ནག་ཕྱོགས་ཟིལ་གྱིས་གནོན་པའི་སྔོན་བརྡ།
༈ བོད་གངས་ཅན་གྱི་བསྟན་སྲིད་ལ་འཇབ་ནས་རྒོལ་བའི་དགྲ་བོའི་རང་མཚང་དམར་རྗེན་དུ་འདོན་པའི་བདེན་པའི་རང་སྒྲ་སྲིད་གསུམ་ནག་ཕྱོགས་ཟིལ་གྱིས་གནོན་པའི་སྔོན་བརྡ།
ང་ཚོའི་མིག་ལམ་དུ་མཐོང་བཞིན་པའི་བོད་བསྟན་སྲིད་མི་རིགས་དང་བཅས་པ་རྩ་བརླག་ཏུ་འགྲོ་རྒྱུའི་ཤི་གསོན་གྱི་མཚམས་སུ་སླེབ་པའི་ཡིད་སྐྱོ་བའི་གནས་ཚུལ་འདི་རྒྱུ་མེད་ལས་བྱུང་མེད་ལ་རྒྱ་དམར་གྱིས་བཙན་འཛུལ་གཅིག་པོ་ལས་བྱུང་བ་ཡང་མིན། ཚད་ཐུབ་ཀྱི་ལྷ་དང་བླ་མའི་ལམ་སྟོན་གྱིས་མ་འདེངས་པའང་མིན། གློ་བུར་དུ་ཐོག་འབབ་པ་ལྟ་བུའང་མིན། དེ་ནི་བརྒྱུད་ལམ་མང་པོ་ཞིག་ནས་འཐུས་ཤོར་དང༌། རྗེས་ལུས། ལྡོག་ཕྱོགས་ཀྱིས་བྱ་སྤྱོད་མང་བ་སོགས་ལས་བྱུང་ཡོད་པའི་ཚབས་ཆེ་ཤོས་ཞིག་ནི་དོལ་རྒྱལ་གྱི་གནད་དོན་དེ་ཆགས་ཡོད། ད་ལྟའི་ཆར་གདན་ས་ཁག་གིས་ཐུགས་ཁུར་ཆེ་བཞེས་ཀྱིས་སྤང་བླང་མཛད་པ་དེས་བསྟན་པའི་དག་ཐེར་རྨད་དུ་བྱུང་བ་ཞིག་བྱུང་ཡོད། ད་དུང་ཡང་ལོ་རྒྱུས་ཐོག་ལྷག་པའི་གནད་དོན་དེ་དཀར་པོ་དཀར་པོ་ཡིན་པ་དང༌། ནག་པོ་ནག་པོ་ཡིན་པ་གསལ་པོར་བཟོ་དགོས་པ་དང༌། དེ་ཡང་གོམ་པ་དང་པོ་དེ་གདན་ས་ཁག་གིས་སྤོ་དགོས་པ་ཞིག་ཏུ་མཐོང༌། གང་ཡིན་ཞེ་ན། གཞན་དག་གིས་གདོང་ལེན་བརྒྱ་ཕྲག་བྱས་པ་ལས་གདན་ས་ཁག་གིས་གདོང་ལེན་ཐེངས་གཅིག་བྱས་པ་གྲུབ་འབྲས་ཆེ་བ་བྱུང་བ་མཐོང་ཆོས་ཡིན། བོད་ཀྱི་བསྟན་སྲིད་ལ་འགལ་རྐྱེན་བཟོ་མཁན་ལ་དོལ་རྒྱལ་དང་དོལ་རྒྱལ་ཚོགས་པ་རྒྱ་དམར་སྲིད་གཞུང་བཅས་བྱེད་ཐབས་གཅིག་མཚུངས་ལྟ་བུར་མཐོང༌།
འདིར་དོལ་ཚོགས་ཀྱིས་བྱ་སྤྱོད་ཞོར་འཕྲོས་ཙམ་དུ་སྨྲོས་ནས་དོལ་རྒྱལ་གྱི་ངོ་སྤྲོད་ཐོག་མའི་བྱུང་དུས་དང་སྦྱར་བ། འདྲེ་ངན་ལྷ་རྫུས་ཀྱིས་བསྟན་འགྲོ་ཕུང་འདེབས་བྱས་པའི་ལོ་རྒྱུས་ནག་ཐིག་གི་དཔེ་མཚོན་འགའ་ཞིག་དང་ཡིད་ཕྲེང་བའི་རྨི་ལམ་གྱི་ལྷ་སྒྲུང༌། སྲས་གཞོན་ནུ་ལ་འདྲེ་ངན་ལྷ་རྫུས་ཀྱིས་བར་ཆད་བརྩམས་ཚུལ་དང་སྐྱབས་རྗེ་བདེ་སྙིང་འདྲེ་ངན་བདུད་ཀྱིས་བསླུས་པ་དེས་གངས་ལྗོངས་བསྟན་འགྲོ་ཕུང་འདེབས་ཀྱི་བྱུར་སྣ་ཆེན་པོ་བཞི་དང༌། བྱུར་ཕྲན་སྣ་མང་དེ་དག་གིས་ངན་འབྲས་བཟོད་ཐབས་བྲལ་བ་བྱུང་ཚུལ། མ་འོངས་པའི་ཁ་ཕྱོགས་སྔོན་དཔག་གིས་མགོ་སྨྲོས་ཙམ་ཞུ་རྒྱུ་བཅས། ། ྋགོང་ས་མཆོག་དང་བོད་གཞུང་མང་གིས་ཁ་གཏད་དུ་ལངས་པའི་དོལ་རྒྱལ་ཚོགས་པ་ཕྱི་ལོ་༡༩༩༦ ལོར་ཐོག་མར་བཙུགས་ནས་ལོ་གཅིག་གཉིས་ནང་ལ་གདན་ས་གསུམ་གྱི་གཙོས་པའི་རི་བོ་དགེ་ལྡན་པ་ཡོངས་རྫོགས་ཁོ་པ་ཚོ་དང་ལངས་ཕྱོགས་གཅིག་པ་ཡིན་ཚུལ་གྱིས་གཏམ་བཤད་དང༌། ཡིག་འཁྱམས་སྣ་ཚོགས་ཤིག་སྤྱི་ཚོགས་ཁྲོད་སྤེལ་ཡོད། དེའི་རྐྱེན་པས་སྤྱི་ཚོགས་ཁྲོད་གླེང་ལྷག་མང་པོ་ཞིག་བྱུང་རྐྱེན་ཕྱི་ལོ་༡༩༩༨ ལོར་གདན་ས་གསུམ་གྱི་གཙོས་པའི་དགེ་དགོན་ཆེ་ཁག་གི་ལས་ཀྱི་སྣེ་མོ་བ་རྣམ་པས་གདན་ས་ཁག་སོགས་དགེ་ལུགས་སྤྱིའི་ལངས་ཕྱོགས་ྋགོང་ས་མཆོག་གི་བཀའ་དགོངས་ལ་ཤར་བསྐྱོད་ཡིན་པ་དང༌། དོལ་ཚོགས་ཀྱིས་ལོག་བཤད་འདི་དག་ལ་མགོ་འཁོར་ཐེབས་མི་ཉན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་ཡོད། དེར་བརྟེན་དོལ་ཚོགས་ཀྱིས་ལོག་བཤད་སྤེལ་བ་རྫུན་རྐུབ་དམར་རྗེན་དུ་རྡོལ་བས་ཁོ་པ་ཚོ་ནད་མ་ཁྱོགས་པར་ཡང་སྐྱར་སྐད་ངན་ཤོར་ཏེ་གདན་ས་གསུམ་ལ་སོགས་པའི་རི་བོ་དགེ་ལྡན་པའི་ཐག་གཅོད་དེ་དགེ་ལུགས་སྤྱི་མང་ནས་བྱེད་དགོས་པ་ལས་ཏཱ་ལའི་བླ་མ་དང༌། ཏཱ་ལའི་བླ་མའི་རྒྱུག་ཁྱི་ཉུང་ཤས་དེ་དག་ལ་བྱེད་རྒྱུའི་དབང་ཆ་མེད་ཟེར་བ་སོགས་ཀྱི་སྐད་ངན་རྒྱབ། མུ་མཐུད་དེ་ཁོ་པ་ཚོས་ཆ་གཞི་གཏིང་ནག་ཏུ་བཏང་བ་དང༌། ཡང་འདི་ལོའི་ཨོ་ལིམ་པིག་རྩེད་འགྲན་སྐབས་དང་བསྟུན་ནས་ལས་འགུལ་སྤེལ་འཆར་ཡོད་ཚུལ་སྤྱི་ཚོགས་ཁྲོད་ཁྱབ་པར་བརྟེན་གདན་ས་ཁག་གི་སློབ་གཉེར་བ་ཚོས་སྔར་གྱི་བཅའ་ཁྲིམས་གཏན་འབེབས་གཞིར་བཟུང་གི་ལག་བསྟྟར་དགོས་ལུགས་ཀྱི་རེ་འདོད་ཤུགས་ཆེར་མངོན་དུ་གྱུར་བ་དང༌། ྋགོང་ས་མཆོག་ནས་ཀྱང་དཔལ་ལྡན་འབྲས་སྤུངས་སུ་ཇི་དགའི་ཐག་གཅོད་དགོས་ལུགས་ཀྱི་ལམ་སྟོན་གནང་བར་བརྟེན། ཕྱི་ལོ་༢༠༠༨ ཟླ་བ་༡ པོའི་ནང་སྔར་ཕྱི་ལོ་༡༩༩༨ ལོར་བཅའ་ཁྲིམས་གཏན་འབེབས་མཛད་པ་ལྟར་གདན་ས་ཁག་གིས་མང་མོས་ཐག་གཅོད་མཛད། སྐབས་དེར་ཁོ་པ་ཚོས་ཐག་གཅོད་བྱེད་ལུགས་དེ་མང་གཙོའི་ལམ་སྲོལ་དང་རྩ་འགལ་ཡིན་ལུགས་སོགས་ཀྱི་དོན་ཚན་བཅོ་ལྔ་འཁོད་པའི་ཡིག་ཆ་འགྲེམས་སྤེལ་བྱས་ཏེ་ཐག་གཅོད་ལ་མོས་མཐུན་མེད་ལུགས་བཤད་ཡོད། མཐར་ཁོ་པ་ཚོའི་རེ་འདོད་ལམ་ལྷོངས་མ་བྱུང་སྟབས་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་སོགས་པར་གཞི་མེད་སྐྱོན་བཙུགས་ཀྱི་ཁྲིམས་ཁང་ལ་སྦྱར་བ་དང༌། ཕྱི་རྒྱལ་ཡུལ་གྲུ་གང་སར་ྋགོང་ས་མཆོག་གི་མཚན་མཐོང་གཅོག་ཐབས་སོགས་ཀྱི་ལས་འགུལ་སྣེ་མང་སྤེལ་ཡོད། འདྲེ་ངན་ཁ་འཁྱེར་གྱི་འབོད་ཚིག་ཁག་ནང་ྋགོང་ས་མཆོག་ནས་ཆོས་དད་རང་དབང་འཕྲོག་པ་དང༌། འགྲོ་བ་མིའི་ཐོབ་ཐང་འཕྲོག་པ། ྋགོང་ས་མཆོག་གིས་སྐྱག་རྫུན་ཤོད་ཀྱི་འདུག་ཟེར་བ་སོགས་ཡིག་ངག་གཉིས་ཀྱི་ཐོག་ནས་གང་སར་འགྲེམས་སྤེལ་བྱས་ཡོད། བྱེད་ཐབས་དེ་ཚོ་སྐྱུག་བྲོ་བའི་རྣམ་འགྱུར་ཞིག་ཡིན་ཡང་ཧ་ལས་དགོས་དོན་མེད་པ་ནི་ཁོ་པ་ཚོར་རྒྱ་དམར་གྱི་སྤྲད་པའི་ལས་འགན་དང༌། དོལ་རྒྱལ་གྱིས་སྐུལ་བའི་རྡོ་རྗེའི་དམ་ཚིག་ཡིན་ངེས་རེད། གང་འདྲ་ཞིག་ལ་ཡ་མཚན་སྐྱེས་དགོས་ཤེ་ན། དགོན་པ་གྲྭ་ཚང་ཁག་གི་མཁན་པོའམ། བླ་ཆེན་ལྟ་བུ། སྐྱབས་མགོན་ྋགོང་ས་མཆོག་གི་བཀའ་དགོངས་ཅི་ཐུབ་བསྒྲུབ་དགོས་ཟེར་ཞིང་བསྟན་སྲིད་ཀྱི་བྱེད་སྒོ་དགག་དོགས་སར་ཐུག་དུས་ཕར་གཡོ་ཚུར་གཡོ་དང་མངོན་ལྐོག་མི་མཐུན་པའི་བྱ་སྤྱོད་སྤེལ་མཁན་ཞིག་ཡོད་ན་དེ་ནི་ཆེས་ཡ་མཚན་དང་ཧང་སངས་དགོས་ཀྱི་གནས་ཤིག་རེད། དེ་འདྲ་ཞིག་གིས་ྋགོང་ས་མཆོག་གི་བཀའ་དགོངས་ལ་ཤར་བསྐྱོད་དང་ཁོང་གི་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ་སོགས་ཟེར་ཡང་དོན་དངོས་སུ་ཁ་སྟོང་ཙམ་ཆགས་ཡོད་པ་རེད། དོལ་རྒྱལ་གྱི་ངོ་སྤྲོད་བྱུང་དུས་དང་སྦྱར་བ། དོལ་རྒྱལ་ཚོགས་པས་ཆོས་དད་རང་དབང་དགོས་ཟེར་བ་ནི། ནང་པའི་བསྟན་པ་རྩ་བརླག་ཏུ་བཟོ་མཁན་འདྲེ་ངན་ལྷ་རྫུས་ཀྱི་དོལ་རྒྱལ་སྐྱབས་གསུམ་ཀུན་འདུས་དང་ནང་པའི་དད་ཡུལ་ཡིན་ཟེར་བ་དེ་རེད། ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་དོལ་རྒྱལ་ནི་ཆོས་དད་བྱ་ཡུལ་ཞིག་ཕར་བཞག་འཕྲལ་སེལ་གྱི་གཏོར་བསྔོ་བྱས་ཏེ་གཉེར་བཅོལ་བྱེད་ས་ཞིག་ཀྱང་མིན་པ་ལོ་རྒྱུས་ཐོག་ནས་ར་སྤྲོད་བྱུང་བ་གཤམ་གསལ། དོལ་རྒྱལ་ནི་བོད་བསྟན་སྲིད་རྩ་བ་ནས་བཤིག་རྒྱུར་སྨོན་ལམ་ལོག་པའི་མཐུ་གྲུབ་པའི་དམ་སྲི་འབྱུང་པོ་ཞིག་ཏུ་ཕྱི་ལོ་༡༦༥༦ ལོར་དོལ་ཆུ་མིག་དཀར་མོ་ཞེས་པར་བྱུང་བས་མིང་ལ་དོལ་རྒྱལ་ཟེར། སྐབས་དེ་ནས་བསྟན་འགྲོ་ལ་གནོད་ཚབས་ཆེན་པོ་བྱེད་མཁན་ཞིག་ཏུ་བྱུང་བ་ྋགོང་ས་ལྔ་པ་༼༡༦༡༧ ༡༦༨༢༽ཆེན་པོའི་རང་རྣམ་ནང་གསལ་ཡོད། དེ་ལས་དོལ་ཆུ་མིག་དཀར་མོར་སྨོན་ལམ་ལོག་པའི་དམ་སྲི་མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་གིས་བསྟན་འགྲོ་སྤྱི་བྱེ་བྲག་ལ་གནོད་པའི་གྲགས་པ་མེ་བྱ་༡༦༥༧ ནས་ཇེ་ཆེར་སོང་བ་ཞེས་གསུངས་ཡོད། ྋགོང་ས་ལྔ་པ་ཆེན་པོས་ཁོའི་གནས་སྟངས་ཇི་བཞིན་གཟིགས་ཏེ་ཕྱི་ལོ་༡༦༧༥ལོར་ང་ཚོ་རྗེས་འཇུག་པ་ཚོ་ལ་དོལ་རྒྱལ་དང་འབྲེལ་བ་གཏན་ནས་བྱེད་མི་ཉན་པའི་ལམ་སྟོན་གསལ་པོར་མཛད་ཡོད།
ྋགོང་ས་ལྔ་པ་ཆེན་པོས་དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་བསློག་ཅེས་རྒྱུ་སྨོན་ལམ་ལོག་པའི་དབང་གིས་བྱུང་བ༌། ངོ་བོ་དམ་སྲི་འབྱུང་པོ་ཞེས། བླ་སློབ་དང་ཆོས་ལུགས་ནང་ཁུལ་ཕན་ཚུན་ལ་དམ་སྲེས་འཇུག་མཁན་གྱི་ཕུང་འདྲེ་ཡིན་པ། བྱ་སྤྱོད་སངས་རྒྱས་ཀྱི་བསྟན་པ་དང་སྐྱེ་འགྲོ་ཀུན་ལ་གནོད་འཚེ་བྱེད་ཀྱི་ཡོད་པར་ར་སྤྲོད་གནང་ནས་འདི་ལ་བླ་མ་གོང་མའི་དམ་ཚིག་གཉེར་གཏད་ཡོད་པའི་ཆོས་སྐྱོང་སྲུང་མ་སུས་ཀྱང་མགོན་སྐྱབས་དང་དཔུང་གཉེན་མ་མཛད་པར་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གྱིས་ཤིག་ཅེས་དངོས་སུ་བཀའ་འགོད་མཛད་ཡོད། དེས་དོལ་རྒྱལ་བསྟན་འགྲོའི་གཉེར་བཅོལ་བྱ་ཡུལ་མ་ཡིན་པ་རིག་པ་མནལ་དུ་གནས་པ་སུས་ཀྱང་བལྟས་པ་ཙམ་གྱིས་ཤེས་ཐུབ། བོད་གངས་ཅན་གྱི་བསྟན་སྲིད་ནི་དཀར་ཕྱོགས་ལ་དགའ་བའི་ལྷ་མི་ཟུང་འབྲེལ་གྱིས་སྐྱོང་དགོས་ཀྱི་ཡོད་པས་བསོད་ནམས་ཀྱི་དཔུང་སྟོབས་ཇི་ཙམ་ཆེ་བ་དེ་ཙམ་གྱིས་དཀར་ཕྱོགས་མངོན་པར་མཐོ་ཞིང་ནག་ཕྱོགས་ཟིལ་གྱིས་གནོན་པར་འགྱུར། བསོད་ནམས་ཀྱི་དཔུང་སྟོབས་གཞན་དུ་འགྲོ་དུས་དཀར་ཕྱོགས་ལ་དགའ་བའི་ལྷ་ཀླུའི་དབུ་འཕངས་དམའ་རུ་འགྲོ་བཞིན་ནག་ཕྱོགས་ཁ་རྒྱས་པར་འགྱུར་བའི་ནག་ཕྱོགས་པ་གཅིག་ནི་འདྲེ་ངན་དོལ་རྒྱལ་འདི་ཡིན། འདྲེ་ངན་ལྷ་བརྫུས་ཀྱི་བྱུར་སྣ་དྲངས་པའི་ལོ་རྒྱུས་ཀྱི་ནག་ཐིག་འགའ་ཞིག ཁོ་པ་སྨོན་ལམ་ལོག་པའི་མཐུས་གྲུབ་པའི་དབང་གིས་བྱུང་ཚུལ་མདོར་ཙམ་གླེང་ནས་བསྟན་འགྲོ་ཕུང་ལ་འདེབས་ཚུལ་བཤད་དགོས་ཏེ། དེ་ཡང་དབུས་ནས་གཙང་བཀྲ་ཤིས་ལྷུན་པོ་དང༌། དེར་རྟེན་འབྲེལ་མ་འགྲིག་པར་ས་སྐྱར་སོང་ཏེ་བདག་ཆེན་བསོད་ནམས་རིན་ཆེན་༼༡༧༠༤ ༡༧༤༡༽ གྱི་སྐུ་མདུན་དུ་ཕྱིན་ཚུལ། ཁོང་ལ་ང་དགའ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་ཞུས་ཚུལ་སོགས་སྔ་ཕྱི་ནང་འགལ་ཅན་གྱི་གནས་ཚུལ་མང་དག་ཅིག་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་བསྟོད་འགྲེལ་ནང་བཀོད་ཡོད། གང་ལྟར་ས་སྐྱའི་བླ་ཆེན་རྣམས་ལ་ཁོ་རང་དགའ་ལྡན་པའི་དམ་སྲི་ཡིན་སྐོར་དང༌། ས་སྐྱའི་བསྟན་པ་བསྟན་འཛིན་དང་བཅས་པར་བདག་སྐྱོངས་ཞེ་པོ་བྱེད་རྒྱུ་ཡོད་མདོག་གིས་རྣམ་འགྱུར་བསྟན་ཡོད་པ་གསལ་པོ་རེད། ས་ཆེན་ཀུན་དགའ་བློ་གྲོས་༼ཕྱི་ལོ་༡༧༢༩་༡༧༨༤༽ ཀྱི་རྣམ་ཐར་ངོ་མཚར་འཁྲུལ་གྱི་རོལ་རྩེ་སྡེ་བཞིའི་འབྱུང་གནས་ལས། ས་ཆེན་ཀུན་བློ་ལ་མནལ་ལམ་དང་འབྲེལ་བའི་གཟིགས་སྣང་བྱུང་ཚུལ་འདི་ལྟར། བརྩེ་ཆེན་ལྷ་ཁང་གི་སྒོ་འགག་ན་གྲྭ་པ་གཟུགས་ཐམས་ཅད་མིག་གིས་གང་བ་ཞིག་ནས་གཞན་མ་ཡག་པོ་ཡོད་དེ་དགའ་ལྡན་པའི་དམ་སྲི་ལ་བཅོས་གྱིས་ཟེར་བ་ཞིག་འཁྲུངས་ཤིང༌། ཞེས་ས་ཆེན་མཆོག་ལ་དོལ་རྒྱལ་རང་ཉིད་དགའ་ལྡན་པའི་དམ་སྲི་ཡིན་ཚུལ་དང༌། དམ་སྲི་ལ་བཅོས་གྱིས་ཞེས་དགེ་ལྡན་པའི་བསྟན་པ་ལ་གནོད་འཚེ་བྱེད་འདོད་ཀྱི་ཀུན་སློང་ཤུགས་དྲག་ཡོད་པ་གསལ་པོར་ཞུས་ཡོད། ས་སྐྱའི་སར་རང་ཉིད་དགེ་ལྡན་པའི་དམ་སྲི་ཡིན་པ་དྲང་པོར་བཤད་མཁན་དེ་ཕྱིས་སུ་དགའ་ལྡན་པའི་བསྟན་འཛིན་སྐྱེས་ཆེན་མདུན་ལ་མ་ཡིན་ཡིན་མདོག་གིས་བརྫུས་ཏེ་དགེ་ལྡན་པའི་བསྟན་པར་རྨ་སྦྱིན་པའི་མགོ་ཕྱི་ལོ་༡༧༣༠ ཡས་མས་ནས་བརྩམས་པར་མངོན། དགའ་ལྡན་ཁྲི་ཐོག་ང་བཞི་པ་ཁྲི་ཆེན་ངག་དབང་མཆོག་ལྡན་དགའ་ལྡན་གསེར་ཁྲིར་ཕྱི་ལོ་༡༧༣༨ ལོར་ཕེབས་པ་དང༌། ཁོང་གི་ཁྲི་ལོ་གཉིས་པར་༡༧༤༠ དགའ་ལྡན་ནས་དོལ་རྒྱལ་མཐར་སྐྲོད་བཏང་ཚུལ། ཁྲི་ཆེན་མཆོག་གི་རྣམ་ཐར་ལས། དེ་སྔོན་རྒྱལ་འགོངས་གདུག་པ་ཅན་ཞིག་གྲག་གསེབ་སྐོར་གྱི་མི་ཞིག་གི་ཁོག་ཏུ་བརླམས་ཏེ་བབས་པ་དང༌། ༼རྒྱལ་འགོངས་གདུག་པ་ཅན་དེ་དོལ་རྒྱལ་ཡིན།༽ བྱེད་མང་བའི་བླ་ཟུར་དང་ཁང་ཚན་འགའ་ཞིག་ནས་གསོལ་མཆོད་བྱེད་ཁུལ་གྱིས་བསྟེན་པ་དང༌། བྱང་རྩེའི་རི་རྩེ་ལ་ལྷ་ཐོ་ཞིག་ཀྱང་བརྒྱབ་འདུག་པ་རྣམས་མི་འཚམས་པ་༼བསྟན་པར་རྨ་སྦྱིན།༽ ཆེན་པོར་གཟིགས་ནས་ཞེས་པ་ནས། ཕྱིན་ཆད་དེ་རིགས་གཏན་ནས་བྱེད་མི་ཆོག་ཅེས་ཚོགས་སུ་བསྒྲགས་ཅེས་འཁོད་ཡོད། ཁྲི་ཆེན་ངག་དབང་མཆོག་ལྡན་ཁྲིར་མ་ཕེབས་གོང་དུ་ཕུང་འདྲེ་དེས་དགའ་ལྡན་པའི་བསྟན་པར་རྨ་སྦྱིན་ཚབས་ཆེན་བྱས་ཡོད་པ་ཤེས་ཐུབ། དེ་ལྟར་ཡང་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་ལས་སྔོན་མ་དགའ་ལྡན་ཁྲི་པ་འགའ་ཞིག་གིས་དོལ་རྒྱལ་བསྟེན་པས་བཀྲ་མི་ཤིས་པ་མང་པོ་བྱུང་བ་ཁྲི་ཆེན་༼ངག་དབང་མཆོག་ལྡན།༽ རྡོ་རྗེ་འཆང་གིས༼དོལ་རྒྱལ།༽ ཁོ་པའི་ལྷ་རྟེན་བཤིག་ནས་དགོན་པ་༼དགའ་ལྡན་༽ནས་བསྐྲད་པའི་ལོ་རྒྱུས་སོགས་ཞིབ་ཏུ་༼ལྕང་སྐྱ་རོལ་བའི་རྡོ་རྗེས་ཐུའུ་བཀན་ཆོས་ཀྱི་ཉི་མར་༽གསུངས་ཞེས་གསལ་ཡོད། དགའ་ལྡན་ཁྲི་ཐོག་ང་བཞི་པས་༡༧༤༠ ལོར་ཕུང་འདྲེ་དེ་དགའ་ལྡན་ནས་མཐར་སྐྲོད་བཏང་རྗེས་ཕྱི་ལོ་༡༧༦༠། ༡༧༧༠ ཙམ་ནས་གཙང་བཀྲ་ཤིས་ལྷུན་པོར་གནོད་སྦྱོར་བརྩམས་ཡོད། རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན༼༡༧༡༣ ༡༧༩༣ ༽ གྱིས་བཀྲས་ལྷུན་དགོན་པའི་བླ་དཔོན་རྣམས་པར་དམིགས་གསལ་བཀའ་སློབ་གནང་བར། དེའི་ནང་ནས་ཀྱང་བཀྲ་ཤིས་ལྷུན་པོ་བ་ལ་ཆོས་སྐྱོང་གསར་པ་༼དོལ་རྒྱལ།༽ འདིས་༼བཀྲ་ཤིས་ལྷུན་པོའི་དགོན་པ་འདི༽ ཕུང་ལ་འདེབས་ཀྱིན་ཡོད་པས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གང་བསྟེན་པའི་ཆོས་སྐྱོང་དེས་ཆོག དེ་མིན་གྱི་འདྲེ་ངན་གསར་དུ་བསྟེན་ན་མི་ལེགས་པའི་གཞི་ཆེན་པོ་བྱས་འགྲོ་བས་ཁྱེད་ཅག་༼བཀྲས་ལྷུན་བླ་དཔོན༽ ཐམས་ཅད་ཀྱིས་ནན་ཏན་བྱེད་དགོས་སོ་གསུངས་ཡོད། སྔ་ཕྱིའི་བྱུང་ཚུལ་ལ་བལྟས་ན་ཆོས་སྐྱོང་གསར་པ་དེས་ཕུང་ལ་འདེབས་ཡོངས་གསུངས་པའི་ཆོས་སྐྱོང་གསར་པ་དེ་དོལ་རྒྱལ་ཡིན་པ་གསལ་པོ་རེད། བཀའ་སློབ་དེ་དག་ལག་ལེན་ཚུལ་བཞིན་མ་བྱས་པའི་རྐྱེན་གྱིས་བཀྲས་ལྷུན་ནང་དུ་འདྲེ་ངན་གྱིས་ཆོ་འཕྲུལ་ཇེ་ཞན་ཇེ་སྡུག་ཏུ་སོང་ཏེ་ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག༼༡༨༥༥ ༡༨༨༢ ༽སྐབས་སུ་སྐུ་ངལ་ཆེན་པོ་བྱུང་བ་དང༌། མཐར་༡༨༧༣ ལོར་བདེ་ཆེན་ཕོ་བྲང་གི་ཡང་ཐོག་གི་གཟིམས་ཆུང་ཀྱང་མེད་པ་བཟོ་དགོས་ཆགས་ཡོད། པཎ་ཆེན་བསྟན་པའི་དབང་ཕྱུག་གི་རྣམ་ཐར་ལས་ཆུ་བྱ་༼༡༨༧༣༽ ཟླ་བ་༦ ཚེས་༦ ཉིན་གཅུང་སྐུ་ཞབས་དང༌། སྐུ་བཅར་གསོལ་དཔོན་བཅས་པར་བཀའ་ཕེབས་སུ། བདེ་ཆེན་ཕོ་བྲང་གི་ཡང་ཐོག་གི་གཟིམས་ཆུང་དུ། དེང་སང་དོལ་རྒྱལ་གྱིས་ཆོ་འཕྲུལ་སྣ་ཚོགས་ཤིག་སྟོན་གྱིན་འདུག་པས་ཚེས་༩ ཉིན་གཟིམས་ཆུང་བཤིག་རལ་དང་བཅས་བསྡུ་དགོས་ཕེབས། ཞེས་སོགས་ལས་ཤེས་ནུས། ཕྱི་ལོ་༡༨༧༦ ལོར་ཀུན་གཟིགས་མཆོག་གིས་བཀྲས་ལྷུན་དགོན་གྱི་བཅའ་ཡིག་མཛད་དེ་ཕྱིན་ཆད་དོལ་རྒྱལ་བསྟེན་མཆོད་མི་ཆོག་པའི་བཀའ་ཚིག་ཀྱང་བསྒྲགས་གནང་མཛད་ཡོད། བཅའ་ཡིག་དེའི་ནང་བར་སྐབས་ཤིག་དགོན་པའི་ཐོ་ཁོངས་སུ་གདུག་འདྲེ་༼དོལ་རྒྱལ་༽ རྩ་སྦུགས་སུ་འདྲེན་པ་ཁ་ཡར་བྱུང་ཡོད་ཚོད་འདུག་པ་ཕྱིན་ཆད་ལ་མོ་ཆོས་སྐྱོང་སོགས་དམིགས་གསལ་མ་གཏོགས་གང་བྱུང་ཁོག་ཞུགས་བྱས་མི་ཆོག། ཆོས་སྲུང་ཡང་ཡེ་ཤེས་ཀྱི་སྤྱན་ལྡན་རྡོ་རྗེའི་སྲུང་མ་ལས་དོལ་རྒྱལ་སོགས་མཁའ་ལ་རྒྱུ་བའི་ཡི་དྭགས་འདྲེ་ངན་གྱི་རིགས་ལ་གསོལ་ཁ་བྱེད་པའི་མཚོན་བསྟེན་ཅིང་སྐྱབས་སུ་འགྲོ་བ་ནང་པ་སངས་རྒྱས་པའི་འཇུག་སྒོ་སྐྱབས་འགྲོའི་འགལ་ཟླར་འདུག་པས་མི་བྱེད་ཅེས་གསུངས་ཡོད། གསུང་འདིས་དོལ་རྒྱལ་སྐྱབས་གནས་ཀུན་འདུས་དང་ཡེ་ཤེས་སྤྱན་ལྡན་གྱི་སྲུང་མ་ཞིག་ཏུ་གསུངས་འདུག་གམ། སྐྱབས་གནས་ཀུན་སྟོང་དང་ཕུང་འདྲེ་གདུག་པ་ཅན་གྱི་ཡི་དྭགས་ཤིག་ཏུ་གསུངས་འདུག་མིག་ལེགས་པར་ཕྱེ་ནས་ལྟོས་ཤིག། པཎ་ཆེན་མཆོག་གིས་དམ་དྲག་མཛད་པའི་སྐབས་དེ་ཙམ་ལ་ས་སྐྱའི་ནང་ལ་དོལ་རྒྱལ་བསྟེན་གསོལ་གྱི་དབང་གིས་བཀྲ་མི་ཤིས་པ་དུ་མ་བྱུང་བར་མངོན་ཏེ། བདག་ཆེན་འཛམ་གླིང་ཆེ་རྒུ་དབང་འདུས་ཀྱིས་ཁྲི་སྐྱོང་མཛད་པ་མཐའ་མ་ཁྱོལ་བ་དང༌། བདག་ཆེན་དྲག་ཤུམ་འཕྲིན་ལས་རིན་ཆེན་ཁྲི་སྐྱོང་སྐབས་སྒྲོལ་མ་ཕོ་བྲང་གི་བླ་བྲང་ཡང་དུམ་བུ་གཉིས་སུ་ཤོར། ས་སྐྱའི་ནང་བསྟན་གྱི་གཙོ་བོ་ཆོས་རྗེ་ས་པཎ་གྱི་ཐུགས་དམ་གྱི་རྟེན་འཇམ་དབྱངས་རྩོད་རྒྱལ་མ་དང༌། ཐུབ་དབང་འོད་ཟེར་ཅན་གྱི་མཆོད་རྟེན་སོགས་ཀྱང་རེ་ཞིག་དབུས་ཕྱོགས་སུ་ཕེབས་དགོས་བྱུང་བ་སོགས་བཀྲ་མི་ཤིས་པ་དུ་མ་བྱུང་བ་རྣམས་རྒྱལ་ཆེན་བསྟེན་པའི་ངན་འབྲས་སུ་བྱུང་བར་བཤད། ནང་བསྟན་དེ་དག་རྗེས་སུ་ཕྱི་ལོ་༡༩༣༣ ལོར་ྋགོང་ས་བཅུ་གསུམ་པ་ཆེན་པོས་ས་སྐྱའི་བླ་བྲང་ལ་ཕྱིར་སྩལ་གནང་བ་དང༌། བླ་བྲང་ཁག་བགོས་ཤོར་བའི་ས་ཁང་རྒྱུ་དངོས་ཡོངས་རྫོགས་ཀྱང་བླ་བྲང་ལ་ཕྱིར་ལོག་གིས་བླ་བྲང་སྔ་གསོ་ཆུད་པ་བྱུང་ཡོད། །སྐབས་དེ་ནི་ྋགོང་ས་བཅུ་གསུམ་པ་ཆེན་པོས་དོལ་རྒྱལ་དམ་དྲག་ཤུགས་ཆེར་མཛད་ནས་ལོ་ཤས་སོང་ཡོད་སྟབས་ནག་ཕྱོགས་ཕམ་ཤིང་དཀར་ཕྱོགས་རྒྱལ་བའི་རྒྱུན་གཏན་མིན་པའི་སོས་ཁ་ཤིག་ཡིན་པར་ངེས། རྒྱུན་གཏན་མིན་པའི་གསོལ་ཁ་དེ་ནི་སྐད་ཅིག་གཉིས་པར་ཡིད་སྐྱོ་བའི་དགུན་གྱི་ཁྱག་རོམ་དུ་མནོལ་བར་ངེས་སོ། སྔར་དགའ་ལྡན་པའི་དམ་སྲི་ཡིན་ཟེར་མཁན་ས་སྐྱའི་བསྟན་སྲུང་དུ་མངའ་གསོལ་མཛད་རོགས་ཞུ་མཁན་དེ་ད་ལྟ་ས་སྐྱ་བར་བྱུར་སྣ་འདྲེན་པའི་ཕུང་འདྲེ་ཞིག་ཏུ་ངོ་འཕྲོད་ཡོད་དོ། ཡིད་ཕྲེང་བའི་རྨ་ལམ་གྱི་ལྷ་སྒྲུང༌། གངས་ལྗོངས་ལུགས་གཉིས་ལ་བཀའ་དྲིན་གྱིས་མངའ་བདག་ྋགོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རྒྱལ་ཁབ་གི་སྲིད་དབང་རི་རབ་ལྟར་གཏན་ཐབས་དང༌། རྒྱལ་བསྟན་ཟ་སྤྲིན་དང་བྲལ་བའི་ཉི་འོད་ལྟར་གསལ་ཐབས་སུ་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་ཆད་ལྷག་མེད་པར་མཛད་མོད། འོན་ཀྱང་མི་ཆེན་ཁ་དྲག་རྣམས་ནི་ཕལ་ཆེར་རང་གི་མཁར་དབང་རྩོད། བཤེས་གཉེན་བླ་ཆེན་རྣམས་ནི་རྒྱུན་གཏན་གྱི་དབང་ལུང་འཆད་འཁྲིད་ཙམ་གྱིས་ཆོག་པར་མཛད། གདན་ས་ཁག་གི་མཁན་པོ་ཚོས་གཙོས་པའི་སྤྱི་ཚོགས་ཀྱི་གོ་བབ་ཆེན་པོ་ཡོད་མཁན་ཚོས་ནི་རྙིང་ཞེན་མཁྲེགས་བཟུང་གིས་གསར་བཟོ་མང་པོ་བདུད་ཀྱི་སྔ་ལྟས་སོ་ཟེར། འབངས་མི་སེར་རྣམས་ལ་ནི་ཆོས་སྲིད་ཀྱི་ཤེས་འཇོན་མེད། འཛམ་གླིང་གི་འཕོ་འགྱུར་མཐོང་མཁན་གྱི་རྒྱལ་ཞེན་པ་རེ་གཉིས་བྱུང་ཚེ་དེ་དག་ནི་བདུད་ཀྱི་སྤྲུལ་པའོ་ཟེར་བ་སོགས་འགལ་རྐྱེན་མང་ལ་ཚབ་ཆེ་ཞིང་མཐུན་རྐྱེན་ཉུང་བས་རྒྱལ་བསྟན་དང་ཆབ་སྲིད་ཀྱི་མངའ་ཐང་ནི་སྣུམ་ཟད་ཀྱི་མར་མེ་ལྟ་བུ་དང༌། ནགས་མཐའ་མེ་ཡིས་བསྐོར་བའི་ནགས་གསེབ་ཀྱི་སྤྲེའུ་ལྟར་གྱུར་ཏོ། དེའི་ཚེ་ྋགོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གི་ཐུགས་དགོངས་ལ། ད་ཚེ་འདིར་བྱེད་དགོས་དག་ནི་ཡིད་རེ་ལྟར་བསྒྲུབ་པ་མིན་འདུག། ཚེ་རིང་ཙམ་བསྡད་ན་བསྟན་སྲིད་མངའ་ཐང་ཕྲལ་སེལ་བདེ་ཡང་སྐྱེ་བ་འཇུག་མའི་བསྟན་སྲིད་ཀྱི་བྱེད་ཕྱོགས་དེ་གསོ་ཐུབ་ཐབས་མེད་པ་ཞིག་ཏུ་འགྱུར་ཉེན་འདུག། དེ་བས་ཕྱི་མའི་བསྟན་སྲིད་ཀྱི་དམངས་གཞི་བསྒྲིག་འགྱུར་སྔ་ཙམ་ཕྱིན་ན་ཡག་གོ་སྙམ་དུ་དགོངས་སོ། དེ་ནས་ཐུགས་ཕམ་བཞིན་ཡིད་སྐྱོ་བའི་གཟིགས་ཚུལ་དུ་མ་དང་བཅས་ཏེ་ཕྱི་ལོ་༡༩༣༢ ལོར་གངས་ལྗོངས་དཔོན་འབངས་ཡོངས་ལ་ཆུ་སྤྲེལ་ཞལ་གདམ་དུ་གྲགས་པ་འདི་གནང་ནས་རེ་ཞིག་རི་བོ་གྲུ་འཛིན་གྱི་ཕོ་བྲང་ཕོ་ཏ་ལར་ཕེབས་དགོས་སྙམ་དུ་དགོངས་པ་གཏད་དོ། དེའི་ཚེ་དཀར་ཕྱོགས་ལ་དགའ་བའི་ལྷ་ཀླུ་དག་ནི་ད་ནི་རིང་པོར་མི་ཐོགས་པར་བདག་ཅག་ནི་མགོན་མེད་པར་འགྱུར་རོ་སྙམ་དུ་ཡིད་སྐྱོ་བཞིན་སེམས་སྔངས་ཚབས་དང་བཅས་ཕན་ཚུན་ཉམས་དམན་བཞིན་ལྟ་སྟེ་ཀྱེ་ཧུད་ཀྱེ་ཧུད་ཟེར་བཞིན་སྨྲེ་ངག་ཀྱང་འདོན་པར་བྱེད་དོ། ནག་ཕྱོགས་ལ་དགའ་བ་རྣམས་ནི་ད་ནི་བསམ་དོན་གྲུབ་བོ་སྙམ་ཏེ་ཕན་ཚུན་དགའ་བར་བྱེད། ཀྱེ་ཀྱེ་གྲོགས་པོ་དག་ཟེར་བཞིན་གཟེངས་ཀྱང་བསྟོད་པར་བྱེད་དོ། དེ་ནས་ྋགོང་ས་བཅུ་གསུམ་པ་མཆོག་དུས་ངན་གྱི་འཕོ་འགྱུར་ཟློག་མེད་དུ་འབྱུང་བར་གཟིགས་བཞིན་པའི་ཐུགས་ཚབ་དང་ཐུགས་སྐྱོ་སྣང་དུ་མ་དང་བཅས་ཏེ་རི་བོ་གྲུ་འཛིན་ལ་ཕེབས་པར་ཉེ་བའི་དུས་༼ཏེ་ཕྱི་ལོ་༡༩༣༣༽ཤིག་ན་ནག་ཕྱོགས་བདུད་སྡེའི་རུ་སྣ་འདྲེན་མཁན་དམ་སྲི་དོལ་རྒྱལ་ཁོས་དགའ་བའི་ཉམས་དང་བཅས་ཏེ་སྐད་བསངས་མཐོན་པོས་དགུ་རྫོགས་གནམ་གང་ཡིན་ད་ཞེས་པ་ལན་གཉིས་སུ་༼༡༩༣༣ བོད་ཟླ་བདུན་པའི་ནང་༽བསྒྲགས་སོ། རྒྱུན་གཏན་མིན་པའི་སོས་ཁ་དེ་ཡིད་སྐྱོ་བའི་དགུན་གྱི་ཁྱག་རོམ་དུ་མནོལ་བ༌།་ དེ་ནས་རིང་པོར་མི་ཐོག་པར་བོད་ཟླ་དགུ་པ་རྫོགས་ཏེ་བཅུ་པའི་གནམ་གང་ཉིན་གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་ཞིང་གཞན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་དེ་བྱུང༌། སྐབས་དེར་གངས་ལྗོངས་ལྷ་སྡེ་མི་སྡེ་ཡོངས་རྫོགས་ནི་མྱ་ངན་གྱི་ཐང་ལ་ལྷུང༌། ཐམས་ཅད་ཀྱང་སྐྱབས་མགོན་གང་གི་མཆོག་སྤྲུལ་རྟ་བདུན་དབང་པོ་སླར་ཡང་ཤར་རིའི་རྩེ་ནས་མྱུར་བར་བྱོན་པའི་རེ་སྨོན་གྱིས་མདུན་བསུ་བར་བྱེད་དོ། ནག་ཕྱོགས་པ་དག་ནི་ཨ་ལ་ལ་དགའོ། དོན་གྲུབ་བོ། གཏམ་བཟང་ངོ༌། ཞེས་སྐད་བསངས་བསྒྲོགས་ཅིང་བྱུར་སྣའི་རུ་འདྲེན་པ་དོལ་རྒྱལ་བདུད་ཀྱི་ཆོ་འཕྲུལ་དེ་མདོ་དབུས་ཁམས་གསུམ་ལ་ཁྱབ་པའི་ལྟས་ངན་གྱི་སྒོ་བརྩམས་སོ། སྲས་གཞོན་ནུ་ལ་འདྲེ་ངན་ལྷ་བརྫུས་ཀྱིས་བར་ཆད་བརྩམས་པ། དེ་ཡང་སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་མཆོག་༡༨༧༨ ལོར་ལྷ་སའི་ཉེ་འགྲམ་དུ་སྐུ་འཁྲུངས འཁྲུངས་ཁང་ཁྱིམ་ཚང་དེ་དེ་སྔ་ནས་དོལ་རྒྱལ་དང་འབྲེལ་བ་ཡོད་སྟབས་སྐུ་ན་ཆུང་ངུ་ནས་དེོལ་འདྲེས་སླུ་བྲིད་བྱས་ཏེ་བར་ཆད་ཀྱི་དབང་དུ་སོང་ཡོད༌། ྋགོང་ས་སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་དོལ་རྒྱལ་བསྟེན་པ་དེས་སྐྱབས་རྗེ་བདེ་ཆེན་སྙིང་པོའི་མཛད་པ་ལ་ཕན་ཆེ་བ་བྱུང་འདུག་གམ་གནོད་ཆེ་བ་བྱུང་འདུག། ལོ་རྒྱུས་ལ་ལྟོས་དང་ཤེས་ཀྱི་རེད་གསུངས་པ་བཞིན་སྐྱབས་རྗེ་བདེ་ཆེན་སྙིང་པོ་རང་གི་རྣམ་ཐར་ལ་བལྟས་ནའང་མཐོང་ཐུབ། ཤེར་ཕྱིན་གྱི་མདོ་ལས་རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ཞིང་ཅི་ནས་ཀྱང་ཐབས་མཁས་པ་གང་དང་གང་དག་གིས་ཅེས་སོགས་ཀྱིས་བདུད་ཀྱིས་བྱང་སེམས་བསླུས་ཚུལ་གསུངས་པ་ཇི་བཞིན་དམ་སྲི་དེས་ཐབས་འཕྲུལ་སྣ་མང་གིས་རྗེ་ཕ་བོང་ཁ་པ་སྐུ་ན་ཆུང་ངུ་ནས་བསླུས་ཡོད། སྐུ་ན་ཆུང་ངུ་ནས་བསླུས་ཚུལ་དེ་རྗེ་ཕ་བོང་ཁ་པའི་རྣམ་ཐར་ཟུར་འདེབས་ལས་མཐོང་རྒྱུུ་ཡོད། རྣམ་ཐར་དེ་ལས་ཡང་སྲས་གཞོན་ནུ༼ཕ་བོང་ཁ་པ་༽ ཉིད་ཀྱི་སྲུ་མོ་ཞིག་ལ་གློ་བུར་དུ་ལྷ་ཞིག་༼དོལ་རྒྱལ་༽ ཁོག་ཏུ་བརླམས་ཏེ་༼ཕ་བོང་ཁ་པའི༽ཡབ་ཡུམ་སོགས་མང་པོས་བསྐོར་ནས་འུར་ཟིང་ཆེན་པོ་བྱེད་པའི་སྐབས་༼ཕ་བོང་ཁ་པའི་༽མ་ཡུམ་དེས་ལྷ་༼ཁོག་བརླམས་པ༽ དེ་ལ་ཁྱོད་སུ་ཡིན་དྲིས་པར་༼ཁོག་བརླམས་པ་དེས༽ ཁྱེད་ཀྱིས་ང་ངོ་མི་ཤེས་པ་ཟེར་ཏེ་མགོ་ལྕོགས་མང་དུ་བྲབ། ༼མང་དུ་རྡུང་བ༽ སྲས་གཞོན་ནུ་༼ཕ་བོང་ཁ་པ༽ སྐུ་གཟུགས་ཆུང་བས་མི་ཆེན་པོའི་གསེབ་ཏུ་འཚང་མ་ཐུབ་པར་༼མིའི་༽རྒྱབ་ཅིག་ཏུ་བཞེངས་ནས་ཡོད་པ་ལྷ་༼ཁོག་བརླམས་པ༽ དེས་མིའི་རྒྱབ་ནས་སྲས་ཆུང་ངུ་ཚུར་འཐེན་ཏེ་དབུ་ལ་དབུ་གཏུགས་པ་སོགས་དགའ་བའི་རྣམ་འགྱུར་མང་པོ་མཛད་པ་ཞིག་བྱུང་བ། ཅེས་འདྲེ་ངན་ལྷ་རྫུས་ཀྱིས་བསླུ་བྲིད་སྐུ་ཆུང་ངུ་ནས་རྩམ་པ་མཐོང་ཐུབ། འདིའི་ཁོག་བརླམས་པ་དེ་དོལ་རྒྱལ་ཡིན་པ་རྗེ་ཕ་བོང་ཁ་པས་རྗེས་སུ་མཁྱེན་པ་རྣམ་ཐར་དེ་ལས་མུ་མཐུད་དུ་གསལ་བ། རྗེས་སུ་ཞིབ་པར་༼ཕ་བོང་ཁ་པས༽ གཟིགས་སྐབས་ལྷ་དེ་རྒྱལ་ཆེན་ཤུགས་ལྡན་ཡིན་པར་གསུངས་ལ་ཞེས་གསལ་པོ་ཡོད། དེ་ནས་བཟུང་ཏེ་བསླུ་ཐབས་སྣ་མང་གིས་གྲོགས་འཕྲིན་སྒྲུབ་ཚུལ་བསྟན་ཡོད། རྣམ་ཐར་དེ་ལས་༼གོང་གསལ་ཁོག་བརླམས་ཀྱིས་ཆོ་འཕྲུལ་བྱུང་བའི་སྐབས་༽དེ་ནས་བཟུང་གཞོན་ནུ་ཉིད་དགུང་གྲངས་ཉི་ཤུའི་སྐོར་མ་ཕེབས་པའི་བར་ཡང་ཡང་མི་གཞན་གྱི་ཁོག་ཏུ་བཞུགས་ནས་ལུང་བསྟན་མང་པོ་གནང་ཞིང་ཡོད་གསུངས་ཅེས་གསལ་ཡོད། ལོག་པའི་ལམ་ལ་མུ་མེད་པ་བཞིན་དུ་བྱུར་སྣ་འདྲེན་པའི་དམ་སྲི་འདི་ལའང་ཕུང་འདེབས་ཀྱི་རྣམ་འགྱུར་སྣ་མང་བསྟན་རྒྱུ་ཡོད་པ་ཤེས་ཐུབ། སྐྱབས་རྗེ་བདེ་སྙིང་བསླུ་ཁྲིད་བྱས་པ་དེས་བསྟན་འགྲོ་ཕུང་འདེབས་ཀྱི་བྱུར་སྣ་ཆེན་པོ་བཞི་དང་བྱུར་ཕྲན་སྣ་མང་དེ་དག་གིས་ངན་འབྲས་ནི་བཟོད་ཐབས་བྲལ་བ་ཞིག་བྱུང་ཡོད། བྱུར་གྱི་སྣ་འདྲེན་ཆེན་པོ་བཞི་ནི། ༡༽ དགའ་ལྡན་པའི་ཐུན་མིན་བསྟན་སྲུང་རེད་ཟེར་བ། ༢༽ རྒྱལ་ཆེན་ཤུགས་ལྡན་ལ་སྲོག་གཏད་ཀྱི་རེ་བཅོལ་བྱེད་ཚུལ། ༣༽ སྲོག་གཏད་དག་སྣང་ཉེ་རྒྱུད་དང་འཇམ་དབྱངས་རྣམ་སྤྲུལ་སོགས་སུ་སྒྲོག་པ། ༤༽དགའ་ལྡན་བསྟན་པར་ཤ་ཞེན་ཆེ་མདོག་གིས་དོན་དངོས་སུ་ཕུང་ལ་སྦྱར་བ་བཅས་དེ་བཞི་གའང་དོལ་རྒྱལ་གྱིས་མཐུ་ནག་གིས་བྱུང་བ་ཤ་སྟག་རེད། ༡༽སྨོན་ལམ་ལོག་པའི་དམ་སྲི་འདི་་དགེ་ལྡན་པའི་ཐུན་མོང་མ་ཡིན་པའི་བསྟན་སྲུང་ཡིན་ཟེར་བ་དེ་རྗེ་ཕ་བོང་ཁ་པས་དོལ་རྒྱལ་གྱི་སྒེར་བསྐང་རྒྱས་པ་ལས་གསལ་བཀོད་དང་རྒྱས་བཤད་༼༡༩༢༦༽ མཛད་ཡོད། དེ་དོལ་རྒྱལ་རང་གིས་ཞུ་བསྐུལ་ཡང་ཡང་བྱས་པ་ལས་མཛད་པ་དེ་བསྐང་ཆོག་དེའི་མཇུག་བྱང་དུ་གསལ་པོར་འཁོད་ཡོད་པ་འདི་ལྟར། གཞོན་ནུའི་དུས་ནས་བསྟན་སྲུང་ཉིད་ཀྱིས་ལུས་དང་གྲིབ་མ་བཞིན་དུ་བརྩེ་བས་བསྐྱངས་པའི་བཙུན་གཟུགས་ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོས་བསྟན་སྲུང་ཆེན་པོ་རང་ཉིད་ཀྱིས་བསྐུལ་མ་ཇི་ལྟར་མཛད་པ་སྙིང་དུ་བཟུང་༼དེའི་བསྟན་སྲུང་ཆེན་པོ་ཟེར་བ་དོལ་རྒྱལ་ཡིན་༽ དམ་པ་གོང་མ་དག་གིས་མཛད་པའི་བསྐང་ཆོག་བྱིན་རླབས་ཅན་མང་དུ་བཞུགས་ཀྱང་༼བྱིན་རླབས་ཅན་གསུངས་པ་ནི་སྣང་ཚོད་ཙམ་ལ་ཆེད་བསྟོད་མཛད་པ་ཞིག་རེད༽། དགེ་ལྡན་ཐུན་མོང་མ་ཡིན་པའི་ཁྱདཧཆོས་རྫོགས་པར་སྦྱར་བ་ཞིག་༼གཅིག་ཀྱང༌།༽ མི་སྣང་བར་བརྟེན་རང་ཉིད་ཀྱང་རྩོམ་པའི་སྤྲོ་བ་ཤིན་ཏུ་བཏེགས་ཅེས་དོལ་རྒྱལ་གྱིས་སྐུལ་མ་བྱས་པ་གསལ་པོར་གསུངས་ཡོད། སྔར་དགའ་ལྡན་པའི་དམ་སྲི་ཡིན་ཟེར་མཁནཧདེ་ད་དགེ་ལྡན་པ་ལ་མེད་ཐབས་མེད་པའི་སྲུང་མ་ཡིན་ཞེས་འཚང་ཡོད་པ་རེད། ༢༽ཤུགས་ལྡན་སྲོག་གཏད་ཀྱིས་དབང་ཆོག་ཟེར་བ་་ཡངཐོག་མར་རྗེ་ཕ་བོང་ཁ་པས་ཆུ་ཁྱི་༡༩༢༢ ལོར་གསར་བརྩོམས་གནང་བ་དང༌། དེ་ཡང་དོལ་རྒྱལ་གྱིས་རྒྱུད་སྐུལ་དབང་གིས་བརྩམས་ཡོད། རྗེ་ཕ་བོང་པའི་རྣམ་ཐར་དོན་ལྡན་ཚངས་དབྱངས་ལས། རྡོ་རྗེ་ཤུགས་ལྡན་པས་རྗེ་བླ་མ་༼ ཕ་བོང་ཁ་པ༽མཆོག་སྐུ་ལུས་དང་གྲིབ་མ་ཇི་བཞིན་འགྲོགས་ཏེ་བཞེད་དགུའི་འཕྲིན་ལས་མཐའ་དག་གཡེལ་མེད་དུ་སྒྲུབ་པར་མཛད་ལ་༼མ་ཡིན་ཡིན་མདོག་གིས་བྱེད་སྒོ་ཁག་ལ་ལམ་འགྲོ་དང་འཕྲིན་ལས་མྱུར་ཐོག་ཁ་པོ་བྱེད་ཀྱི་ཡོད་པ་རེད།༽ སྐབས་འགར་བསྟན་སྲུང་གཉེན་པོ་རང་ཉིད་མིའི་རྟེན་གཞིའི་ཁོག་ཏུ་ཞུགས་ཏེ་རྡོ་རྗེ་ཤུགས་ལྡན་པ་རང་གི་སྲོག་གཏད་ཀྱི་ཆོ་ག་གསར་དུ་བཀའ་རྩོམ་གནང་དགོས་པའི་བསྐུལ་མ་ཡང་ཡང་ཞུས་པ་ལྟར་རེ་ཞིག་ཆོས་སྐྱོང་ཆེན་པོས་གསུང་བསྐུལ་གནང་བ་རས་བོར་༼སྣང་མེད༽ མ་མཛད་པར་རྗེ་༼ཕ་བོང་ཁ་པ༽ ཉིད་ཀྱིས་ཐུགས་ཉམས་སུ་ཇི་ལྟར་ཤར་བ་བཞིན་གྱི་སྲོག་དབང་གི་ཆོ་ག་ཡང་བཀའ་རྩོམས་མཛད་ཅེས་གསལ་ཡོད། སྔོན་སློབ་དཔོན་པད་མ་འབྱུང་གནས་སོགས་ཀྱི་ཕྱི་ནང་གི་ལྷ་སྲིན་གདུག་པ་ཅན་དམ་དུ་བཏགས་ཏེ་ཆོས་སྐྱོང་དུ་གཉེར་གཏད་མཛད་སྐབས་འདྲེ་སྲིན་སོ་སོས་རང་གི་སྲོག་སྙིང་བླ་མར་ཕུལ་ཏེ་བསྟན་པ་བསྟན་འཛིན་བཅས་པ་སྲུང་སྐྱོབ་ཞུ་རྒྱུའི་གཡར་དམ་བཅས་ཡོད་ཀྱང་རྗེ་ཕ་བོང་ཁ་པའི་སྐབས་ནས་དེ་དག་ལས་ལྡོག་ཏེ་བྱུང་བ་ནི་འགོང་པོ་འདིས་རང་ལ་འབྲེལ་བ་བྱུང་མཛད་ཀྱི་སྲོག་སྙིང་རང་གི་དབང་བར་བརློམས་ཏེ་བླ་མ་དགེ་བཤེས་སོགས་ཀྱི་བློ་སྙིང་བྲང་གསུམ་རང་ལ་གཏོད་ཐབས་སུ་སྲོག་གཏད་དབང་ཆོག་ཟེར་བའི་བྱུར་ཐབས་འདི་རྗེ་ཕ་བོང་ཁ་པར་འབྲི་བཅུག་ཡོད། ༣༽ཤུགས་ལྡན་གྱི་སྲོག་གཏད་དག་སྣང་ཉེ་རྒྱུད་ཟེར་བ་དང་ཤུགས་ལྡན་འཇམ་དབྱངས་ཀྱི་རྣམ་སྤྲུལ་རེད་ཟེར་བ་དེ་ཡང༌། ཤེར་ཕྱིན་གྱི་མདོ་ལས། རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་༼བྱས་ཏེ༽ལུས་གསེར་གྱི་ཁ་དོག་དང༌། འོད་འདོམ་གང་བར་བྱས་ཏེ་བྱང་ཆུབ་སེམས་པའི་དྲུང་དུ་འོང་ཏེ་༼བྱང་སེམས་དེས་༽མཐོང་ནས་འདོད་པ་སྐྱེས་པའི་གསུངས་པ་ཇི་བཞིན་བདུད་ཀྱི་བར་ཆད་ཆགས་ཡོད། ༡༩༣༣ ལོར་ྋགོང་ས་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་འཕྲལ་དེའི་གོང་ཙམ་དུ་དགུ་རྫོགས་གནམ་གང་ཡིན་ད་ཞེས་འདྲེ་ངན་གྱིས་སྐད་གསང་བསྒྲོགས་པ་དེ་དོན་ཐོག་ཏུ་བབས་པ་དང༌། རྗེ་བདེ་སྙིང་གིས་སླར་ཡང་དོལ་རྒྱལ་དར་འཕེལ་གཏོང་མགོ་བཙུགས། ༡༩༣༥ ལོར་འབད་སྩོལ་དུ་མའི་སྒོ་ནས་ནགས་ཤོད་སྟག་ཕུར་ཕེབས་ནས་སྟག་ཕུ་བླ་མ་པད་མ་བདྫ་ཞེས་སྦས་པའི་བརྟུལ་བཞུགས་ཅན་གྱི་རྣལ་འབྱོར་བ་ཆེན་པོ་དེ་དང་མཇལ། ཐེངས་འདིར་སྟག་ཕུའི་སྒྲུབ་སྡེར་ངེས་པར་ཕེབས་དོན་གྱི་གཙོ་བོ་ནི་སྔར་ཆུ་ཁྱི་༡༩༢༢ ལོར་ཕ་བོང་ཁ་པ་རང་ཉིད་ཀྱིས་མཛད་པའི་ཤུགས་ལྡན་སྲོག་གཏད་ཀྱི་དབང་ཆོག་དེ་ཁུངས་ལྡན་དུ་བསྒྲུབ་པ་ལ་བླ་མ་ཚད་ལྡན་ཞིག་གིས་རྒྱབ་སྐྱོར་མེད་ན་མི་འགྲུབ་པར་དགོངས་ཏེ་ཕེབས་པ་དང༌། དོལ་རྒྱལ་གྱིས་ཀྱང་ཕེབས་དགོས་ཀྱི་རྒྱུད་སྐུལ་གཏན་གཏན་ཡོད་ངེས། བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བྱས་ཏེ་བྱང་སེམས་བསླུ་བར་གསུངས་པ་བཞིན་དུ་འགོང་པོ་འདིསཀྱང་བླ་མ་ཡབ་སྲས་གཉིས་ཀར་འདྲེ་ངན་ལྷར་རྫུས་ཀྱིས་དབུ་བསྐོར་ཞུས་ཡོད། དེར་ཕ་བོང་ཁ་བས་སྟག་ཕུ་བླ་མར་ཤུགས་ལྡན་སྲོག་དབང་བསྐོར་ནན་གྱིས་ཞུས་ཡོད་པ་དང༌། སྟག་ཕུ་བླ་མས་ཀྱང་ངོ་མ་ལྡོག་པར་དེ་དོན་བཞིན་བསྩོལ་གནང་མཛད་ཡོད། སྐབས་དེའི་སྟག་ཕུའི་དག་སྣང་ཚིག་བཅད་ལས། ཤིན་ཏུ་འཁྲུལ་ཡང་ཉིང་འཁྲུལ་བབ་ཆགས་སྡེབས། བླ་མའི་བཀའ་བཞིན་གསོལ་བ་བཏབ་པའི་མོད། ཅེས་བླ་མའི་བཀའ་བཞིན་ཞེས་པ་ཕ་བོང་ཁ་པའི་རེ་འདོད་ལྟར་གསོལ་བ་བཏབ་གསུངས་ཀྱིན་ཡོད། བླ་མའི་བཀའ་བཞིན་ཞེས་པའི་བླ་མ་དེ་ཕ་བོང་ཁ་པ་ཡིན་པ་གཤམ་དུ་གསལ་པོ་ཆགས་ཡོད།
འགོང་པོ་བདུད་ཀྱི་ཆོ་འཕྲུལ་གྱི་དག་སྣང་གཟིགས་ཚུལ་ནི། སྟག་ཕུ་བླ་མ་རང་ཉིད་ལྷ་ཡུལ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་པ་དང༌། འཇམ་མགོན་བླ་མ་ཙོང་ཁ་བ་མཇལ་བ། དེར་སྲོག་དབང་གི་རེ་འདོད་ཞུས་པ། རེ་འདོད་དེ་འཇམ་མགོན་བླ་མས་འདུལ་འཛིན་གྲགས་པ་རྒྱལ་མཚན་ལ་བཀའ་བསྐུལ་གནང་བ། འདུལ་འཛིན་གྱིས་འཇམ་མགོན་བླ་མའི་ཁྲི་གསེབ་ནས་ཕྱུང་སྟེ་སྲོག་དབང་དེ་གནང་བ། དེ་ཡང་ཕ་བོང་ཁ་པས་སྔར་བརྩམས་པའི་དབང་ཆོག་དང་མཐུན་པ་བཅས་བྱུང་ཡོད། སྟག་ཕུ་བླ་མས་རྗེས་སུ་བདེ་ཆེན་སྙིང་པོས་སྔར་མཛད་པའི་སྲོག་དབང་གི་ཆོ་ག་དེར་ཚིག་གི་སྣོན་བྲི་ཙམ་མ་གཏོགས་བསྒྱུར་བཅོས་མཛད་མེད་པར་མཐོང་རྒྱུ་ཡོད། དག་སྣང་ཚིགས་བཅད་དེ་ལས། ར་ཛ་མདོང་ལྔའི་ཁྲི་གསེབ་ལས་ཕྱུངས་ཏེ། །མངག་གཞུག་གཏད་པ་བླ་མའི་༼ཕ་བོང་ཁ་པའི༽གསུང་དང་མཐུན། །མི་འདྲའི་ཁྱད་པར་ཅུང་ཟད་ཁ་བསྐངས་ཏེ། །པད་མའི་མིང་གིས་དགའ་བའི་ཚལ་དུ་བཀོད། ཅེས་གསུངས་པ་འདིས་ཤེས་ཐུབ། དེ་ལྟར་ན་རྩ་བ་སྔར་དམ་སྲི་འདིས་བདེ་ཆེན་སྙིང་པོར་རྩོམ་བསྐུལ་ཞུས་ཏེ་ཆོག་སྒྲིག་མཛད་པ་དེ་ལ་ཕྱིས་སུ་དག་སྣང་ཉེ་རྒྱུད་ཅེས་པའི་ཁ་སྣོན་བྱས་པ་ཡིན་ལ། དག་སྣང་གྲགས་སྟངས་དེ་ལྟར་བྱས་ཏེ་བྱུང་ཡོད། སྟག་ཕུ་བསྟན་པའི་དངོས་གྲུབ་ཅེས་སྦས་པའི་བརྟུལ་བཞུགས་ཅན་གྱི་རྣམ་འབྱོར་པ་ཆེན་པོ་འདི་ལ་དགའ་མགུ་ཡིད་ཆེས་སྐྱེ་འོས་ཀྱི་དག་སྣང་འདི་འདྲ་བྱུང་བ་འདི་གཟིགས་ཚུལ་དེ་ལ་གཞན་དུ་བཤད་དཀའ་ན་ཡང་དོན་དངོས་སུ་ནག་ཕྱོགས་ཁ་རྒྱས་པའི་བདུད་ཀྱི་ཆོ་འཕྲུལ་ཤེར་ཕྱིན་གྱི་མདོ་ལས། བྱང་སེམས་ལ་བདུད་ཀྱི་བར་ཆད་འབྱུང་བར་གསུངས་པ་དེ་ཁོ་ནར་ཟད་དོ། ལྟས་ངན་དག་སྣང་བདུད་ཀྱི་ཆོ་འཕྲུལ་ཡིན་པའི་རྒྱུ་མཚན། དེ་ལྟ་བུའི་ཡ་མཚན་ཅན་གྱི་གཟིགས་ཚུལ་དེ་འདྲ་བར་ཆད་ཡིན་པར་སྲིད་དམ། བར་ཆད་ཡིན་པར་གང་ལས་ཤེས་ཐུབ་ཅེ་ན། བར་ཆད་ཡིན་པ་དེ་འདྲ་སྲིད་པ་གོང་དུ་བཀོད་པའི་ཤེར་ཕྱིན་གྱི་མདོ་སོགས་མདོ་རྒྱུད་དུ་མ་ལས་གསུངས་པས་གྲུབ་ལ། བར་ཆད་ཡིན་པ་ནི། ྋགོང་ས་ལྔ་པ་ཆེན་པོ་སོགས་ཚད་ཐུབ་ཀྱི་སྐྱེས་ཆེན་དུ་མས་ལམ་སྟོན་མཛད་པ་དང་རྒྱབ་འགལ་དུ་བྱུང་བ་དང༌། མི་ལོ་སུམ་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ཁྲོད་དུ་འགོང་པོ་འདི་དང་འབྲེལ་བ་བྱུང་བའི་ལག་རྗེས་ལ་ཞིབ་པར་བརྟག་ཚེ་དུག་ཀིམ་པའི་འབྲས་བུ་བཟོས་པ་ལྟར་བཀྲ་མི་ཤིས་པ་འབའ་ཞིག་ལས་མཐོང་རྒྱུ་མེད་པ་དང༌། སྔོན་མཁན་སློབ་ཆོས་གསུམ་གྱི་སྐབས་ནས་བཟུང་སྟེ་བོད་ཀྱི་བསྟན་སྲིད་སྐྱོང་བ་ལ་གཡར་དམ་གྱི་དམ་ཚིག་ལྡན་པའི་དགྲ་ལྷ་ཆེན་པོ་གནས་ཆུང་ལ་ྋགོང་ས་མཆོག་གིས་རྒྱལ་ཆེན་ཤུགས་ལྡན་གྱི་སྲོག་གཏད་སྐོར་སྟག་ཕུ་བླ་མར་དག་སྣང་དབང་གིས་བྱུང་བ་ཡིན་པས་རྣམ་དག་མིན་ནམ། ཞེས་དོགས་འདྲི་མཛད་སྐབས་གནས་ཆུང་ཆོས་སྐྱོང་གིས་མཚམས་ཚོམ་མེད་པར་དག་སྣང་ལ་གཉིས་ཡོད། རྩ་གསུམ་བྱིན་རླབས་དབང་གིས་དགག་མེད་དུ་འཆར་བ་དང༌། བར་ཆད་ཀྱི་དབང་གི་བྱུང་བ་གཉིས་ཡོད། ༼སྟག་ཕུའི་དག་སྣང༽ འདི་བར་ཆད་ཀྱི་དབང་གི་བྱུང་བ་ཡིན་ཞེས་བཀའ་ལན་ཕུལ་བ་དང༌། བཀའ་ལན་དེ་ཡང་གོང་གི་ཤེར་ཕྱིན་གྱི་མདོ་ལས་གསུངས་པ་དང་མཐུན་པ་དང༌། མདོ་དེ་དག་གཞན་དུ་འགྱུར་དུ་མེད་པའི་སྒྲ་ཇི་བཞིན་པ་ཡིན་པ་དང༌། ྋགོང་ས་མཆོག་གྲོ་མོར་བཞུགས་སྐབས་དོལ་རྒྱལ་དང་འབྲེལ་གནང་བྱུང་སྟེ། སྐབས་ཤིག་ཁོས་ཁོག་བཞུགས་ཀྱིས་ྋགོང་ས་མཆོག་ལ་ལུང་བསྟན་ཕུལ་ཁུལ་བྱེད་སྐབས། ང་ད་ལྟ་དགའ་ལྡན་ནས་རྗེ་བླ་མར་དགོངས་སྐོར་ཞུས་ནས་ཡོང་བ་ཡིན། ཞེས་ྋགོང་ས་མཆོག་དབུ་སྐོར་ཐབས་བྱས་པ་དང༌། ལྷག་པར་དག་སྣང་དེ་བྱུང་རྗེས་ཀྱི་མི་ལོ་བདུན་ཅུ་ལྷག་རིང་གི་དངོས་བྱུང་དེ་དག་གིས་འདྲེ་ངན་བདུད་ཀྱི་ཆོ་འཕྲུལ་ཡིན་པར་ར་སྤྲོད་ཐུབ་པ་ཡིན། དེར་ལྟར་ན་ྋགོང་ས་མཆོག་གིས་སྐྱབས་རྗེ་བདེ་ཆེན་སྙིང་པོར་དོལ་རྒྱལ་དང་འབྲེལ་བའི་བར་ཆད་ཀྱི་འགལ་རྐྱེན་ཆེན་པོ་བྱུང་ཡོད་ཞེས་ཡང་ཡང་གསུངས་པ་ནི། དེ་ཁོ་ན་ལྟར་ར་སྤྲོད་བྱུང་བ་ཡིན། དོལ་རྒྱལ་འཇམ་དབྱངས་ཀྱི་རྣམ་སྤྲུལ་རེད་ཟེར་བའང་རྗེ་ཕ་བོང་ཁ་པའི་སྐབས་ནས་གྲགས་ཆེ་བར་འགྱུར་ཡོད་ལ། དེ་ཡང་ལོ་རྒྱུས་ཐོག་ནས་པཎ་ཆེན་བསོད་ནམས་གྲགས་པའི་སྐུ་ཕྲེང་ཡར་འདེད་མར་འདེད་བྱས་ཏེ་བཤད་ཡམ་བྱེད་པ་དང༌། ཕྱོགས་གཅིག་ནས་སྟག་ཕུ་བླ་མར་དག་སྣང་བྱུང་ཚུལ་གྱིས་བཤད་ཡོད། དེ་གཉིས་ཀའི་མཐའ་གཏུགས་ས་འདུལ་འཛིན་གྲགས་པ་རྒྱལ་མཚན་དང༌། དེ་འཇམ་དབྱངས་ཀྱི་རྣམ་སྤྲུལ་རེད་ཟེར་བ་སོགས་བཤད་ཀྱང་རྫུན་རྒྱབ་རྫུན་གྱི་བྱས་པའི་ལོག་པའི་བཤད་པ་འབའ་ཞིག་ཡིན་ནོ། རྒྱལ་མཆོག་ཡབ་སྲས་གཉིས་གཙོ་བོར་གྱུར་བའི་བཀའ་དྲིན་གྱི་མངའ་བདག་གོང་མ་རྣམས་ཀྱིས་ལམ་སྟོན་ལ་ལག་བསྟར་ཚུལ་བཞིན་མ་བྱས་པར་འགོང་པོ་འདི་ལ་རྟེན་མཆོད་དང༌། སྐྱབས་གནས། དེ་ལས་ཀྱང་སྲོག་གཏད་ཟེར་བ་སོགས་ཀྱིས་བློ་སྙིང་བྲང་གསུམ་གཏད་པའི་ལག་རྗེས་ལས་མི་མཐོང་དགུ་མཐོང་དང༌། མི་འབྱུང་དགུ་འབྱུང་བྱུང་ཏེ་མཐར་འཆི་བའི་ཚེ་ཡང་བལྟས་ངན་པ་རྣམ་པ་དུ་མ་དང་བཅས་ཤི་དགོས་པ་འདི་མཐོང་ཆོས་སུ་གྲུབ་ཡོད། འདྲེ་ངན་འགོང་པོའི་ཆོ་འཕྲུལ་ལ་ཕྱོགས་བསྡོམས་བྱས་པ། རྗེ་བདེ་ཆེན་སྙིང་པོ་དང་སྟག་ཕུ་བླ་མ་ཡབ་སྲས་གཉིས་ལ་དམ་སྲི་འདིའི་དབུ་སྐོར་ཞུས་ཚུལ་འདི་དག་གིས་སྔར་ས་སྐྱའི་བླ་མ་རྨོར་ཆེན་ཡབ་སྲས་ནས་བཟུང་སྟེ་དོལ་རྒྱལ་བསྟེན་མཆོད་མཛད་མཁན་མཐའ་དག་དབུ་སྐོར་ཞུ་ཐབས་འདི་དག་དང་མཚུངས་པར་བྱུང་ཡོད་པ་ཐག་གཅོད་ཐུབ་པ་ཡིན། སྐྱེས་ཆེན་དེ་རྣམས་དེ་ལྟར་དབུ་སྐོར་ཞུ་དགོས་དོན་ནི། སྤྱིར་སྐྱེས་འགྲོའི་བདེ་རྩ་འཕྲོག་པ་དང༌། བྱེ་བྲག་གངས་ལྗོངས་བསྟན་སྲིད་ཕུང་ལ་སྦྱོར་རྒྱུ་འགོང་པོ་འདིས་ལོག་སྨོན་གྱིས་གྲུབ་པའི་ལས་སྐལ་ཡིན་ལ། དེ་བསྒྲུབ་རྒྱུར་དགེ་སློང་གི་ཆ་བྱད་ཅན་ཞིག་དང་མཉམ་དུ་འགྲོགས་ཏེ་བྱས་ན་བསྒྲུབ་ནུས་པར་བསམ་ཏེ་དབུ་སྐོར་བར་གདོན་མི་ཟ། བཅོམ་ལྡན་འདས་ཀྱི་མདོ་ལས་ང་ཡི་ཐེག་པ་ཟབ་མོ་དེ། གཞན་༼མུ་སྟེགས་པ་ལ་སོགས་པ་རྣམས་༽གྱིས་ཤིག་པར་མི་ནུས་ཏེ། ང་མིན་ང་འདྲ་གཅིག་གིས་ཤིག། ཅེས་གསུངས་པ་དང༌། ཤེར་ཕྱིན་གྱི་མདོ་ལས་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དདང༌། དགེ་སློང་གི་ཆ་བྱད་དང༌། མཁན་པོ་དང་སློབ་དཔོན་གྱི་ཆ་བྱད་དུ་འོངས་ཏེ་བྱང་སེམས་ལ་བར་ཆད་བྱེད་པར་གསུངས་པ་དང༌། འདྲེ་འདི་ཡང་དགེ་སློང་གི་ཆ་བྱད་དུ་འོངས་པ་དང༌། རྗེ་ཕ་བོང་ཁ་པ་ལ་ཡང་བརྒྱུད་སྐུལ་ཡང་ཡང་བྱས་པའི་དབང་གིས་སྐུ་ཚེ་སྨད་ཀྱི་མཛད་རྗེས་ལ་དཔྱད་བཟོད་དཀའ་བའི་མཛད་ཉེས་བྱུང་བ་རྣམས་ལས་ཤེས་ཐུབ།
༤ དགེ་ལྡན་པར་ཤ་ཞེན་ཆེ་མདོག་གིས་དོན་དངོས་སུ་བོད་འབངས་ཕུང་ལ་སྦྱར་བ། དག་སྣང་བདུད་ཀྱི་ཆོ་འཕྲུལ་དེ་བྱུང་རྗེས་རྗེ་ཕ་བོང་ཁ་པས་མདོ་སྟོད་སྨད་དབུས་གཙང་གང་སར་དོལ་རྒྱལ་ཁྱབ་སྤེལ་རྒྱ་ཆེར་མཛད་དེ་འཇམ་དབྱངས་དྲག་པོའི་རྣམ་སྤྲུལ་རེད་ཟེར་བ། དག་སྣང་ཉེ་བརྒྱུད་ཀྱི་ཟབ་ཆོས་ཟེར་བ། འཇམ་མགོན་རྒྱལ་བའི་བསྟན་སྲུང་ཟེར་བ། དགེ་ལུགས་པ་ཞིག་ཡིན་ཕྱིན་ཆད་ཆོས་སྐྱོང་དེ་མ་བསྟེན་ན་ཆོས་འགོ་མི་ཐོན་ཟེར་བ་སོགས་ཀྱིས་འུར་སྒྲོག་ཆེན་པོས་སྐྱེས་བུ་དག་སྐྱབས་ཡུལ་ལོག་པ་ལ་སྦྱར་བ་དང༌། ཡང་དགེ་ལྡན་ལུགས་བཟང་ཁོ་ནར་ཐར་ལམ་ཡོད་ཀྱིས་ཆོས་བརྒྱུད་གཞན་དག་ལ་ཐར་ལམ་མེད་ཟེར་བ། དགེ་ལྡན་ལུགས་བཟང་ཉིད་འཛིན་དགོས་ཀྱིས་ཆོས་རྒྱུད་གཞན་དག་མེད་པར་བཟོ་དགོས་གསུངས་པ་ལྟ་བུ་སྐྱེས་བུ་ལོག་ལྟའི་གཡང་ལ་སྦྱོར་བའི་ཆེས་ཐལ་ཆ་ཆེ་བའི་མཛད་ཉེས་བྱུང་ཡོད་པ་དེ་དག་དོལ་རྒྱལ་གྱིས་རྒྱུད་སྐུལ་བྱས་པ་ལས་བྱུང་བ་རྗེ་བདེ་སྙིང་གི་རྣམ་ཐར་སོགས་ལས་ཤེས་ཐུབ། རྗེ་འདིའི་རྣམ་ཐར་ཟུར་འདེབས་ལས། རྡོ་རྗེ་ཤུགས་ལྡན་རྩལ་གྱིས་དངོས་ཉམས་དང་མིའི་ཁོག་བརླམས་ཅི་རིགས་པས་མེལ་ཚེ་གཡེལ་མེད་དུ་མཛད་དེ་རྗེ་༼ཕ་བོང་ཁ་པ།༽ཉིད་ནས་གྲུབ་མཐའ་གཞན་སེལ་ལྷད་མ་འདྲེས་པའི་ལྟ་གྲུབ་གཙང་མ་བདག་གིར་བཞེས་ན་ཇི་ལྟར་དགོས་པའི་འཕྲིན་ལས་རྣམས་ཐུགས་ཀྱི་བཞེད་དོན་ཇི་བཞིན་༼དོལ་རྒྱལ༽བདག་གིས་བསྒྲུབ་བོ་ཞེས་ཡང་ཡང་ཞུས་ཤིང་བརྡ་ཐབས་སྣ་ཚོགས་པའི་བསྐུལ་བ་བཞིན་༼རྗེ་ཕ་བོང་ཁ་པས་༽ ཞལ་གྱིས་བཞེས་པ་དང༌། ཞེས་གསལ་བ་དེ་ལས་ཀྱང་ཤེས་ཐུབ། ཡང་རྗེ་ཕ་བོང་ཁ་པས་རྒྱ་དཔོན་ལུའུ་ཅིན་ཀྲང་ལ་ཕྱག་བྲིས་གནང་བའི་ནང༌། དེང་དུས་༼ཤིས་ཁམས༽ ཕྱོགས་དེར་གྲུབ་མཐའ་མི་འདྲ་བའི་བླ་མ་མང་པོས་ཆོས་ལུགས་མི་འདྲ་བ་སྣ་ཚོགས་ཤིག་སྤེལ་སྐད་ཐོས༼རྒྱུ་འདུག༽པ་དེ་རིགས་ལ་གཟབ་དགོས་པ་ཤིན་ཏུ་གལ་ཆེ། འཇམ་མགོན་རྒྱལ་བའི་བསྟན་པ་ལས་གཞན་དུ་གྱུར་བ་ས་སྐྱ་པ་དང༌། བཀའ་རྒྱུད་པ། རྙིང་མ་བ་བཅས་ཀྱི་ལྟ་གྲུབ་ནི་ཆད་པར་བལྟ་བའི་གྲུབ་མཐའ་སྟེ་དེས་ཐར་པའི་གོ་འཕངས་ལྟ་ཞིག་མཐོ་རིས་ཀྱི་བདེ་འགྲོའི་གོ་འཕངས་ཙམ་དུའང་འགྲོ་མི་ནུས་པས་ལོག་ལྟའི་ཚང་ཚིང་དེ་རིགས་འགོ་གནོན་ངེས་པ་ཞིག་དང༌། ཞེས་རྒྱ་དཔོན་དེར་དགེ་ལུགས་པ་ལས་གཞན་པའི་ཆོས་རྒྱུད་སྤེལ་མཁན་ལ་འགོག་བསྣོན་དགོས་པའི་སྐུལ་མ་མཛད་ཡོད། གོང་གསལ་དེ་ལྟ་བུའི་དཔྱད་མི་བཟོད་པའི་ཕྱག་བྲིས་ཁ་ཤས་བདེ་སྙིང་མཆོག་གི་གསུང་འབུམ་ཆ་པའི་ནང་ཡོད། རྗེ་ཕ་བོང་ཁ་པས་རང་གི་སློབ་ཚོགས་ཁྲོད་དུའང་དེ་ལྟ་བུའི་བཀའ་སློབ་ཐེངས་མང་གནང་སྟེ་དེའི་ཤུགས་རྐྱེན་གྱིས་ཆོས་ལུགས་ཕན་ཚུན་ལ་འཁོན་འགྲས་ཇི་ཆེར་སོང་བ་དང༌། ལྷག་པར་ཕྱི་ལོ་༡༩༤༠ ཡས་མས་ཙམ་ནས་ཞལ་སློབ་ཁག་གཅིག་གིས་སྔ་འགྱུར་རྙིང་མའི་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་གཏོར་བཤིགས་གཏོང་བ་སོགས་ཀྱི་སྒོ་ནས་འཇམ་མགོན་བླ་མའི་བསྟན་པར་ཡང་རྨ་འབྱིན་ཚབས་ཆེན་བྱུང་ཡོད། དེ་ལྟར་ཡང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་༼༡༨༩༨ ༡༩༥༧༽ ཀྱིས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོར་རེ་བསྐུལ་གྱིས་ཕྱག་བྲིས་གནང་བའི་ནང་སྐུ་ཞབས་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་རིན་པོ་ཆེའི་ཞལ་སློབ་ཁ་ཤས་ནས་༼དགེ་ལུགས་པ་ཡག་པོ་རེད། ས་སྐྱ་པ། རྙིང་མ་པ་འདུག་ཆལ་རེད་ཟེར་བ་སོགས་༽ གསར་རྙིང་གི་གྲུབ་མཐའ་ཆེན་པོ་༼ལ་ཕྱོགས་རིས༽རྩོད། ༼སློབ་དཔོན་༽པད་མ་འབྱུང་གནས་ཀྱི་སྐུ་དང༌། ཞི་ཁྲོའི་ལྷ་བཤིག། བཛ་གུ་རུ་༼ཁ་འདོན་དུ་༽བཏོན་ན་ཕན་ཡོན་མེད་ཚུལ་བཤད། པད་མ་བཀའ་ཐང་སོགས༼རྙིང་མའི་དཔེ་ཆོས་མང་པོ་༽མེ་ཆུར་སྦྱངས་པ་༼ལ༽སོགས་པའི་ལོག་སྤྱོད་མང་པོ་༼བྱེད་པ༽དང༌། གཞན་ཡང་མ་ནི་སོགས་ཀྱི་འཁོར་ལོ་བསྐོར་བ་དང༌། གཤིན་པོར་བདུན་ཚིགས་འཛིན་རྒྱུ་སོགས་༼གཤིན་པོའི་ཆེད་དུ་དགེ་སྦྱོར་བྱེད་པ་ལ་༽དགོས་པ་མེད་ཚུལ་མང་པོ་བཤད་ནས་༼དད་ལྡན་གྱི་༽སྐྱེ་བོ་དག་ལོག་ལྟའི་གནས་ལ་འགོད་པ་དང༌། མཆོག་གསུམ་ཀུན་འདུས་༼རེད་ཟེར་ཞིང་༽རྒྱལ་པོ་ཤུགས་ལྡན་སྐྱབས་ཀྱི་མཆོག་ཏུ་འཛིན། ལྷོ་རྒྱུད་ཀྱི་དགོན་ཆུང་འགའ་ཞིག་གི་གྲྭ་བ་མང་པོ་ལ་ཤུགས་ལྡན་བབས་པ་ཡིན་ཟེར་༼ཏེ་ས་༽ཕྱོགས་མཐའ་དག་ཏུ་སྨྱོ་རྒྱུགས་བྱས་ནས། ༼སྐུ་གསུང་ཐུགས༽རྟེན་གསུམ་བཤིག་བཅོམ་སོགས་རང་འཚང་༼རང་སྣང་གང་དྲན་བྱེད་པ་༽མང་ཞིང༌། རྗེ་རྒྱལ་བ་གཉིས་པ་ཙོང་ཁ་པའི་བསྟན་པའི་རྨ་འབྱིན་ཆེན་པོར་འདུག་པས། ༼སངས་རྒྱས་ཀྱི་བསྟན་པ་༽སྤྱི་ལ་ཕན་པའི་སྤྲིངས་ཡིག་ཅིག་མཛད་ནས་པར་དུ་བསྐྲུན་ཏེ་དབུས་གཙང་ཁམས་གསུམ་ལ་བཀྱེས་༼འགྲེམ་༽པར་མཛད་ན་བསྟན་པའི་འཁྲུག་བསེལ་ལ་༼ཕན་པར་འདུག་པས་ཅི་ནས་ཀྱང་༽གནང་སྐྱོང་བཀའ་དྲིན་ཆེ་ཞུ། ཞེས་ཞུ་ཁུལ་མཛད་པ་འདིས་ཀྱང་ཤེས་ཐུབ༌། འཇམ་མགོན་ཆོས་ཀྱི་བློ་གྲོས་ནི་ཆོས་ལུགས་རིས་མེད་ལ་ཉམས་བཞེས་མཛད་མཁན་གྱི་རྣམ་འབྱོར་བ་འགྲན་ཟླ་བྲལ་བ་ཞིག་རེད།
རྗེ་ཕ་བོང་ཁ་པ་མཆོག་ཀྱང་སྐུ་ཚེ་སྟོད་ལ་ཆོས་ལུགས་རིས་མེད་ལ་གསན་བསམ་དང་ཉམས་ལེན་མཛད་མཁན་མཁས་གྲུབ་གཉིས་ལྡན་ཞིག་ཡིན་ཀྱང༌། སྐུ་ཚེ་སྨད་ལ་ཆོས་བརྒྱུད་གཞན་དག་ལ་གཟིགས་ཚུལ་གོང་འཁོད་ལྟར་བྱུང་བ་དང༌། ལྷག་པར་སློབ་རྒྱུད་ཁག་ཅིག་ལ་རྙིང་ཆོས་ཟེར་དུས་དུག་ལྟ་བུ་དང༌། གུ་རུ་རིན་པོཆེ་ཟེར་དུས་བདུད་བཙན་གྱི་དེད་དཔོན་ལྟ་བུར་ལྟ་ཚུལ་བྱུང་བ་དང༌། ཕུང་འདྲེ་དོལ་རྒྱལ་ལ་འཇམ་དབྱངས་ཀྱི་རྣམ་སྤྲུལ་སོགས་སུ་སྨྲས་ཏེ་མེད་ཐབས་མེད་པའི་སྐྱབས་ཡུལ་ཞིག་ཏུ་ལྟ་ཚུལ་བྱུང་བ་སོགས་ནི་ཛེ་སྨད་རིན་པོ་ཆེས་ཕྱི་ལོ་༡༩༧༠ ལོར་བརྩམས་པའི་ཕ་རྒོད་བླ་མའི་ཞལ་གྱི་འདུད་རྩི་ཟེར་བའི་དེབ་སེར་དེ་བཀླག་པ་ཙམ་གྱིས་ཤེས་ནུས། དེ་དག་ཐམས་ཅད་ཀྱི་རྐྱེན་རྩ་གཙོ་བོ་གོང་དུ་བཀོད་པའི་བྱུར་ཐབས་བཞི་པོ་དེ་དག་ལས་བྱུང་བ་ཤ་སྟག་གོ། དཔྱད་བཟོད་བྲལ་བའི་ངན་འབྲས་དེ་ལྟ་བུའི་ལོག་པའི་ལྟ་ངན་རྒྱ་ཆེར་དར་བས་ནག་ཕྱོགས་ཁ་རྒྱས་ཏེ་གངས་ལྗོངས་བོད་ཀྱི་རྒྱལ་བསྟན་ཆབ་སྲིད་ཀྱི་མངའ་ཐང་ཕྱོགས་གང་ཐད་ནས་ཉམས་དམས་བཏང་བ་དང༌། ལྷག་པར་ཡབ་རྗེ་རྒྱལ་བ་གཉིས་པའི་བཞེད་གཞུང་གི་སྙིང་པོ་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་ལ་སོགས་པའི་ཉམས་ལེན་གྱི་རིམ་པ་རྣམས་རྩ་བ་ནས་བཤིག་རལ་དུ་བཏང་འདུག་པ་འདི་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཚད་ལྡན་ཅིག་ཡིན་ན་བཟོད་ཐབས་བྲལ་བ་ཞིག་ཡིན། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་དང་འབྲེལ་བའི་ལམ་སྟོན་མཛད་སྐབས། བོད་ཀྱི་བསྟན་སྲིད་བདེ་ཐབས་དང༌། སྤྱིར་སངས་རྒྱས་ཀྱི་བསྟན་པ། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པར་བསམ་བློ་གཏོང་དགོས་ཞེས་ཡང་ཡང་གསུངས་དགོས་པའི་རྒྱུ་མཚན་དེ་དག་ལ་ཐུག་པར་བསམ། སྐྱབས་རྗེ་ཕ་བོང་ཁ་པ་ལ་སོགས་པར་དག་སྣང་བྱུང་ཚུལ་ནི་གོང་འཁོད་ལྟར་ཡིན་ལ། གྲོགས་དང་འཕྲིན་ལས་ཡག་པོ་སྒྲུབ་ཚུལ་ཟེར་བ་ནི་བསམ་ངན་ཅན་གྱིས་དུག་དང་སྦྱར་བའི་སྦྲང་རྩི་ཕུལ་བ་ལྟར་ཡིན་པས་སྦྲང་རྩི་ཕུལ་བ་དང་དུག་ཕུལ་བ་གཉིས་ཀ་ཤེས་དགོས་ལ་ལྷག་པར་སྦྲང་རྩི་ཕུལ་བ་དེ་དུག་འབུལ་ཆེད་དུ་ཡིན་པར་ཤེས་དགོས་པ་བཞིན། གྲོགས་དང་འཕྲིན་ལས་སྒྲུབ་ཚུལ་དེ་ཡང་བསྟན་འགྲོ་ཕུང་ལ་འདེབས་བྱེད་ཁོ་ནར་བྱས་པ་ཤེས་དགོས། དེ་འབྲེལ་གྱི་གནས་ཚུལ་ཞིབ་ཕྲ་མི་ལོ་སུམ་བརྒྱ་ལྷག་གི་མི་རབ་སོ་སོའི་སྐབས་ཀྱི་ལོ་རྒྱུས་ལས་ཤེས་དགོས་ཀྱང་སྙིང་བཅུད་རྡོག་འདུས་ལྟ་བུ་ཕྱི་ལོ་༢༠༠༦ ལོར་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དཔར་འགྲེམས་བྱས་པའི་དོལ་རྒྱལ་གྱི་བྱུང་རིམ་དང༌། རྙོག་གླེང་དཔྱད་པ་གཡའ་སེལ་མེ་ལོང་ཞེས་པའི་དཔེ་དེབ་དེར་འཁོད་ཡོད། དེ་ལྟ་ནའང་ལོ་རྒྱུས་ཐོག་ལྷག་པའི་དཀར་ནག་དབྱེ་འབྱེད་ཀྱི་མཐའ་མའི་ཐག་གཅོད་དེ་གདན་ས་ཁག་གཙོ་བོར་གྱུར་པའི་ཆོས་ལུགས་ཁག་གིས་གཏན་འབེབས་མཛད་ན་བསྟན་པའི་དག་ཐེར་ལ་ཕན་འབྲས་ཡོང་བ་ནི་བཤད་མི་དགོས་པ་ཞིག་ཏུ་མཐོང༌། རི་བོ་དགའ་ལྡན་པ་རྣམས་ཀྱིས་དེའི་ཐད། བསྟན་པ་ཆབ་སྲིད་རྩ་བླག་ཏུ་འགྲོ་ཉེའི་དུས་ཚོད་མཉན་འཕྲང་འདི་ལ། དམིགས་གསལ་གྱིས་འགན་འཁུར་འོས་པ་དང༌། འགན་འཁུར་དགོས་པ། འགན་འཁུར་ནུས་པ། འགན་འཁུར་མཛད་ན་གྲུབ་འབྲས་མིག་མཐོང་ལག་ཟིན་དུ་ཡོང་རྒྱུར་ཐེ་ཚོམ་མི་དགོས་པ་ཤིག་ཡིན་པས་དགའ་ལྡན་ཁྲི་རིན་པོ་ཆེ་གཙོ་གྱུར་གྱིས་དང་ལྷག་པར་གདན་ས་ཁག་གི་མཁན་པོ་ན་རིམ་རྣམས་འཇམ་མགོན་བླ་མའི་བསྟན་པའི་སྲོག་འཛིན་དང་སྐུ་ཡི་སྐུ་ཚབ་གསུང་གི་གསུང་ཚབ་ཡིན་ཟེར་བ་བཞིན། ྋགོང་ས་མཆོག་གིས་བཀའ་དགོངས་བཞིན་ཞེས་པ་ཙམ་མིན་པར། ལོ་རྒྱུས་ཐོག་ལ་བཏང་སྙོམས་མ་མཛད་པར་དབྱེ་འབྱེད་ཀྱིས་གསལ་པོར་བཟོས་ཏེ་བདེན་སྤང་བྱེད་རྒྱུའི་དུས་ལ་བབས་པར་མཐོང་ངོ༌།། ཕྱི་ལོ་༢༠༠༨ ཟླ་ ༡༢ ཚེས་༣ ཉིན་ཐུབ་བསྟན་ཆོས་འཕེལ་སོགས་དོན་གཉེར་བ་འགའ་ཞིག་གིས་སྤེལ།།