ངའི་སློབ་མའི་ནང་ནས་ལྷ་བཟོ་མཁས་པ་མང་པོ་བྱུང་ཡོད།

ལྷ་བྲིས་མཁས་ཆེན་རྒན་སངས་རྒྱས་ཡེ་ཤེས་ལགས་སུ་བཅར་འདྲི།

ལྷ་བྲིས་མཁས་ཆེན་རྒན་སངས་རྒྱས་ཡེ་ཤེས་ནི་ཁམས་ཏྲེ་ཧོར་རྫ་ཁོག་ཏུ་འཁྲུངས་ཤིང༌། ལྷ་བྲིས་མཁས་ཆེན་བློ་བཟང་དོན་གྲུབ་ཀྱི་ཞབས་ལ་གཏུགས་ནས་ལོ་༡༤ རིང་ལྷ་བྲིས་སྒྱུ་རྩལ་ལ་སྦྱངས་པ་གནང་ཡོད་པ་དང༌། བཙན་བྱོལ་དུ་ཕེབས་ནས་ཀྱང་ལྷ་བྲིས་ཀྱིས་ཕྱག་ལས་གནང་ནས་བོད་ཀྱི་སྲོལ་རྒྱུན་སྨན་བྲིས་སྒྱུ་རྩལ་ལ་དགུང་གྲངས་༡༤ ནས་༨༢ བར་མི་ལོ་༦༨ རིང་རིགས་གཅིག་རྐང་འཛིན་གྱིས་སློབ་སྦྱོང་དང་རྒྱུན་འཛིན་སློབ་མ་གྲངས་མང་སྐྱེད་སྲིང་གནང་བ་སོགས་བོད་ཀྱི་ཐང་བྲིས་སྒྱུ་རྩལ་ལ་ཕྱག་རྗེས་བླ་མེད་བཞག་ཅིང་ད་ཆ་དགུང་གྲངས་༨༢ སུ་ཕེབས་པའི་ལྷ་བྲིས་མཁས་དབང་ཞིག་ཡིན།

དྲི་བ། རྒན་ལགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ལྷ་བྲིས་ཀྱི་སྐོར་ལ་སྦྱང་པ་ལོ་ག་ཚོད་གནང་བ་དང༌། བོད་ནང་ནས་ལྷ་བྲིས་སྐོར་ལ་ཕྱག་ལས་གནང་བ་བཅས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ང་ལོ་བཅུ་བཞི་ནས་ཉེར་བརྒྱད་བར་ལོ་༡༤ རིང་ལྷ་སྦྱངས་པ་རེད། བརྒྱུད་པ་དེ་སྨན་བྲིས་ཡིན་པ་དང༌། དེ་ཡང་ཏྲེ་ཧོར་བྲག་མགོ་རུ་འཁྲུངས་པའི་སྤྲུལ་པའི་ལྷ་བཟོ་གྲགས་ཅན་ནམ་མཁའ་རྒྱལ་གྱི་སློབ་མ་ཚེ་བརྟན་དོན་འགྲུབ་དང༌། དེའི་སློབ་མ་རྒྱ་ངག དེའི་སློབ་མ་ཨ་བོ་མཐུ་སྟོབས། དེའི་སློབ་མ་ངའི་དགེ་རྒན་བློ་བཟང་རྡོ་རྗེ་ལགས་ཡིན་པ་རེད། ལོ་བཅུ་བདུན་གྱི་ཐོག་ནས་དགེ་རྒན་དང་མཉམ་དུ་དར་རྒྱས་དགོན་པའི་བླ་མ་ཞིག་ལ་ལྷ་འབྲི་རུ་འགྲོ་མྱོང༌། དེའི་རྗེས་སུ་དར་རྒྱས་དགོན་པའི་འདུ་ཁང་དུ་ཚོན་བཏང་ནས་ཕལ་ཆེར་ལོ་གཉིས་ལྷག་ཅིག་འགོར་སོང༌། དེ་བཞིན་དགེ་རྩེ་བཀྲ་ལེགས་དགོན་དུ་སོང་ནས་ཀཿཐོག་ཕྱག་ཚ་སྤྲུལ་སྐུ་ལ་བཀའ་བརྒྱད་དཔལ་དགུའི་ཐང་ག་བྲིས་པ་ཡིན། ངའི་རྒན་གྱི་མཚན་ལ་བློ་བཟང་རྡོ་རྗེ་ཟེར་ཞིང་ཕུར་ལྕོགས་བྱམས་པ་རིན་པོ་ཆེ་དང་ཧ་ཅང་ཉེ་པོ་ཡོད་པར་མ་ཟད། ཁོང་ལ་ཐང་ག་ཡང་མང་པོ་བྲིས་ཡོད་པ་རེད། ང་ལོ་ཉེར་བརྒྱད་ཐོག་རྒན་དགོངས་པ་རྫོགས་པ་དང་ལོ་གཉིས་ལས་ཀ་མཇུག་སྐྱོང་རྒྱུ་སོགས་བྱས། ལོ་སུམ་ཅུའི་ཐོག་གྲྭ་ས་རུ་ཡོང་ནས་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁམས་ཚན་དུ་ཞུགས་པ་ཡིན་ཡང༌། ང་རང་གི་དམིགས་ཡུལ་བཞིན་དཔེ་ཆ་བལྟ་རྒྱུ་མ་བྱུང་བར་གྲྭ་ས་ནས་ཀྱང་ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ་མཆོག་གི་བཀའ་གསུང་ཟློག་མ་ཐུབ་པར་ཐང་ག་བྲིས་པ་ཡིན་ལ༑ དེ་མཚུངས་ཕ་ཡུལ་ནས་གྲྭ་པ་སུམ་ཅུ་ཙམ་ཞིག་ང་སླེབས་ཚར་བའི་རྗེས་སུ་སླེབས་སོང་བས་གྲྭ་ས་རུ་ཕ་ཡུལ་གཅིག་པ་རྒན་པ་དེ་འདྲ་རྟེན་ས་སུ་གཅིག་ཀྱང་ཡོད་པ་མ་རེད། དེར་བརྟེན་ང་རང་གིས་ཐུབ་ཚོད་ཀྱིས་རོགས་པ་མི་བྱེད་ཀ་མེད་ཆགས་སོང༌། གསར་དུ་སླེབས་པ་རྣམས་ཀྱིས་དགོངས་ཞུ་དང་ཁྲོམ་ལ་འགྲོ་ཆོག་གི་མ་རེད། སྐབས་དེ་དུས་རྒྱ་དམག་སླེབས་ཚར་བ་ཡིན་སྟབས་འབྲུ་རིགས་གོང་ཆེན་པོ་ཡིན་པ་དང༌། ཉོ་རུ་ཡང་ལྷ་སར་འགྲོ་དགོས་པ་སོགས་ལས་ཀ་རྐྱང་པ་བྱས་ནས་དཔེ་ཆ་ཡག་པོ་བལྟ་རྒྱུ་མ་བྱུང་བར་གྲྭ་སར་ལོ་དྲུག་བསྡད་པ་ཡིན།

དྲི་བ། རྒན་ལགས་བཙན་བྱོལ་དུ་ཇི་ལྟར་ཕེབས་པ་དང་བཙན་བྱོལ་ནང་དུ་ལྷ་བྲིས་གནང་བའི་སྐོར་མདོར་བསྡུས་ཤིག་གསུང་རོགས།

ལན། ལྔ་བཅུ་ང་དགུའི་ལོ་རྒྱ་དམག་གིས་ལྷ་སར་དཔུང་འཇུག་བྱས་པའི་ཚེ་ང་ཚོ་གྲྭ་པ་ཁ་ཤས་ཉེན་གཡོལ་དུ་ཡོང་བ་ཡིན། འོན་ཀྱང་གང་དུ་འགྲོ་དགོས་དེ་འདྲ་བསམ་བློ་གང་ཡང་ཡོད་པ་མ་རེད། སྐྱིད་ཆུའི་ཕར་ནང་དུ་ཕྱིན་ནས་ཉིན་གཅིག་གི་རྗེས་སུ་མི་ཚང་ཞིག་གི་ནང་དུ་ལྟོ་བཟའ་བར་འགྲོ་བའི་ཚེ་མི་ཚང་དེས་ྋརྒྱལ་བ་རིན་པོ་ཆེ་དང༌། མ་ཡུམ། བོད་གཞུང་བཀའ་ཤག་བཅས་བོད་གཞུང་གི་ཡོད་ན་མེད་ན་ཚང་མ་ཕེབས་ཚར་སོང་ཞེས་བཤད་བྱུང་བས་ང་ཚོ་ཡང་འགྲོ་ས་ཞིག་ཡོད་པ་རེད་ཅེས་དེ་ནས་རྒྱ་གར་དུ་ཡོང་བ་རེད། རྒྱ་གར་གྱི་ས་མཚམས་མུ་ས་མ་རིར་སླེབས་སྐབས་ཚ་བ་ཧ་ཅང་ཆེན་པོ་འདུག བླ་མ་མཁྱེན། ས་དེར་བོད་མི་ཞེ་དྲག་མང་པོ་གྲོངས་པ་རེད། དེར་ཟླ་བ་དྲུག་བསྡད་རྗེས་སྒང་ཏོག་ཏུ་སོང་ནས་ལོ་གསུམ་ཙམ་བསྡད་པ་ཡིན། ཕྱིས་སུ་དྷ་ལ་ཧོ་སི་རུ་ཡོང་སྐབས་ཀཻ་ལ་ཤ་སྤྲུལ་སྐུའི་སློབ་གྲྭ་ཞེས་པ་ཞིག་ཡོད་པ་དེར་ཆོས་བརྒྱུད་རིས་མེད་ཀྱི་སྤྲུལ་སྐུ་དགུང་ན་ཆུང་བ་མང་པོ་ཞིག་ཡོད་པ་རེད། དེ་དག་གི་སློབ་ཚན་ནང་དུ་ལྷ་བྲིས་སྐོར་ཡོད་པ་དང་དེའི་དགེ་རྒན་ཞིག་དགོས་པས་ང་དེ་རུ་ཡོང་རོགས་གསུངས་པ་ལྟར་སོང་བ་ཡིན། ས་ཆ་དེ་དབྱར་ཁ་ཧ་ཅང་སྐྱིད་པས་དབྱར་ཁ་ཐམས་ཅད་ལ་དེ་རུ་བསྡད། དགུན་ཁ་རྣམས་སུ་ལྡི་ལི་ནས་དཔག་བསམ་འཁྲི་ཤིང་སོགས་སྐྱ་བྲིས་རྒྱག་རྒྱུའི་ལས་ཀ་མང་པོ་ཞིག་བྱས་ནས་ལོ་དགུ་ཙམ་བསྡད་པ་ཡིན། ༡༩༧༤ ལོར་དྷ་རམ་ས་ལར་ཤོག་ཅེས་སྐུ་སྒེར་ཡིག་ཚང་ནས་བཀའ་ཡིག་ཕེབས་པ་ལྟར་བཅར་བ་དང༌། ཐོག་མ་དུས་འཁོར་གྱི་སྐུ་གཙོ་བོ་ལ་ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚད་ཡོད་པ་དང༌། བླ་རྒྱུད་ཆ་ཚང་ཡོད་པའི་ཐང་ག་ཆེན་པོ་ཕི་ཊི་བཅོ་བརྒྱད་ཡོད་པ་ཞིག་བྲིས་པ་ཡིན། དེ་ལས་གཞན་པའི་ཐང་ག་ཡང་མང་པོ་བྲིས་ནས་ལོ་གསུམ་བསྡད་པ་ཡིན།

དྲི་བ། དཔེ་མཛོད་ཁང་གི་ལྷ་བྲིས་དགེ་རྒན་ག་དུས་ནས་གནང་བ་རེད།

ལན། སྐུ་སྒེར་ཡིག་ཚང་དུ་ལོ་གསུམ་བསྡད་པའི་རྗེས་སུ་དཔེ་མཛོད་ཁང་གི་སྐབས་དེའི་འགན་འཛིན་རྒྱ་མཚོ་ཚེ་རིང་ལགས་ཀྱིས་མི་བཞི་ལ་རོགས་རམ་ཞིག་རག་འདུག ཁྱོད་རང་དཔེ་མཛོད་ཁང་དུ་སོང་ནས་ལྷ་བྲིས་དགེ་རྒན་གྱིས་གསུངས་པ་བཞིན་ལྷ་བྲིས་དགེ་རྒན་བྱས་ནས་ད་བར་བསྡད་པ་ཡིན། ཕལ་ཆེར་༡༩༩༨ ལོ་ཙམ་ལ་དཔེ་མཛོད་ཁང་གི་དབུ་འཛིན་གསར་པ་བརྗེས་པ་རེད། ཕྱིས་སུ་ཁོང་གིས་ལྷ་བྲིས་སློབ་གྲྭ་མཚམས་བཞག་ནས་ལོ་བརྒྱད་རེད་འདུག ཁྱོད་ཀྱིས་ཁང་པ་ལ་ཁང་གླ་སྤྲད་མི་འདུག ཅེས་ཞེ་བོ་འགའ་གསུང་གི་འདུག སློབ་གྲྭ་མཚམས་ག་འདྲ་བཞག་པ་རེད་ཅེ་ན། དང་པོ་ལྷ་བྲིས་སློབ་གྲྭ་ང་ཚོ་མ་གཏོགས་ཡོད་པ་མ་རེད། ཕྱིས་སུ་ཟུར་གསོག་ཏུ་བོད་ནས་ཚུར་ཕེབས་པའི་ལྷ་བྲིས་ཆེན་མོ་རིག་འཛིན་དཔལ་འབྱོར་ལགས་ཀྱིས་གཅིག་བཙུགས། དེའི་རྗེས་སུ་ནོར་བུ་གླིང་ག་རུ་ལྷ་བྲིས་ཀྱི་སློབ་གྲྭ་གཅིག་བཙུགས་ནས་ཁག་གཉིས་ཡོད་སྟབས་ང་ཚོས་ྋརྒྱལ་བ་རིན་པོ་ཆེ་ལ་ཐང་ག་འབྲི་རྒྱུ་ཡོད་ན་དེའི་ཞབས་ཞུ་ཡག་པོ་ཞིག་བསྒྲུབ་རྒྱུ་བྱས་ནས་མཚམས་བཞག་པ་རེད། དཔེ་མཛོད་ཀྱི་འགན་འཛིན་ལྷན་ཚོགས་ཟེར་བ་ཞིག་ཡོད་པ་རེད། དེའི་ནང་དུ་རྒྱ་མཚོ་ཚེ་རིང་ལགས་དང༌། ཟམ་གདོང་རིན་པོ་ཆེ་སྐབས་དེ་དུས་སྤྱི་འཐུས་ཚོགས་གཙོ་རེད། མདོ་སྔགས་བསྟན་འཛིན་བཅས་འགན་འཛིན་ལྷན་ཚོགས་རེད། ཁོང་ཚོས་ང་ལ་ལྷ་བྲིས་སློབ་གྲྭ་དེ་མཚམས་བཞག་ཀྱང་གང་དུ་ཡང་མ་འགྲོ་འདིར་སྡོད། ྋརྒྱལ་བ་རིན་པོ་ཆེ་ལ་ཞབས་ཞུ་ཞུ་རྒྱུ་དེ་མུ་མཐུད་ནས་ཞུས། དཔེ་མཛོད་ལ་ལྷ་འབྲི་རྒྱུ་དང་རོགས་བྱེད་དགོས་པ་དེ་ཚོ་གྱིས། དེའི་རྗེས་སུ་མི་རིགས་སུ་ཡིན་ཡང་ལྷ་བྲིས་དང་དཔེ་མཛོད་ཀྱི་སྐོར་སྐད་ཆ་འདྲི་མཁན་བྱུང་ན་དེ་ཚོ་ལ་འགྲེལ་བཤད་ཡག་པོ་རྒྱོབ། ཁྱོད་རང་ལ་གླ་ཡར་འཕར་རྒྱུ་ཡང་མེད། མར་ཆུང་རྒྱུའང་མེད་སྒོར་༥༥༠༠ རེ་ཡོད་ཅེས་ཡི་གེ་ཞིག་བཟོས་ནས་གཅིག་སྐུ་སྒེར་ཡིག་ཚང་དུ་ཕུལ་བ་དང༌། གཅིག་དཔེ་མཛོད་ཁང༌། གཅིག་ང་ལ་སྤྲད་བྱུང༌། ང་དེ་འདྲ་བྱས་ནས་བསྡད་ཡོད་མ་གཏོགས། ང་རང་གིར་བྱས་ནས་བསྡད་མེད་ཅེས་དཔེ་མཛོད་དབུ་འཛིན་ལ་ཞུས་པའི་ཚེ་ཁོང་གིས་གང་ལྟར་ཁང་པ་ཡིན་གཅིག་མིན་གཅིག་སྤྲོད་དགོས། གལ་སྲིད་མ་སྤྲད་ན་༡༩༨༤ ནས་སོ་སོའི་གླ་ཆའི་ནང་ནས་བརྒྱ་ཆ་ཞིག་དང༌། དེའི་སྟེང་ནས་དཔེ་མཛོད་ཀྱིས་བརྒྱ་ཆ་ཞིག་བསྣན་ནས་དངུལ་ཁང་དུ་བཅོལ་འཇོག་བྱས་པའི་གསོག་དངུལ་དེར་སྒོར་འབུམ་བཅུ་དང་ཁྲི་བཞི་ཙམ་ཞིག་འདུག དེ་མར་སྤྲད་ཀྱི་མིན་གསུང་གི་འདུག དེ་ནས་ཁང་པ་ཕར་སྤྲོད་དགོས་བྱུང་སོང༌། ཁང་པ་ཕར་སྤྲོད་དགོས་བྱུང་དུས་ང་ལ་སློབ་ཕྲུག་མང་པོ་ཞིག་ཡོད་པ་རེད། ཁོང་ཚོ་གཡུགས་བཞག་ན་འགྲིག་གི་མི་འདུག སློབ་ཕྲུག་མང་པོ་ཡོང་དགོས་པའི་རྒྱུ་མཚན་ང་ལ་གང་དུ་ཡང་མ་འགྲོ་ཞེས་གསུངས་པ་ཡིན་སྟབས་བསྡད་པའི་ཚེ་མི་མང་པོ་ཡོང་ནས་ལྷ་ཞིག་སློབ་རོགས་ཞེས་སླེབས་ཡོང་དུས་མིན་ཞེས་ལབ་ཤེས་ཀྱི་མི་འདུག སློབ་ཡོན་ནི་གཅིག་ཀྱང་ལེན་གྱི་མེད། སློབ་ཕྲུག་དེ་ཚོ་ཚང་མ་འཕྲོ་བརླག་རེད་འགྲོ་ཡི་འདུག་བསམས་ནས་ཁང་པ་ཞིག་ཐབས་ཤེས་བྱས་པ་ཡིན། ཁང་གླ་ལོ་གཅིག་ལ་སྒོར་ཁྲི་དྲུག་དང་སྟོང་དྲུག་ཙམ་ཞིག་རེད་འདུག དེ་ང་རང་རང་གིས་སྤྲད་པ་ཡིན།

དྲི་བ། ད་ལྟ་སློབ་གྲྭ་དེའི་གནས་སྟངས་ལ་དཔགས་ན་མ་འོངས་པར་རེ་བ་ཆེན་པོ་ཡོད་དམ།

ལན། སློབ་གྲྭ་དེ་ལོ་གཅིག་འཁོར་སོང༌། ད་ལྟ་ཁེ་ན་ཌའི་མི་ཞིག་གིས་སྒོར་མོ་ཁྲི་བཞི་ཞིག་སྤྲད་བྱུང༌། དེའི་རྗེས་སུ་ངའི་དགེ་ཕྲུག་ཨ་རི་དང་ཁེ་ན་ཌ་སོགས་སུ་ཡོད་པ་རེད། ཁོང་ཚོར་ང་ལ་དཀའ་ངལ་འདི་འདྲ་ཞིག་འཕྲད་སོང༌། ཁྱེད་ཚོས་ཟླ་བ་རེ་ལ་ཌོ་ལོར་བཅོ་ལྔ་རེ་སྤྲད་རོགས་ཞེས་ཡི་གེ་བསྐུར་བ་ཡིན། དེ་འབྲེལ་གྱིས་ཁོང་རྣམ་པས་ཀྱང་ཡིན་དང་ཡིན་ཞེས་ཌོ་ལོར་༡༨༠༠ ཞིག་རག་བྱུང༌། གཞན་ཨ་རི་བ་ཞིག་གིས་ཌོ་ལོར་༡༠༠༠ ཞིག་བསྐུར་ཡོད་པ་འདྲ། གང་ལྟར་ཁང་གླ་སྤྲད་རྒྱུ་ཞིག་ཏག་ཏག་འགྲིག་པ་ཙམ་གྱིས་ཀྱང་མི་ཚད་པའི་བཟོ་འདྲ་ཞིག་འདུག ད་ལྟ་སློབ་གྲྭ་ཡག་ཐག་ཆོད་བྱུང་ཡོད་ལ༑ ད་ལྟའི་ཆར་སློབ་མ་སུམ་ཅུ་ཡར་མར་ཞིག་ཡོད། དེའི་ནང་དུ་སེམས་ཤུགས་ཆེན་པོ་དང་གཤིས་ཀ་ཡག་པོ་དེ་འདྲ་ཡོད། ཁོང་ཚོའི་ནང་ནས་རྒན་བདག་ཅིག་བཞག སྒྲིག་གཞི་ཞིག་བཟོས་དེ་འདྲ་བྱས་འདུག་པས་མ་འོངས་པར་རེ་བ་ཆེན་པོ་བྱེད་ཆོག་པ་ཞིག་འདུག

དྲི་བ། རྒན་ལགས་ཀྱིས་དཔེ་མཛོད་ཁང་ལྷ་བྲིས་སློབ་གྲྭ་ནས་སློབ་མ་མང་པོ་ཞིག་སྐྱེད་སྲིང་གནང་ཡོད་པ་རེད། དེ་ཡིན་དུས་སློབ་མ་དེ་ཚོའི་ནང་དུ་རྒན་ཁྱེད་རང་གི་ཐུགས་འདོད་ཡོངས་སུ་ཚིམ་པའི་སློབ་མ་དེ་འདྲ་བྱུང་ཡོད་དམ།

ལན། སློབ་མ་དེ་ཚོའི་ནང་དུ་སོ་སོའི་འདོད་པ་ཚིམ་པ་དཔེ་མི་སྲིད་པའི་ཡག་པོ་དེ་འདྲ་ཡོད། ཁ་ཤས་ཀྱིས་ལོ་གསུམ་གྱི་ནང་དུ་ཧ་ལས་པའི་ལྷ་བྲིས་ཡག་པོ་ཤེས་འགྲོ་ཡི་འདུག འཇམ་དགའ་ཟེར་བ་ཞིག་དང༌། ཚེ་འཕེལ་ཟེར་བ་ཞིག་ཡོད། ཁོང་གཉིས་ལ་མཚོན་ན་ལྷ་བྲིས་རྩེ་དྲས་ནང་གི་རྩེ་དྲས་རེད། གཞན་ཡང་ངའི་སློབ་མ་ལྷ་བཟོ་ཧ་ལས་པའི་ཡག་པོ་དེ་འདྲ་མང་པོ་བྱུང་ཡོད།

དྲི་བ། རྒན་ལགས་ཀྱིས་སློབ་མ་ལྷ་བཟོ་རང་འགོ་ཐོན་པ་གྲངས་ག་ཚོད་ཅིག་སྐྱེད་སྲིང་གནང་ཟིན་ཡོད་གསུང་རོགས།

ལན། སྔོན་མ་བོད་པ་རྐྱང་པ་ལྷ་རིས་རང་འགོ་ཐོན་པ་ཕལ་ཆེར་༢༨ ཙམ་ཞིག་ཐོན་ཡོད་པ་དང༌། ད་ལྟའི་འདི་དག་གསར་པ་རེད། འདིའི་ནང་དུའང་རང་འགོ་ཐོན་ཤག་ཤག་བརྒྱད་དགུ་ཞིག་འདུག གསར་པ་སྦྱང་མཁན་ཡང་མང་པོ་ཡོད་པ་དང་གོང་དུ་ཞུས་པ་བཞིན་སློབ་མ་གྲངས་༣༡ ཙམ་ཞིག་ཡོད་པ་རེད།

དྲི་བ། མི་རིགས་གཞན་པའི་ནང་དུ་རྒན་ལགས་ཀྱི་སློབ་མ་ལྷ་བྲིས་པ་གྲངས་ག་ཚོད་ཙམ་ཡོད། ལན། མི་རིགས་གཞན་པའི་ནང་དུ་ངའི་དགེ་ཕྲུག་འཇར་པན་ནས་ཡོད། དེ་བཞིན་སོག་པོ་ཁལ་མིག་ནས་ཡོད། བྷོ་རི་ཡ་ཐི་ནས་ཡོད། ལྷོ་ཀོ་རི་ཡ་ནས་ཡོད། ར་ཤི་ཡ་ནས་ཀྱང་ཡོད།

དྲི་བ། ཏྲེ་ཧོར་ཡུལ་གྱི་སྤྲུལ་པའི་ལྷ་བཟོ་རུ་གྲགས་པ་ནམ་མཁའ་རྒྱས་ཀྱི་ལོ་རྒྱུས་དང་ཁོང་གི་སྒྱུ་རྩལ་སྐོར་རྒན་ལགས་སུ་རྒྱུས་མངའ་ཡོད་དམ།

ལན། ནམ་མཁའ་རྒྱས་ཀྱི་སྐོར་གོ་མྱོང་བ་ཙམ་ལས་མཐོང་མྱོང་ཡོད་པ་མ་རེད་དེ། ཁོང་ཏྲེ་ཧོར་བྲག་མགོ་རུ་འཁྲུངས་པ་རེད། ཁོང་གིས་བྲིས་པའི་ཐང་ག་ཁ་ཤས་མཐོང་མྱོང༌། དེ་ཚོ་སུ་གཅིག་གིས་འགྲན་མི་བཟོད་པ་ཞིག་རེད། སྤྲུལ་པའི་ལྷ་བཟོ་ཡིན་ཐག་ཆོད་ཡིན་ས་རེད། རིག་གནས་ཚང་མ་ལ་ཐོགས་པ་མེད་པ་ཞིག་རེད་འདུག ཁོང་གི་སློབ་མ་ཚེ་བརྟན་དོན་གྲུབ་ཟེར་བ་ཞིག་ཡོད་པ་དང༌། དེའི་སློབ་མ་རྒྱ་ངག་ཟེར་བ་དང༌། རྒྱ་ངག་གིས་སློབ་མ་ཨ་བོ་མཐུ་སྟོབས་ཟེར་བར་བསླབས། ཁོང་གིས་ངའི་རྒན་བློ་བཟང་རྡོ་རྗེ་ལགས་སུ་བསླབས་པ་རེད། ད་ནས་མི་ཐོག་གསུམ་བཞི་ཞིག་འགྲོ་ཡི་ཡོད་པ་རེད།

དྲི་བ། ནམ་མཁའ་རྒྱས་ནས་བརྒྱུད་པ་ཡོངས་གྲགས་ཧོར་ལྷ་ཞེས་པ་དེ་བོད་ཀྱི་སྲོལ་རྒྱུན་གྱི་ནང་དུ་ཀརྨ་སྒར་བྲིས་དང༌། སྨན་བྲིས་སོགས་ལུགས་ཁ་ཤས་ཤིག་ཡོད་པའི་ནང་ནས་གང་དུ་གཏོགས་པ་རེད།

ལན། ང་ཚོའི་བརྒྱུད་པ་དེ་སྨན་བྲིས་ཀྱི་བརྒྱུད་པ་ལས་བྱུང་བ་ཞིག་རེད། དེ་ཡང་ཐོག་མ་ལྷོ་བྲག་སྨན་ཐང་པའམ། སྨན་བླ་དོན་གྲུབ་ཅེས་ཡ་མཚན་པའི་ལྷ་བྲིས་ྋརྒྱལ་དབང་དགེ་འདུན་གྲུབ་དང་དུས་མཉམ་པ་ཞིག་བྱུང་བ་དང༌། ཁོང་གི་ཕྱག་སྲོལ་ལ་སྨན་བྲིས་ཟེར་བ་རེད། སྨན་བྲིས་ལ་ཡང་སྨན་རྙིང་དང་སྨན་གསར་ཟེར་བ་གཉིས་བྱུང་ཡོད་པ་རེད། སྨན་རྙིང་དེ་དབུས་ཁུལ་ནས་འབྲི་སྲོལ་ཞིག་ཡིན་པ་དང༌། སྨན་གསར་དེ་གཙང་ཁུལ་གྱི་འབྲི་སྲོལ་ལྟ་བུ་ཆགས་ཡོད་པ་རེད། དེ་གཉིས་ལ་ཁྱད་པར་ནི་གཙང་ཁུལ་གྱི་འབྲི་སྲོལ་ལ་རི་མོ་མང་པོ་ཞེ་དྲག་ཡོད་པ་དང༌། གསེར་རིས་དེ་ཙམ་མང་པོ་ཡོད་པ་མ་རེད། སྨན་རྙིང་དེ་ལ་རི་མོ་ཞེ་དྲག་མང་པོ་མེད་པ་དང་གསེར་རིས་ཧ་ལས་པའི་རྒྱས་པོ་དེ་འདྲ་བརྒྱབ་ཡོད་པ་རེད།

དྲི་བ། མཐའ་དོན་རྒན་ལགས་ཀྱིས་བོད་རིགས་སྲོལ་རྒྱུན་གྱི་ཐང་ག་རྒྱུན་འཛིན་གནང་མཁན་རྣམས་ལ་འབོད་སྐུལ་ཞུ་རྒྱུ་གང་ཡོད་དམ།

ལན། ཐང་ག་འབྲི་མཁན་ཚང་མ་ལ་རེ་རེ་བཞིན་ཕ་བཟང་བུ་ལྷ་དེ་ཡག་པོ་ཞིག་འབྲི་རོགས། གཙོ་བོ་དེ་ཐིག་ཚད་དང་ལྡན་པ་ཞིག་འབྲི་རོགས་ཞུ་རྒྱུ་ཡིན། ང་ལ་མཚོན་ན་ཐིག་རྩ་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་དཀར་གཡའ་སེལ་གཙོ་བོར་འཛིན་བཞིན་ཡོད། གཞན་པའི་ཐིག་རྩའི་དཔེ་ཆ་མང་པོ་ཡོད་པ་རེད་དེ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་དཀར་གཡའ་སེལ་དེ་དཔེ་མི་སྲིད་པའི་ཞིབ་ཚགས་པོ་ཞིག་གསུངས་ཡོད་པ་རེད། དཔེར་ན་དུས་འཁོར་རྩ་རྒྱུད་ཀྱི་ནང་དུ་སངས་རྒྱས་ཀྱི་སྐུ་ཚད་དེ་སོར་བརྒྱ་དང་ཉི་ཤུ་རྩ་ལྔ་ཞེས་གསུངས་ཡོད་པ་རེད། བདེ་མཆོག་སྡོམ་འབྱུང་གི་ནང་དུ་སོར་བརྒྱ་དང་ཉི་ཤུ་ཐམ་པ་གསུངས་ཡོད་པ་རེད། གཉིས་ཀ་གསུང་མཁན་སངས་རྒྱས་ཡིན་པ་དང༌། གསུང་རྒྱུའི་སྐུ་སངས་རྒྱས་ཀྱི་སྐུ་ཡིན་པ་རེད། དེ་ཡིན་དུས་མང་ཆེ་བ་ཞིག་གིས་བརྒྱ་དང་ཉི་ཤུ་རྩ་ལྔ་དེ་སངས་རྒྱས་ཀྱི་སྐུ་རེད། བརྒྱ་དང་ཉི་ཤུ་དེ་བྱང་སེམས་ཀྱི་སྐུ་རེད་ཅེས་འགྲེལ་བཤད་གནང་གི་ཡོད་ནའང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱ་གར་ནས་བཟོས་པའི་གསེར་སྐུ་ལི་མ་དང༌། ལྷ་སའི་ཇོ་བོ་རིན་པོ་ཆེ་བཟོ་བོའི་རྒྱལ་པོ་མཆོག་གིས་ཕྱག་བཟོ་དང༌། སྟོན་པ་མཆོག་གིས་རབ་གནས་གནང་བ་ཞིག་ཡིན་པས་ཁོང་གིས་དེ་ཚོ་ལ་ཚད་བརྒྱབ་ནས་ཞིབ་འཇུག་གནང་ཡོང་དུས་བརྒྱ་དང་ཉི་ཤུ་རྩ་ལྔ་དེ་འབུར་སྐུ་ཡིན་པ་དང༌། བརྒྱ་དང་ཉི་ཤུ་ཐམ་པ་དེ་བྲིས་སྐུ་ཡིན་པ་བཅས་བྲིས་འབུར་གྱི་ཁྱད་པར་ཙམ་ལས་སངས་རྒྱས་བྱང་སེམས་གཉིས་ལ་ནང་རྟོགས་པའི་ཐོག་ནས་ཁྱད་པར་ཡོད་ཀྱང༌། སྐུའི་ཆ་ཚད་ཀྱི་ཐོག་ནས་ཁྱད་པར་མེད་ཚུལ་སྐོར་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་ཡོད་པ་རེད། ང་རང་གིས་དགེ་ཕྲུག་རྣམས་ལ་བཻ་དཀར་གཡའ་སེལ་གྱི་ཐོག་ནས་ཁྲིད་ཀྱི་ཡོད། སྔོན་ྋརྒྱལ་བ་རིན་པོ་ཆེ་མཇལ་ཁ་ཞུ་བའི་སྐབས་ཤིག་ལ་ཁོང་གིས་ཁྱོད་ཀྱིས་ཁྲིད་རྒྱུན་གང་འདྲ་ཡིན་གསུངས་པའི་ཚེ་གོང་དུ་ཞུས་པ་རྣམས་ཞུས་པ་དང༌། ཐིག་རྩ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་དཀར་གཡའ་སེལ་ལྟར་ལག་ལེན་བྱེད་ཀྱི་ཡོད་ཞུས་ཚེ། དེ་དཔེ་མི་སྲིད་པའི་ཡག་པོ་རེད་ཅེས་ཧ་ཅང་ཐུགས་མཉེས་པོ་གནང་གི་འདུག དེ་བཞིན་ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཐིག་རྩ་དེ་ཡག་པོ་ཞེ་དྲག་ཡོད་པ་རེད། དཔེར་ན་སྔོན་མ་འདི་འདྲ་ཞིག་བཤད་ཡོད་ཀྱང་དེ་འདྲ་རེད་མི་འདུག དེའི་རྒྱུ་མཚན་དང་ཁུངས་འདི་འདྲ་ཡིན་ཞེས་གསལ་པོ་གསུངས་ཡོད་པ་རེད། དེ་ཡིན་དུས་ལྷ་བྲིས་པ་རྣམས་ཀྱིས་གཙོ་བོ་ཚད་དང་མཚན་ཉིད་ཀྱི་ཐོག་ལ་ཡང་ཐུགས་བསམ་བཞེས་རོགས་ཞུ་རྒྱུ་ཡིན།།

 

Leave a Reply

Your email address will not be published. Required fields are marked *