་ནང་གི་རང་སྐྱོང་གི་ཁྱད་ཆོས་སྐོར་གྱི་ཏཱ་ལའི་བླ་མའི་གྲོས་གཞི་གང་གི་ཐད་ལའང་འདུམ་འགྲིག་མི་ཡོང་བའི་ངོས་ལེན་བྱས་པ་དང༌། ཁོང་རང་ཁྱིམ་དུ་ལོག་པའི་སྒོ་མོ་ཕྱེ་བའི་སྐབས་སུ་ཁོས་རང་ཉིད་ཀྱི་ནོར་འཁྲུལ་ལ་བསམ་བློ་འཁོར་ནས་ཡང་དག་པ་དང་རྒྱལ་གཅེས་རང་བཞིན་གྱི་གནས་བབ་ལ་ཕྱིར་ལོག་དགོས་ངེས་རེད་ཅེས་བཤད་པ་རེད། དེར་བརྟེན་ཧ་ལམ་ལོ་ངོ་༣༠ ཙམ་རིང་གི་འབྲེལ་མོལ་རྗེས་སུ་རྒྱ་ནག་གིས་ལམ་གྲུ་བཞི་ཞིག་ལས་དེའི་ཕྱི་རོལ་ཏུ་གང་ཡང་སླེབས་མེད་པའི་རྣམ་འགྱུར་བསྟན་ཡོད། དེ་ནི་ཏཱ་ལའི་བླ་མ་ཁོ་ནའི་སྐོར་ཡིན་པ་རེད། དེ་མ་གཏོགས་པའི་བོད་ཀྱི་གནད་དོན་ཞིག་མེད་པ་རེད། ད་དུང་རྣམ་འགྱུར་དེས་རྒྱ་ནག་གིས་བོད་ཀྱི་སྲིད་དབང་འཛིན་རྒྱུར་གཡོ་ཐབས་ཀྱིས་འབད་བརྩོན་བྱས་མེད་པ་བསྟན་ཡོད་ལ། ༢༠༠༨ ལོའི་ཨོ་ལིམ་པིག་རྩེད་འགྲན་ཚགས་ཚུད་པོར་གོ་སྒྲིག་དང༌། ད་ལྟ་འཛམ་གླིང་དངུལ་རྩིས་ཉམས་ཆག་ལ་གདོང་ལེན་བྱེད་པའི་ཁྲོད། ཁོ་ཚོས་གཡོ་མེད་ངང་འགན་འཁྲིའི་བྱེད་སྒོ་རྒྱ་ཆེན་སྤེལ་མུས་སོགས་རྣམ་འགྱུར་དེ་དག་གིས་རྒྱ་ནག་གི་སྲིད་དབང་ཚད་མཐོ་ཤོས་ཆགས་རྒྱུའི་བསམ་བློ་གཡོ་ཐབས་རྩོལ་མེད་ཀྱིས་བསྟན་ཡོད་ལ། རྒྱ་གཞུང་གི་གནད་ཡོད་མི་སྣ་ཚོས་རྒྱལ་སྤྱིའི་གསར་ལམ་ཁག་གྲོས་མོལ་གྲུབ་འབྲས་མ་ཐོན་པའི་ཕྱོགས་སུ་བཀུག་ནས། རྒྱ་ནག་ནས་ཁུ་སིམ་ཁ་སྐྱེངས་ངང་རྒྱ་གར་དུ་ཕྱིར་ལོག་པའི་བོད་ཀྱི་སྐུ་ཚབ་རྣམས་ལ་གུས་ཞབས་མ་བྱས་པ་རེད།
ཏཱ་ལའི་བླ་མའི་བཅོས་མིན་རང་བཞིན་གྱིས་རྒྱ་ནག་མཉམ་དུ་བསྟུན་འབྲེལ་གནང་བ་མངོན་གསལ་རེད། རྒྱ་ནག་གི་ལྟ་བ་ཨུ་ཚུགས་ཅན་ལ་ཕར་བསྟུན་ནས་ཁོང་གིས་སྔ་ས་ནས་བོད་རང་བཙན་དོར་ནས། རྒྱ་གཞུང་གི་འགོ་ཁྲིད་སུས་ཀྱང་ཁས་ལེན་མི་ཐུབ་པའི་ལྟ་གྲུབ་ཅིག་གཏན་འབེབས་བྱས་པ་རེད། འོན་ཀྱང་ཁོང་གིས་ད་དུང་ངེས་དགོས་པ་ཞིག་ལ་ཁོང་ཉིད་ཤེས་བཞིན་དུ་ལམ་ཁ་མེད་ས་ཞིག་ཏུ་སླེབས་པ་རེད། ད་ལྟའི་གནས་སྟངས་འོག་བོད་རང་བཙན་གྱི་ཆ་རྐྱེན་གྱི་ལས་འགུལ་དེ་གནད་དོན་གྱི་གྲོས་ཆོད་གང་ལས་ཉེ་ས་ཞིག་ལ་ཁྲིད་ཡོད་སྲིད་པ་ཞིག་རེད། འོན་ཀྱང་རྒྱ་ནག་གིས་བོད་མི་རྣམས་ད་ལྟའི་གནས་སྟངས་ལས་སྡུག་པ་ཞིག་ལ་བཞག་མེད་པ་དང༌། ལྷག་པར་དུ་རྒྱ་ནག་གིས་བཟུང་བའི་བོད་ཀྱི་བདག་དབང་དེར་རྒྱལ་སྤྱིའི་གནོན་ཤུགས་དེ་བོད་ལ་མཚོན་ན་ཁེ་ཕན་ཞིག་ཏུ་གྱུར་ཡོད་སྲིད།
ཏཱ་ལའི་བླ་མས་གནོན་ཤུགས་དེ་མེད་པ་བཟོ་རྒྱུར་ཕན་གྲོགས་བྱས་ཡོད་པ་དང༌། ད་ལྟ་དམིགས་བསལ་ཚོགས་ཆེན་གྱི་རྗེས་སུ་ཁོང་ནི་བོད་ཀྱི་གནས་བབ་ཀྱི་ཁྲིམས་དཔོན་ལྟ་བུར་གནས་ཡོད། ཚང་མས་ཧ་གོ་སླ་བའི་ལྐོག་གྱུར་ཞིག་ནི། ཁོང་གིས་ཉིན་འགའ་ཤས་སྡོན་མ་མཐར་ད་དུང་ཡང་རྒྱ་ནག་གི་མི་མང་རྣམས་ལ་ཡིད་ཆེས་ཡོད་ཅེས་བསམ་ཚུལ་བཏོན་ཡོད། གང་ཞིག་གིས་ངེས་པར་དུ་ཁོང་གིས་ཕྱི་ཟླ་གསུམ་པའི་དོན་རྐྱེན་གྱི་རྗེས་སུ་བོད་མི་རྣམས་ལ་གཞི་རྒྱ་ཆེན་པོའི་ངང་རྒྱ་ནག་གི་མི་མང་འབོར་ཆེན་གྱིས་ཁོང་ཁྲོ་བསྟན་པ་རྟོགས་ཡོད་མེད་དོགས་སློང་བྱེད་དགོས་པ་རེད། ཕྱི་ལོ་༡༩༩༠ ནང་ཙམ་དུ་ཁོང་གིས་ཏིང་ཞའོ་ཕིང་གྲོགས་པོ་རྙིང་པ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་པའི་གོམས་གཤིས་ཤིག་ཡོད་པ་རེད། གལ་ཏེ་ཏིང་ཞའོ་ཕིང་གིས་དེ་ཧ་གོ་ན་ཁོས་གྲོགས་པོ་བྱེད་མཁས་པ་འདི་ལྟ་བུར་ཧ་ལས་ཡོད་རྒྱུ་རེད། གྲུབ་འབྲས་མེད་པའི་འབྲེལ་མོལ་གྱི་བརྒྱུད་རིམ་ཁྲོད། ཏཱ་ལའི་བླ་མས་མི་ཕལ་ཆེ་བས་ལོ་ལྔའི་གཡས་གཡོན་ནས་བྱེད་མཚམས་འཇོག་པའི་བྱ་བ་སྟེ། འཆར་སྣང་གི་གྲོགས་པོར་སྐད་ཆ་བཤད་བསྡད་པ་འདྲ་པོ་ཞིག་བྱུང་ཡོད་པ་རེད།།
ཀུན་ཁྱབ་དཔལ་བཟང་གིས་བོད་བསྒྱུར་བྱས། མཆན། རྩོམ་ཡིག་འདི་ཕྱི་ཚེས་༢༧ ཉིན་རྒྱ་གར་གྱི་དུས་བབ་(The Times of India)ཐོག་བཀོད་ཐོན་བྱུང་བ་དང༌། ཕྱི་ཚེས་༢༨ ཉིན་ཕ་ཡུལ་དྲ་རྒྱའི་-(www.phayul.com) ཐོག་བཀོད་འདུག་པས། བོད་བསྒྱུར་ཞུས་པའི་ཚིག་དོན་གང་ཐད་ནས་དོགས་གནས་ཡོད་རིགས་ཀྱིས་མ་རྩོམ་ལ་གཟིགས་རོགས།