དགྲ་ཆེ་ཤོས་དེ་རང་ཉིད་ཡིན་པ་ཤེས་དགོས།

དེ་རིང་འདིར་ཁ་གཏད་དམ་དགྲ་ཆེ་ཤོས་དེ་རང་ཉིད་ཡིན་ཞེས་འབྲི་བའི་སྐབས་ཐེ་ཚོམ་སྐྱེ་དགོས་པ་ཞིག་ནི། སྐད་ཆ་འདི་ཉིད་ང་ཚོའི་སྤྱི་ཚོགས་ཀྱི་མགོ་ནས་མཇུག་བར་གྱི་མི་མང་དྲག་ཞན་བར་མ་ཀུན་གྱི་རྣ་བར་འགྲོ་དཀའ་བ་དེ་ཡིན། འོན་ཀྱང་དོན་དངོས་ཐོག་སྐད་ཆ་འདི་ལ་རང་ངོས་ནས་ཡིད་ཆེས་དང་གདེང་ཚོད་ཡོད་པའི་ཐོག་ནས་བརྗོད་འདོད་བྱུང༌།

མི་སྒེར་ཞིག་ལ་མཚོན་ནས་བཤད་ནའང་རང་ཉིད་ཡར་རྒྱས་མི་འགྲོ་བའི་འགོག་རྐྱེན་ཆེ་ཤོས་དེ་རང་ཉིད་ཡིན་ལ། གལ་སྲིད་རང་ཉིད་ལ་ཡར་རྒྱས་སུ་གཏོང་རྒྱུའི་བློ་སྤོབས་ཡོད་ན་མི་འགྲུབ་པ་ཅི་ཡང་མེད། རང་ཉིད་ལ་བློ་སྤོབས་མེད་ན་མི་གཞན་གྱིས་དཀའ་ངལ་འགལ་རྐྱེན་ག་ཚོད་བཟོས་ཀྱང་དེ་ཙམ་གྱིས་གནོན་ཤུགས་ཐེབས་སླ་བ་དང༌། ཐ་ན་རང་ཉིད་ཀྱི་བསམ་འདུན་གཅིག་ཀྱང་འགྲུབ་མི་ཐུབ་པའི་ཚོད་དུ་འགྱུར་ངེས། གལ་སྲིད་རང་ཉིད་ལ་སེམས་ཤུགས་དང་སྙིང་སྟོབས་ཡོད་ན་ཕྱོགས་གཞན་ནས་འགལ་རྐྱེན་ག་ཚོད་སྤྲད་པ་དེ་ཙམ་གྱིས་དཀའ་ངལ་ལ་གདོང་ལེན་བྱེད་པའི་སྙིང་རུས་སྐྱེ་ཐུབ་པ་དང༌། དེའི་ཚོད་ཀྱིས་ཉམས་མྱོང་དང་གྲུབ་འབྲས་ཀྱང་ཐོན་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན། གོང་དུ་བཤད་པ་དེ་འཇིག་རྟེན་མི་ཆོས་ཀྱི་ཐོག་ནས་ཡིན་ཡང༌། དམ་པའི་ལྷ་ཆོས་ཀྱི་ཐོག་ནས་བཤད་ཀྱང་གནད་ཀྱི་དམ་པ་གྱུར་ཡོད་པ་གཞུང་ལུགས་ཁག་ལས་རྟོགས་ཐུབ། དེ་བཞིན་གཞུང་དང་ཚོགས་པ་གང་ཡིན་ཡང་ལས་དོན་ཡར་རྒྱས་གཏོང་ཐུབ་མིན་དང་མཐར་ཐུག་གི་དམིགས་ཚད་འགྲུབ་མིན་དེ་མཐར་གཏུག་ན་རང་ཉིད་ཁོ་ན་ལ་ཐུག་ཡོད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད།

ཉེ་བའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་དམིགས་བསལ་ཚོགས་ཆེན་ཚོགས་ཟིན་པ་དང༌། ཉིན་གཅིག་གཉིས་ཀྱི་སྔོན་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡི་ཉེ་འགྲམ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དེ་ཡང་འཚོགས་པ་རེད། ཚོགས་ཆེན་དེ་གཉིས་ཀྱི་སྔ་ཕྱིའི་གནས་ཚུལ་ལ་གཞི་བཞག་ནས་བསམ་བློ་བཏང་བའི་སྐབས་དུས་རྒྱུན་ང་ཚོའི་སྤྱི་ཚོགས་ཀྱི་ཁྲོད་དུ་མི་མང་པོ་ཞིག་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྒྱ་གཞུང་ལ་བསྟུན་དགོས་པ་དང༌། རྒྱ་གཞུང་གི་སྟོབས་འབྱོར་དབང་ཤུགས་ཕྱོགས་གང་ཐད་ནས་བོད་པས་ཁ་གཏད་གཏན་ནས་གཅོག་མི་ཐུབ་པས། དོན་དངོས་བོད་རང་བཙན་མི་འདོད་མཁན་གྱི་མི་སུ་གཅིག་མེད་ཀྱང༌། རྒྱ་གཞུང་གི་ལག་ནས་ལེན་ཐུབ་ཐབས་མེད་པའི་བསམ་ཚུལ་ཤོད་མཁན་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད། རྒྱ་ནག་གཞུང་སྟོབས་འབྱོར་དང་དབང་ཤེད་ཆེ་བ་བདེན་ཡང༌། བོད་པའི་བསམ་བློར་དང་པོ་ནས་ཡོང་གི་རེད་བསམ་པའི་བློ་སྟོབས་མེད་པ་དེས་བོད་དོན་འཐབ་རྩོད་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། ཕྱོགས་གཅིག་ནས་བཤད་ན་བློ་སྟོབས་ཡོད་པ་ཙམ་གྱིས་མི་འགྲིག་པར་གྲ་སྒྲིག་ཞིབ་ཚགས་དང༌། འཆར་གཞི་ལུ་གུ་རྒྱུད་དུ་ཡོད་དགོས་ཀྱང༌། བློ་སྟོབས་མེད་ན་གྲ་སྒྲིག་དང་འཆར་གཞི་ཡང་དེ་མཚུངས་ཙམ་ལས་ཡོང་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན། མི་མང་པོ་ཞིག་གིས་རང་ཉིད་ཀྱིས་དཀའ་ལས་གང་ཡང་རྒྱག་མྱོང་མེད་ལ། རྒྱག་འདོད་ཀྱང་མེད་པར་དཀའ་ལས་རྒྱག་མཁན་རྣམས་ལ་ཁ་གཏོང་རྒྱུ་དང༌། རྒྱ་ནག་གི་དབང་ཤུགས་ལ་ཁ་གཡར་ནས་ཐ་ན་རང་ཉིད་ལའང་མགོ་སྐོར་གཏོང་བཞིན་ཡོད། དམིགས་བསལ་ཚོགས་ཆེན་ཆེད་བོད་ནང་བསམ་ཚུལ་བསྡུས་པའི་ནང་ནས་ཁག་ཅིག་གིས་”མ་རྩ་བཙུགས་ཡོད། ཚོང་ཕོག་གི་འདུག་གམ”ཞེས་པའི་དྲི་བ་ལྗིད་ཁོག་ཅན་ཞིག་བཏང་ཡོད་པ་དང༌། གནད་དོན་དེའི་ཐོག་ལ་ང་ཚོའི་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད། རྒྱ་ནག་གཞུང་སྟོབས་ཤུགས་ཆེ་དྲགས་ནས་ཚོང་ཡོང་ས་མ་རེད་ཅེས་ལན་རྒྱག་གི་ཡིན་ནམ། ང་ཚོས་ཡོང་གི་མ་རེད། ཐུབ་ཀྱི་མ་རེད། ཐོབ་ཀྱི་མ་རེད་བསམ་པའི་བསམ་བློ་དེ་ང་ཚོའི་དགྲ་བོ་རྒྱ་དམར་གཞུང་ལས་ཀྱང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་འགོག་རྐྱེན་དང་དགྲ་ཆེ་ཤོས་དེ་ཡིན། ད་ལྟའི་དུས་འདིར་ཆོས་བསྒྲུབ་མཁན་ཡང་མང་མོད་དོན་དངོས་ཀྱི་ཐོག་ནས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དེ་དབང་ཤུགས་ཆེ་བས་ཁ་གཏད་གཅོག་རྒྱུ་ཁག་པོ་རེད་བསམ་བའི་བསམ་བློ་དེས། རྗེ་བཙུན་མི་ལ་ལྟ་བུ་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་གི་གོ་འཕང་བརྙེས་མཁན་མཇལ་རྒྱུ་མེད་པ་འདི་བྱུང་བ་རེད། ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་རང་ཉིད་ཀྱི་དུས་ཚོད་བརྒྱ་ཆ་བརྒྱ་རང་ཉིད་ཀྱི་ལྟོ་གོས་ཆེད་དུ་བཏང་ནས། བོད་མི་རིགས་ཀྱི་དོན་དག་ཡོད་ཚད་ྋགོང་ས་མཆོག་ལ་བཅོལ་ཏེ་ཁ་ཙམ་ནས་སྐྱབས་སུ་མཆི་ཞེས་པ་ཙམ་ལས་འགན་ཁུར་གང་ཡང་མི་ལེན་པ་འདི། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་དགྲ་ཡི་དྭངས་མ་ཡིན་པའི་ཚོར་སྣང་དེ་འགོག་ཐབས་མེད་པ་ཞིག་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།