བོད་རིཊ་ཡིན་ནོ་ཅོག་ལ་རང་སྐྱོང་གི་གནས་བབས་གཅིག་གྱུར་ཞིག་ཡོང་དགོས།
བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་ལམ་དབུ་མའི་སྲིད་བྱུས་སྐོར་གྱི་བཅར་འདྲི།
དྲི་བ། ལམ་དབུ་མ་དེ་ྋགོང་ས་མཆོག་གི་དགོངས་གཞི་དང་བོད་མི་མང་གི་རེ་འདུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་རླབས་ཆེན་ཞིག་ཡིན་ཡང༌། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་དེ་ཙམ་གྱི་དོ་སྣང་དང་རྒྱུས་མངའ་མེད་པའི་རྣམ་པ་ཞིག་མཐོང་གི་འདུག་ན། ལམ་དབུ་མའི་ངོ་བོ་དང་དགེ་མཚན་བཅས་ངོ་སྤྲོད་ཅིག་གནང་རོགས།
ལན། སྤྱིར་བཏང་ལམ་དབུ་མའི་ངོ་བོ་དེ་ཕལ་ཆེར་མ་མཁྱེན་པ་མེད་པ་གསལ་པོ་རེད་བསམ་གྱི་འདུག ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པའི་ལམ་སྲོལ་དང་གནས་ཚུལ་འདིས་བོད་མི་སུ་གང་གི་བློ་ཁ་གང་གི་ཡོད་པ་མ་རེད། ད་ལྟ་ནང་བཞིན་སྡོད་རྒྱུ་དེ་མཐའ་གཅིག་རེད། ༡༩༥༩ སྔོན་གྱི་རང་དབང་རང་བཙན་གཙང་མའི་གནས་བབས་བསྐྱར་གསོ་བྱེད་རྒྱུ་དེ་མཐའ་གཅིག་རེད། བྱས་ཙང་ད་ལྟའི་གནས་སྟངས་དེ་ཡང་འགྲིག་གི་མི་འདུག རང་བཙན་བསྐྱར་གསོ་བྱས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་བྲལ་ཡང་བྱེད་རྒྱུ་མིན་ཞེས་མཐའ་དེ་གཉིས་སྤངས་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་དུ་བསྡད་པ་གང་ཞིག་ལ། བོད་རིགས་ཡིན་ནོ་ཅོག་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་དང་ལྡན་པ་ཞིག་བསྒྲུབ་རྒྱུ་དེ་དབུ་མའི་ལམ་གྱི་དམིགས་ཡུལ་དང༌། དེ་བསྒྲུབ་པའི་ཐབས་ལམ་དེ་ལ་དབུ་མའི་ལམ་ཞེས་ལབ་ཀྱི་ཡོད་པ་རེད། དབུ་མ་ཞེས་པ་མཐའ་གཉིས་དང་བྲལ་བ་ཞིག་དགོས་ཀྱི་ཡོད་པ་བཞིན་གོང་དུ་ཞུས་པའི་མཐའ་གཉིས་པོ་དེ་རེད། ས་ཁུལ་གྱི་ཆ་ནས་བྱས་པ་ཡིན་ན་བོད་མི་ས་ཡ་དྲུག་ལ་དགོས་ངེས་འདང་ངེས་ཀྱི་ས་ཁུལ་ཞིག་ཡོད་དགོས་པ་དང༌། ཡང་སྔ་མའི་ལོ་རྒྱུས་ལ་བསྙེས་ནས་རྒྱ་ཡི་མཆོད་རྟེན་དཀར་པོ་ཡན་ཆད་ཟེར་བའི་བཟོ་འདྲ་པོ། བར་བརྒལ་གྱི་དུས་སྐབས་ལ་མེད་པའི་རྒྱ་ཆེན་པོ་དེ་འདྲ་རྩོད་ལེན་མི་བྱེད་པ་དེ་ས་ཁྱོན་གྱི་ཆ་ནས་དབུ་མ་རེད། རང་སྐྱོང་གི་ཆ་ནས་མི་རིགས་རང་སྐྱོང་ཁོ་ནས་ཀྱང་མི་འགྲིག་པ་དང༌། ས་གནས་རང་སྐྱོང་ཁོ་ནས་ཀྱང་མི་འགྲིག་པ། མི་རིགས་དང་ས་གནས་རང་སྐྱོང་གི་གནས་བབས་གཉིས་ཆ་མཉམ་དུ་ཡོད་དགོས་པ་ཞིག་དང༌། ཆབ་སྲིད་ལམ་སྲོལ་གྱི་ཆ་ནས་བྱས་ན་ད་ལྟ་རྒྱ་མིས་སྐྱོང་བཞིན་པའི་ལམ་སྲོལ་དེས་ཀྱང་མི་འགྲིག་པ་དང༌། ༡༩༥༩ ལོའི་སྔོན་གྱི་བོད་གཞུང་གི་ཆབ་སྲིད་ཀྱི་ལམ་ལུགས་དེས་ཀྱང་མི་འགྲིག་པ། དེང་རབས་མང་གཙོ་ཚད་དང་ལྡན་པ་ཞིག་དགོས་པ་དེ་ལ་དབུ་མའི་ལམ་ཟེར་གྱི་ཡོད་པ་རེད། དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་ལྟེ་བ་དེ་ྋསྐྱབས་མགོན་རིན་པོ་ཆེས་བཀའ་གནང་བའི་ཞི་བའི་དོན་ཚན་ལྔ་དང༌། སི་ཊ་སི་སྦག་གི་གསུང་བཤད་གཉིས་པོ་དེ་རེད། དེའི་རྗེས་སུ་རིམ་པས་དབུ་མའི་ལམ་གྱི་ཞིབ་ཕྲའི་གནས་སྟངས་ཀྱི་ཐོག་ལ་འགྱུར་བ་དང་ཡར་རྒྱས་མང་པོ་ཕྱིན་ཡོད་པ་དེ་ཚོ་ྋསྐྱབས་མགོན་རིན་པོ་ཆེའི་གསུམ་བཅུའི་དུས་ཆེན་གྱི་གསུང་འཕྲིན་ཁག་དང༌། བཀའ་ཤག་གི་གཏམ་བཤད་ཁག་ལ་གཟིགས་པ་ཡིན་ན། ཡན་ལག་ཕྲ་ལ་ཕྲན་བུ་གང་དང་གང་འགྱུར་བ་ཕྱིན་ཡོད་པ་དེ་གཟིགས་ཐུབ་ཀྱི་རེད།
དབུ་མའི་ལམ་ལ་དགེ་མཚན་ག་རེ་ཡོད་པ་རེད་ཅེ་ན། དགེ་མཚན་དང་པོ་དེ། འཛམ་བུའི་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པའི་གནས་སྟངས་ཤིག་རེད། དེ་ཡང་བོད་ཀྱི་གནས་སྟངས་དེ་ལྷིང་འཇགས་ཤིག་བྱུང་བ་ཡིན་ན། རྒྱ་དཀར་ནག་གི་འབྲེལ་ལམ་དེ་ཡང་བཟང་དུ་འགྲོ་བ་དང༌། ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་མཐུན་ལམ་དེ་ཡང་བཟང་དུ་འགྲོ་བར་ཕན་ཐོགས་ཡོད་པ་ཡིན་ཙང༌། ཨེ་ཤ་ཡ་ཡོངས་ལ་ཕན་ཐོགས་པ་ཞིག་དང༌། དེ་ལ་བརྟེན་ནས་འཛམ་བུ་གླིང་ཡོངས་ལ་ཕན་ཐོགས་པ་ཞིག བོད་ཀྱི་གནས་བབས་དེ་ཡག་པོ་ཞིག་བྱུང་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚད་དང་ལྡན་པ་ཞིག་བྱུང་ན༑ ཨེ་ཤ་ཡ་དང་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་ལ་ཕན་ཐོགས་ཡོད་པ། བོད་ཀྱི་གནས་བབས་དེ་ཡག་པོ་ཞིག་བྱུང་བ་ཡིན་ན་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པའི་བོད་ཀྱི་ནང་དོན་རིག་པ་དང༌། ཐ་སྙད་རིག་པའི་སྲོལ་རྒྱུན་དེ་ཚོ་ཡང་ཉམས་མེད་དུ་སྐྱོང་ཐུབ་པའི་གནས་སྟངས་ཤིག་ཡོང་རྒྱུ་ཡིན་ཙང་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་ཕན་ཐོགས་ཡོད་པ་ཞིག་རེད། རྒྱ་ནག་ལ་མཚོན་ན་བསྒྲུབ་བྱའི་གཙོ་བོ་དེ་རྒྱལ་ཁབ་ཆིག་སྒྲིལ་དང་བརྟན་ལྷིང་དགོས་པ་ཞིག་ལ་བརྩི་ཡི་ཡོད་པ་རེད། བྱས་ཙང་རྒྱལ་ཁབ་ཆིག་སྒྲིལ་དང་བརྟན་ལྷིང་ཟེར་བ་དེ། མི་རིགས་ཚང་མ་ལ་མཐུན་སྒྲིལ་དང་འདྲ་མཉམ་བྱུང་ན་མ་གཏོགས། བཙན་དབང་གི་འོག་ནས་བརྟན་ལྷིང་ཉི་མ་ཁ་ཤས་བྱེད་ཐུབ་པའི་དབང་དུ་བཏང་ཡང་ཇི་སྲིད་ཀྱི་བར་དུ་ཡོང་ཐབས་མེད་པ་ཞིག་རེད། དེ་ཡིན་ཙང་རྒྱ་ནག་ལ་མཚོན་ནའང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་བརྟན་ལྷིང་ཡོང་ཐབས་ལ་དབུ་མའི་ལམ་བརྒྱུད་ནས་བོད་ཀྱི་གནས་སྟངས་ཐག་གཅོད་བྱུང་བ་ཡིན་ན། བོད་མི་ཚོའི་བློ་ཁ་ཁེངས་པ་དང༌། བོད་མི་ལས་གཞན་པའི་གྲངས་ཉུང་མི་རིགས་གཞན་པ་ཚོ་ལ་ཡང་དེ་དང་མཐུན་པའི་བློ་ཁ་ཁེངས་པའི་ལམ་སྲོལ་ཞིག་བཟོ་ཐུབ་པ་བྱུང་ན། རྒྱ་ནག་གི་ཆིག་སྒྲིལ་དང་བརྟན་ལྷིང་ལ་ཡང་ཕན་ཐོགས་ཆེན་པོ་ཞིག་ཡོད་པ་རེད། ལྷག་པར་དུ་བོད་མི་རིགས་ལ་མཚོན་ན་༡༩༥༤ ལོར་བོད་རང་བཙན་ཤོར་བའི་སྐབས། ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁྱོན་དེ་མ་གཏོགས། དེའི་ཕྱི་ལོགས་ཀྱི་བོད་ཀྱི་ས་ཁུལ་ཚང་མ་དུས་རབས་སྔོན་མའི་ནང་ནས་རིམ་པས་རིམ་པས་རང་བཙན་ཡོད་པའི་བོད་ལས་ཁ་བྲལ་ལམ། རྒྱ་མིའི་འོག་ཏུ་ཕྱིན་ཚར་བ་ཡིན་ཙང་རང་བཙན་བསྐྱར་གསོའི་ལས་འགུལ་ཞིག་ལ་ང་ཚོས་མུ་མཐུད་ཤུགས་བརྒྱབ་ཚེ༑ གལ་སྲིད་རང་བཙན་ཐོབ་པའི་དབང་དུ་བཏང་ཡང་༡༩༥༤ ལོར་ཕར་ཤོར་བའི་རང་བཙན་དེ་ཚུར་ཐོབ་སྲིད་པ་ཞིག་རེད་མ་གཏོགས། དེ་ལས་ལྷག་པ་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་གཅིག་གྱུར་དེ་ཡོང་སྲིད་པ་མ་རེད་ཅེས་བཤད་ན་འགྲིག་གི་མ་རེད་མ་གཏོགས། ཡོང་རྒྱུ་ཧ་ཅང་ཁག་པོ་ཞིག་ཆགས་ཡོད་པ་རེད། ད་ལྟ་དབུ་མའི་ལམ་ནས་བསྒྲུབ་བྱ་དེ་བསྒྲུབ་ཐུབ་པ་ཡིན་ན། བོད་རིགས་ཡོངས་རྫོགས་དེ་སྔ་ཆོས་རྒྱལ་ཚོའི་སྐབས་ནང་བཞིན། ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་བསྒྲིལ་ཐུབ་པ་ཞིག་དང༌། དེ་ལ་བརྟེན་ནས་ཨེ་ཤ་ཡའི་རྒྱལ་ཁབ་ཆུང་ཆུང་གཞན་པ་དེ་ཚོ་དང་མི་འདྲ་བར་རྒྱལ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་སྒྲོམ་གཞིའི་ནང་དུ་བསྡད་པ་ཡིན་ཙང་ཕྱིའི་དཔལ་འབྱོར་ཡར་རྒྱས་དང༌། དེ་བཞིན་རྒྱལ་སྤྱིའི་ནང་གི་གནས་བབས་མང་པོ་ཞིག་གི་ཐོག་ལ་ཕྲན་བུའི་དྲག་ཏུ་ཡོང་རྒྱུའི་རེ་བ་ཡོད་པ། ལྷག་པར་དུ་དེང་དུས་ཀྱི་དངོས་པོ་ཡར་རྒྱས་གཏོང་རྒྱུ་ལ་རྒྱལ་ཁབ་ཚང་མ་གཅིག་ལ་གཅིག་བརྟེན་གྱི་གནས་སྟངས་ཤུགས་ཆེན་པོ་ཞིག་བྱུང་ཡོད་པ་རེད། དེ་འདྲའི་སྐབས་ལ་ནུབ་ཕྱོགས་ཡོ་རོབ་ཀྱི་ཁུལ་ལ་མཚོན་ན། རྒྱལ་ཁབ་ཉི་ཤུ་རྩ་གྲངས་ཤིག་རིམ་པས་ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་འདུ་བའི་ཐབས་ཤེས་བྱེད་རྒྱུའི་གོ་སྐབས་ཤིག་རེད། ལྷག་པར་དུ་དཔལ་འབྱོར་གནས་སྟངས་ཀྱི་ཐོག་ནས་མི་འབོར་ཉུང་ཉུང་དང༌། ས་ཁྱོན་ཆུང་ཆུང་གི་རྒྱལ་ཁབ་དེ་ཚོས་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་ལ་མ་བརྟེན་པར་སྡོད་ཐབས་མེད་པ་ཞིག་རེད། བརྟེན་དགོས་ཀྱི་ཡོད་དུས་ས་མཚམས་ཀྱི་ཆ་དང་གནས་ཚུལ་གཞན་པའི་ཆ་ནས་རྒྱ་ནག་གི་སྒྲོམ་གཞིའི་ནང་དུ་བསྡད་ན་སྟབས་བདེ་བ་དང་ལས་སླ་བ་འདྲ་ཞིག་ཡོད་པ་རེད། དེ་འདྲ་ཡིན་ཙང་སྤྱིར་འཛམ་གླིང་ཡོངས་ལ་དགེ་མཚན་ཡོད་པ། རྒྱ་ནག་ལ་དགེ་མཚན་ཡོད་པ། བོད་མི་ལ་ཡང་དགེ་མཚན་ཡོད་པ། བོད་རིགས་ཡོངས་རྫོགས་ཆབ་སྲིད་ཀྱི་གོང་བུ་གཅིག་གི་ནང་དུ་སྡོད་ཐབས་ཀྱི་གོ་སྐབས་གསར་པ་ཞིག་ཐོབ་རྒྱུ་ཡོད་པ་ཞིག་ལ་རེ་བ་བྱེད་བཞིན་ཡོད།
དྲི་བ། ལམ་དབུ་མའི་སྲིད་བྱུས་དང་མ་འགལ་བར་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ལས་འགུལ་སྤེལ་དགོས་པ་ཡོད་དམ། ཡང་ན་འགལ་རྐྱེན་མ་བཟོས་པ་ཙམ་གྱིས་འགྲིག་གི་ཡོད།
ལན། དབུ་མའི་ལམ་བརྒྱུད་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱེད་རྒྱུ་ལ་ྋསྐྱབས་མགོན་རིན་པོ་ཆེ་དང༌། བཙན་བྱོལ་གཞུང་གི་མི་ཁ་ཤས་ཤིག་གིས་དཀའ་ལས་བརྒྱབ་པས་གྲུབ་འབྲས་ཐོན་རྒྱུ་ཧ་ཅང་ཁག་པོ་རེད། བོད་ཕྱི་ནང་གཉིས་ཀྱི་མི་ཚང་མས་འདིའི་ཐོག་ལ་མཉམ་རུབ་ཀྱིས་ྋརྒྱལ་བ་རིན་པོ་ཆེས་བསྟན་པའི་འཚེ་མེད་ཞི་བའི་ལམ་བརྒྱུད་ནས་ལས་འགུལ་ཤུགས་ཆེན་པོ་དང༌། ལས་འགུལ་རྒྱུན་མཐུད་ནས་སྤེལ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། དེ་མ་བྱས་པ་ཡིན་ན་དབུ་མའི་ལམ་གྱི་ལྟ་གྲུབ་བཟང་པོ་ཡོད་ནའང༌། སྒྲུབ་མཁན་གྱི་ལས་འགུལ་དེ་ཚད་དང་ལྡན་པ་ཤུགས་ཆེན་པོ་ཞིག་མ་བྱུང་ན་འགྲུབ་པར་རེ་བ་རྒྱག་རྒྱུ་ཧ་ཅང་གི་ཁག་པོ་རེད། ཡིན་ནའང༌། དབུ་མའི་ལམ་ལ་ཕན་ཐོགས་ཡོད་པའི་ལས་འགུལ་སྤེལ་མི་ཐུབ་མཁན་དེ་ཚོས་འགལ་རྐྱེན་མེད་པ་བྱས་ནས་སྡོད་ཐུབ་པ་ཡིན་ན་དབུ་མའི་ལམ་བརྒྱུད་ནས་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱི་ཡོད། མང་ཚོགས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་ག་རེ་སྤེལ་རྒྱུ་ཡོད་ལམ་སྟོན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། བཙན་བྱོལ་གཞུང་གི་ངོས་ནས་ཀྱང་ལམ་སྟོན་བྱེད་རྒྱུ་དེས་ཕལ་ཆེར་འདང་གི་ཡོད་པ་མ་རེད་བསམ་གྱི་འདུག ལས་འགུལ་ཟེར་བ་དེ་ཡིན་གཅིག་མིན་གཅིག་གཞུང་ལམ་ཐོག་ཏུ་ཐོན་དགོས་པ་དང༌། མི་མང་པོ་འཚོགས་པ། སྐད་འབོད་བྱེད་དགོས་པ་དེ་འདྲའི་གནས་སྟངས་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག གང་ཟག་བྱེ་བྲག་པ་སོ་སོས་ལུས་ངག་ཡིད་གསུམ་གྱི་བསམ་སྤྱོད་སྤྱིར་བཏང་རང་གི་ཐོག་ནས་བོད་སྤྱི་པའི་ལས་འགུལ་ལ་སྨན་པ་མང་པོ་བྱེད་རྒྱུ་ཡོད་པ་རེད། ད་ལྟ་ང་ཚོའི་བསམ་ཚུལ་གྱི་ནང་དུ་གལ་ཆེ་ཤོས་གཅིག་ག་རེ་མཐོང་གི་ཡོད་པ་རེད་ཅེ་ན། གཞིས་བྱེས་བོད་མི་ཡོངས་སུ་རྫོགས་པས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་དང༌། དབུ་མའི་ལམ་བརྒྱུད་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་དགོས་ཀྱི་ཡོད་པའི་མངོན་འདོད་ཤུགས་ཆེན་པོ་ཡོད་པ་དེ་གསལ་བར་བྱེད་དགོས་པ་གལ་ཆེ་ཤོས་ཤིག་རེད། དེ་བྱེད་པར་བོད་རིགས་ནང་ཁུལ་གྱི་འཐེན་འཁྱེར་ཆུང་ཆུང་དེ་ཚོ་མེད་པ་བཟོ་ཐུབ་རྒྱུ་ཁག་པོ་རེད་དེ། བོད་ཀྱི་རྩ་དོན་ལ་ཐུག་དུས་ནང་ཁུལ་གྱི་འཐེན་འཁྱེར་དེ་ཚོ་གནད་འགག་མེད་པ་ཞིག་ཏུ་བརྩིས་ཏེ་ཟུར་དུ་བཞག་ནས། རྩ་དོན་གྱི་ཐོག་ལ་བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱེད་ཐུབ་པའི་རྣམ་འགྱུར་དེ་རྒྱལ་སྤྱིའི་ནང་དུ་གསལ་པོ་བཟོ་དགོས་པ་གལ་ཆེན་པོ་རེད། ང་ཚོའི་འགལ་ཟླའི་ངོས་ནས་བོད་པའི་ནང་དུ་སྡེ་ཚན་མང་པོ་བཟོ་རྒྱུ་དང༌། སྡེ་ཚན་དེ་ཚོའི་དབར་ལ་འགལ་ཟླ་ཡོང་རྒྱུའི་ཐབས་ཤེས་མུ་མཐུད་ནས་བྱེད་ཀྱི་ཡོད་པ་རེད། དེ་འདྲའི་སྐབས་ལ་ང་ཚོས་བསམ་སྤྱོད་དེ་ངོ་ཤེས་པར་བྱས་ནས་རྩ་བའི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་གྱི་ཐོག་ལ་ཚང་མས་གདུང་ཤུགས་གཅིག་སྒྲིལ་དང༌། བསམ་བློ་གཅིག་མཐུན། རྒྱབ་སྐྱོར་གཅིག་གྱུར་ཡོད་པའི་རྣམ་འགྱུར་དེ་ཕྱོགས་མང་པོའི་ཐོག་ནས་གསལ་རྒྱུའི་ཐབས་ཤེས་ཡོད་པ་རེད། དེའི་ཐོག་ལ་ཚང་མ་མུ་མཐུད་ནས་འགྲོ་ཐུབ་པ་ཡིན་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་རེད། མི་མང་གིས་དེ་ངེས་པར་བྱེད་དགོས་པ་ཞིག་རེད། དེ་ཚོ་བྱེད་མ་ཐུབ་པ་ཡིན་ན་འགལ་རྐྱེན་མ་བཏང་བར་བསྡད་པ་ཡིན་ཡང་འགལ་རྐྱེན་གཏོང་མཁན་ཚོ་ལས་དྲག་ཙམ་ཡོང་གི་རེད།
དྲི་བ། ད་ལྟའི་ཆར་བོད་གཞུང་གི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་དུ་བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་ཁུལ་རང་སྐྱོང་གི་གནས་བབས་ཤིག་དགོས་ཀྱི་ཡོད་པ་གཞི་རྩའི་ལྟ་གྲུབ་ཡིན་ཞེས་གསུང་གི་ཡོད་པ་རེད། དེའི་ཚད་དང་དཔེ་མཚོན་ག་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དང༌། དཔེ་བཞག་ན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བ་ལྟ་བུས་མཚོན་མདོ་དབུས་ཁམས་གསུམ་གྱི་ནང་དུ་རང་སྐྱོང་ས་ཁུལ་ཟེར་བ་མང་པོ་ཞིག་ཡོད་དུས། རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཞེས་པ་དེར་དེ་འདྲའི་ཐོག་ལའང་གོ་རྒྱུའི་ཉེན་ཁ་མེད་དམ་སྙམ་པའི་དོགས་པ་ཞིག་འདུག་པས་དེའི་སྐོར་ལ་འགྲེལ་བཤད་ཅིག་གནང་རོགས།
ལན། དྲི་བ་དེ་གལ་ཆེན་པོ་རེད། ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་ས་གནས་རང་སྐྱོང་སྤྲད་ཡོད་ཅེས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་ལོ་སྔོན་མའི་ནང་ཤོག་བུ་དཀར་པོ་ཞིག་ཀྱང་བཏོན་ཡོད་པ་རེད། དེ་ཚོའི་ནང་དུའང་མི་རིགས་ས་གནས་རང་སྐྱོང་སྤྲད་ཟིན་པ་ཡིན་ཞེས་ལབ་ཀྱི་ཡོད་པ་དེ་བདེན་པ་རྩ་བ་ཉིད་ནས་མ་རེད། ད་ལྟ་བོད་རང་སྐྱོང་ལྗོངས། དཀར་མཛེས་རང་སྐྱོང་ཁུལ། བདེ་ཆེན་རང་སྐྱོང་ཁུལ་ལ་སོགས་པ་གང་ཡོད་པ་དེ་ཚོ་ཚང་མའི་ནང་ལ། རང་སྐྱོང་གི་གནས་ཚད་གཅིག་ཀྱང་ཡོད་པ་མ་རེད་ཅེས་བཤད་ཀྱང་ཕལ་ཆེར་འགྲིག་གི་རེད། རྒྱ་ནག་གི་ཞིང་ཆེན་ཆེན་པོའི་ནང་དུ་སྡོད་མཁན་གྱི་གྲངས་མང་མི་རིགས་དེ་ཚོའི་རང་དབང་ཁེ་ཕན་དང༌། ད་ལྟ་རང་སྐྱོང་ལྗོངས་དང༌། རང་སྐྱོང་ཁུལ་གྱི་མིང་བཏགས་པ་དེ་ཚོའི་ནང་དུ་སྡོད་མཁན་གྱི་གྲངས་ཉུང་མི་རིགས་ཀྱི་རང་དབང་དང་ཁེ་ཕན་དེ་ཚོ་བསྡུར་བ་ཡིན་ནའང་གྲངས་ཉུང་མི་རིགས་ལ་རང་དབང་དང་ཁེ་ཕན་ཉུང་བ་ཡོད་པ་ལས་མང་བ་མེད་པ་དེ་དངོས་ཡོད་གནས་ཚུལ་རེད། རྩ་ཁྲིམས་ཀྱི་ནང་དུ་རང་སྲིད་རང་སྐྱོང་བྱེད་ཆོག་པའི་ཆ་རྐྱེན་སྤྲད་ཡོད་ནའང༌། རང་སྲིད་རང་སྐྱོང་བྱེད་ཐབས་ཀྱི་དབུས་ཀྱི་ཁྲིམས་དང༌། ས་གནས་ཀྱི་ཁྲིམས་གང་ཡང་བཟོས་ཡོད་པ་མ་རེད། ཕྲན་བུ་ཡོད་པ་དེ་ཚོ་ཡང་ཡན་ལག་མ་ཚང་བ་དང་ཆ་རྐྱེན་མ་ཚང་བ་ཞིག་མ་གཏོགས་ཡོད་པ་མ་རེད། དེར་བརྟེན་བོད་རིགས་ཡིན་ནོ་ཅོག་ལ་རང་སྐྱོང་གི་གནས་བབས་གཅིག་གྱུར་ཞིག་ཡོང་དགོས་པ་གལ་གནད་དང་པོ་དེ་རེད། དེ་འདྲ་ཡོང་བའི་ཚད་གཞི་དེ་ག་འདྲ་ཞིག་ལ་འཛིན་གྱི་ཡོད་པ་རེད་ཅེ་ན༑ ྋསྐྱབས་མགོན་རིན་པོ་ཆེས་སི་ཊ་སི་སྦག་གི་ནང་དུ་གསུངས་པ་བཞིན། སྐད་ཆ་རིང་པོ་བཤད་མི་དགོས་པར་བསྡོམས་བརྒྱབ་ནས་བཤད་ན། བོད་ཞི་བའི་ལྟེ་གནས་སུ་རྒྱལ་སྤྱིའི་གྲོས་མཐུན་གྱི་ཐོག་ནས་བསྐྲུན་མ་ཐུབ་ཀྱི་བར་དུ་རྒྱལ་སྲུང་གི་ལས་དོན་དང༌། ཕྱི་རྒྱལ་དང་མཉམ་དུ་གཞུང་ཚབ་གཏོང་རེས་ཀྱིས་ཕྱི་འབྲེལ་ཀྱི་ལས་དོན་གཉིས་པོ་དེ་མ་གཏོགས། མི་རིགས་དང་འབྲེལ་བ་ཡོད་པའི་གནད་དོན་ཆ་ཚང་མི་རིགས་རང་གིས་ཐག་གཅོད་བྱེད་ཆོག་པའི་རང་དབང་ཆ་ཚང་ཞིག་དགོས་ཀྱི་ཡོད་པ་རེད། དེའི་ནང་དུ་ཤེས་རིག་དང༌། དཔལ་འབྱོར། འཕྲོད་བསྟེན་ཡང་སླེབས་ཀྱི་རེད། གོང་དུ་ཞུས་པའི་གཞུང་ཚབ་གཏོང་རྒྱུའི་ཕྱི་འབྲེལ་གྱི་ལས་དོན་དང༌། སྲུང་སྐྱོབ་ཀྱི་གནས་སྟངས་མ་གཏོགས་སྤྱི་ཚོགས་ཀྱི་འཛུགས་སྐྲུན་དང་ཡར་རྒྱས་ཀྱི་ལས་གཞི་ག་འདྲ་ཞིག་ཡིན་ཡང༌། དེ་ཚོ་ཚང་མ་དབུས་གཞུང་ལ་བསྟུན་མི་དགོས་པར་མི་རིགས་རང་གི་མི་དེ་ཚོས་ཐད་ཀར་ཐག་གཅོད་བྱེད་ཐུབ་པ་ཞིག་དགོས་པ་དེ་མི་རིགས་རང་སྐྱོང་གི་དོན་དག་ངོ་མ་འདྲ་པོ་དེ་རེད། དེ་འདྲ་ཡིན་དུས་ས་གནས་སྲིད་གཞུང་གི་འགོ་ཁྲིད། མངའ་སྡེ་སོ་སོའི་ནང་གི་སྒྲིག་འཛུགས་འོག་མ་ཚོའི་འགོ་ཁྲིད། ཐག་གཅོད་བྱེད་མཁན་གྱི་མི་སུ་དང་སུ་ཡིན་ཡང་གྲངས་ཉུང་མི་རིགས་དེ་ག་རང་གི་ནང་ནས་ཡོང་ཐུབ་པ་ཞིག་དགོས་པ་རེད་མ་གཏོགས། ཐག་གཅོད་བྱེད་སྐབས་གྲངས་མང་མི་རིགས་ཀྱི་ནང་ནས་དབུས་གཞུང་གིས་བཏང་བཞག་པ་ཤ་སྟག་གིས་ཐག་གཅོད་བྱས། གྲངས་ཉུང་མི་རིགས་ཀྱི་མི་དེ་ཚོར་གོ་གནས་དང་མིང་ཆེན་པོ་ཞིག་ཡོད་ནའང༌། རྒྱན་ཆ་ལྟ་བུ་སྒྲིག་འཇོག་རྒྱུ་ཙམ་ཞིག་མ་གཏོགས་ལས་དོན་གྱི་ཐོག་ནས་ཐག་གཅོད་བྱེད་པའི་དབང་ཚད་མེད་པར་ད་ལྟ་ནང་བཞིན་བསྡད་པ་ཡིན་ན། དེས་རང་སྲིད་རང་སྐྱོང་གི་གནས་བབས་རྩ་བ་ཉིད་ནས་ཆགས་ཀྱི་ཡོད་པ་མ་རེད། དེ་དང་ཆབས་གཅིག་གོང་དུ་ཞུས་པ་བཞིན། ཚད་གཞི་དེའི་ནང་དུ་མི་རིགས་རང་ཉིད་ཀྱིས་ཐག་གཅོད་ཆོག་པའི་དབང་ཚད་ཆ་ཚང་ཡོད་པ་ཞིག་དང༌། དེ་ཡང་མང་གཙོའི་རིང་ལུགས་ཚད་ལྡན་གྱི་ལམ་སྲོལ་ཡོད་པ་བཅས་དེ་གཉིས་ཆ་དགོས་ཀྱི་ཡོད་པ་རེད། ད་ལྟ་བྱུང་ཟིན་པའི་ནང་ནས་དཔེ་མཚོན་ཧོང་ཀོང་དང༌། མ་ཀའོ་གཉིས་རེད། ཡིན་ནའང་དེས་དཔེ་མཚོན་ཆ་ཚང་ཞིག་ཡོང་ཐུབ་ཀྱི་ཡོད་པ་མ་རེད། ཧོང་ཀོང་དང༌། མ་ཀའོ་གཉིས་པོ་དེ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་མ་རེད་དེ། གནས་ཚུལ་གཞན་པ་ཞིག་གི་ཐོག་ནས་ཁོ་རང་ཚོ་ལ་གཞི་རིམ་གྱི་ཁྲིམས་ལོགས་སུ་ཡོད་པའི་གནས་སྟངས་ཤིག་སྤྲད་ཡོད་ཀྱང༌། དེའི་ནང་དུའང་དབུས་ནས་སྟངས་འཛིན་དང་བྱུས་གཏོགས་མང་པོ་ཞིག་བྱེད་རྒྱུའི་ལམ་ཁ་ཞིག་བཞག་ཡོད་པ་རེད། ད་ལྟ་ང་ཚོས་ལབ་བསྡད་པ་དེ་ཧོང་ཀོང་དང་མ་ཀའོ་གཉིས་དང་མི་འདྲ་བར་གྲངས་ཉུང་མི་རིགས་ཁྱད་པར་བ་ཞིག་གིས་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་རྩོད་ཀྱི་ཡོད་པ་ཡིན་ཙང༌། གནས་ཚུལ་མང་པོ་ཞིག་གི་ཐོག་ནས་ཧོང་ཀོང་དང་མ་ཀའོ་གཉིས་དང་མི་འདྲ་བ་ཆགས་འགྲོ་ཡི་རེད། དེ་འདྲ་ཡིན་ཙང་རྒྱ་ནག་གི་ནང་ལོགས་སུ་དཔེ་མཚོན་འདི་འདྲ་ཞིག་ཡོད་པ་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག་སྟེ། རྒྱལ་ཁབ་གཞན་པའི་ནང་དུ་ཨི་ཊ་ལི་ནང་གི་ལྷོ་ཏི་རོལ་ཟེར་བའི་མངའ་སྡེ་ལྟ་བུ་དང༌། དེ་བཞིན་ཡོ་རོབ་ཀྱི་ལུང་པ་མང་པོའི་ནང་དུ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཡོད་པ་དེ་འདྲ་ཡོད་པ་རེད། དེ་ཚོ་ང་ཚོས་དཔེ་མཚོན་དུ་བཞག་པ་ཡིན་ནའང་འགྲིག་གི་རེད་བསམ་གྱི་འདུག
དྲི་བ། རྩ་བས་ལམ་དབུ་མའི་སྲིད་བྱུས་འདི་ཉིད་ལ་བརྟེན་ནས་བོད་མི་རྣམས་རྒྱ་མི་རིགས་དང་མཉམ་སྡོད་བྱ་རྒྱུ་ང་ཚོ་བོད་མིའི་ཕྱོགས་ནས་ཨུ་ཐུག་པའི་གདམ་ཀ་ཞིག་ཡིན་ནམ། ཡང་ན་བོད་མི་རིགས་ཀྱི་འཕྲལ་ཕུགས་གཉིས་ཕན་གྱི་ཐབས་ལམ་བཟང་ཤོས་དེ་ཡིན།
ལན། ཐབས་ལམ་དེ་བོད་མི་རིགས་ཀྱི་འཕྲལ་ཕུགས་གཉིས་ཀྱི་ཐབས་ལམ་བཟང་ཤོས་དེ་ཡིན་པ་ང་ཚོའི་ངོས་ནས་བརྒྱ་ཆ་བརྒྱ་ཡིད་ཆེས་བྱེད་བཞིན་ཡོད། ཡིན་ནའང་ཨུ་ཐུག་པའི་གདམ་ཀ་ཞིག་རེད་དམ་ཞེས་ཨུ་ཐུག་མ་ཐུག་གི་སྐད་ཆ་དེ་འགྲེལ་བཤད་རྒྱག་སྟངས་ལ་རག་ལས་པ་རེད། གལ་ཏེ་ཨུ་ཐུག་པའི་གདམ་ཀ་ཞིག་ཡིན་ན། ཨུ་མ་ཐུག་པའི་གདམ་ཀ་གཞན་པ་ག་རེ་ཡོད་པ་དེ་གསལ་པོ་སྟོན་དགོས་པ་ཞིག་རེད། དབུ་མའི་ལམ་དུ་འགྲོ་རྒྱུ་དེ་ཨུ་ཐུག་པའི་གདམ་ཀ་རེད། ང་ཚོ་ཨུ་ཐུག་ཡོད་པ་མ་རེད། ང་ཚོར་གདམ་ཀ་འདི་འདྲ་ཞིག་ཡོད་པ་རེད་ཅེས་ཐབས་ལམ་གཞན་པ་སྟོན་རྒྱུ་ཡོད་ན། ང་ཚོས་ཨུ་ཐུག་པའི་གདམ་ཀ་རེད་འདུག་དང་མི་འདུག་བལྟ་རྒྱུ་ཡོད་པ་ཞིག་རེད། ཕྱོགས་གཞན་པ་ཞིག་ནས་ཨུ་ཐུག་ཞེས་པ་ང་ཚོ་དེ་འདྲ་ཞིག་གི་ནང་དུ་མ་སོང་ན་སྡོད་མི་ཐུབ་པའི་གནས་སྟངས་དེ་འདྲ་ནི་མ་རེད། ང་ཚོས་གང་ཡང་མ་བྱས་པར་བསྡད་བཞག་པ་ཡིན་ཡང་བཙན་བྱོལ་དུ་ཡོད་མཁན་ཚོས་བཙན་བྱོལ་གྱི་མི་ཚེ་ཞིག་འཁྱོལ་འགྲོ་ཡི་རེད། བོད་ནང་དུ་ཡང་སྡུག་བསྔལ་མྱོང་གིན་མྱོང་གིན་མི་མང་པོ་ཞིག་གིས་མི་ཚེ་འཁྱོལ་འགྲོ་ཡི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོས་དབུ་མའི་ལམ་གྱི་གདམ་ཀ་དེ་མ་བླངས་པ་ཡིན་ན། ྋརྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་གཞུང༌། བཙན་བྱོལ་བོད་མི་དེ་ཚོ་ཞེ་དྲག་གི་ཐ་ཞན་དུ་ལྷུང་འགྲོ་བ་ཞིག་དང༌། ཡང་ན་ཁོང་ཚོའི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་གི་ཐོག་ནས་ཨུ་ཐུག་པའི་གདམ་ཀ་རེད་དམ་ཞེ་ན། དེ་རྩ་བ་ཉིད་ནས་མ་རེད་ཅེས་ཐག་བཅད་ནས་བཤད་ཐུབ་པ་ཞིག་རེད། བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་གཉིས་ཀྱི་ཁེ་ཕན་ལ་བལྟས་ནས་བོད་མིའི་མངོན་འདོད་བསྒྲུབ་ཐུབ་པ་ཞིག་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ལས་འགན་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པའི་གོ་སྐབས་ཤིག་ལ་དམིགས་ནས་དབུ་མའི་ལམ་བདམས་པ་རེད་མ་གཏོགས། ང་ཚོ་ཨུ་ཐུག་ཐབས་ཟད་ནས་དབུ་མའི་ལམ་བདམས་པ་ཞིག་མ་རེད། དེ་མ་ཡིན་པར་ང་ཚོས་རང་བཙན་གཙང་མ་དང༌། དབུ་མའི་ལམ། ཡང་ན་ཁ་བྲལ་དུ་འགྲོ་རྒྱུ་དང༌། ཡང་ན་བོད་རིགས་ཡོངས་རྫོགས་ཀྱི་སྐད་ཆ་མ་བཤད་པར་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུའི་སྐད་ཆ་ཤོད་རྒྱུ་དེ་ཚོ་ཨུ་མ་ཐུག་པ་དང༌། དབུ་མའི་ལམ་དེ་ཨུ་ཐུག་པའི་གདམ་ཀ་ཡིན་པ་ཞིག་འགྲེལ་བཤད་བརྒྱབ་པ་ཡིན་ན། དེས་འགྲེལ་བཤད་རྒྱག་ཐུབ་ཀྱི་མ་རེད་བསམ་གྱི་འདུག ཐབས་ལམ་གཞན་པ་ཞིག་བླངས་པ་ཡིན་ནའང༌། དེས་ག་འདྲ་ཞིག་བྱས་ནས་འགྲུབ་ཀྱི་རེད། དེ་འགྲུབ་རྒྱུའི་འགན་ལེན་དེ་སུས་བྱེད་ཀྱི་རེད། ཚོད་དཔག་ག་འདྲ་ཞིག་བྱེད་ཐུབ་ཀྱི་རེད། གཞན་པ་ཡོད་ན་ང་ཚོས་ཨུ་ཐུག་དང་མ་ཐུག་གི་དབྱེ་བ་འབྱེད་ཆོག་གི་རེད། འོན་ཀྱང་དེ་འདྲ་སྟོན་མཁན་མེད་པ་ཡིན་དུས་འདི་ཨུ་ཐུག་པ་ཞིག་རེད་བསམ་གྱི་མེད།
དྲི་བ། དེང་དུས་ཡོངས་གྲགས་ཀྱི་ཤོད་སྟངས་ཤིག་ལ་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་ན། མཐའ་མཚམས་སྲུང་སྐྱོབ་དང་བདེ་འཇགས། དཔལ་འབྱོར་བཅས་ཀྱི་ཐད་ནས་རྒྱ་གར་གཞུང་ལ་ཁེ་ཕན་ཆེན་པོ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ལམ་དབུ་མའི་སྲིད་བྱུས་ལ་བརྟེན་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་ཡིན་ན་མཐའ་མཚམས་སྲུང་སྐྱོབ་དང་ཕྱི་འབྲེལ་དེ་རྒྱ་མིའི་ལག་ཏུ་ཡོད་ཙང་རྒྱ་གར་ལ་དམིགས་བསལ་གྱི་ཁེ་ཕན་ཡོད་དམ།
ལན། གོང་དུ་ཞུས་པ་བཞིན་དབུ་མའི་ལམ་བརྒྱུད་ནས་བོད་མི་རིགས་ཡོངས་རྫོགས་ལ་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཞིག་བྱུང་བ་ཡིན་ན། རྒྱ་མིའི་ངོས་ནས་རང་སྲིད་རང་སྐྱོང་གི་བོད་མིའི་ས་ཆ་བརྒལ་ཏེ་རྒྱ་གར་ལ་དམག་ཤུགས་ཀྱིས་བཙན་འཛུལ་བྱེད་བདེ་པོ་ཡོད་པ་དང༌། རྒྱ་གར་དང་བོད་ཀྱི་ས་མཚམས་ཀེ་ལོ་མི་ཊར་སྟོང་ཕྲག་མང་པོ་ཡོད་པ་དེ་ད་ལྟ་སྲུང་སྐྱོབ་བྱེད་པ་ནང་བཞིན་སྲུང་སྐྱོབ་བྱེད་དགོས་པའི་གནས་ཚུལ་མེད་པ་ཞིག་ངེས་པར་དུ་ཆགས་ཀྱི་རེད། གོང་དུ་ཞུས་པ་བཞིན་རྒྱ་གར་གྱི་འགོ་ཁྲིད་མཁས་པ་དེ་ཚོས་མཁྱེན་གྱི་ཡོད་པ་རེད། མི་རིགས་ས་གནས་རང་སྐྱོང་གི་གནས་བབས་དེ་དང༌། ཞི་བའི་དོན་ཚན་ལྔའི་གནས་བབས་གཉིས་ཕན་ཚུན་འདྲེས་བསྡད་ཡོད་པ་རེད། མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཆ་ཚང་ཞིག་བྱུང་བ་ཡིན་ན། བོད་ཞི་བའི་བསྟི་གནས་སུ་གསལ་བསྒྲགས་བྱེད་རྒྱུ་དེ་ཡང་སྔ་ཕྱི་མ་གཏོགས་བང་རིམ་གཅིག་གི་ནང་དུ་ཚུད་ནས་ཡོང་ཐུབ་པ་ཞིག་ཆགས་འགྲོ་ཡི་རེད། དེ་ཆགས་ན་རྒྱ་གར་ཙམ་དུ་མ་ཟད། བལ་ཡུལ་དང༌། འབྲུག འབར་མ། པ་ཀི་སི་ཐན་བཅས་ཁོང་ཚོ་ཚང་མའི་ས་མཚམས་རྩོད་རྙོག་གི་གནས་སྟངས་དང༌། ས་མཚམས་དམག་ཤུགས་ཀྱིས་སྲུང་སྐྱོབ་བྱེད་དགོས་པའི་གནས་སྟངས་གཉིས་ཆ་མེད་པ་ཆགས་འགྲོ་ཡི་རེད། དེ་ཡིན་ཙང་རྒྱ་གར་ལ་ཁེ་ཕན་ཡོང་རྒྱུའི་ཐོག་དབུ་མའི་ལམ་དང༌། དེ་མ་ཡིན་པའི་ཐབས་ལམ་གཉིས་ཀྱི་ཐོག་ཁྱད་པར་རྩ་བ་ཉིད་ནས་ཡོད་པ་མ་རེད་བསམ་གྱི་འདུག
དྲི་བ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་གར་གཞུང་དང་མི་མང་གི་རྒྱབ་སྐྱོར་དེ་གལ་ཆེན་པོ་ཞིག་ཏུ་གཟིགས་ཀྱི་ཡོད་དམ།
ལན། དེ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། རྒྱ་གར་གྱིས་ད་ལྟའི་བར་དུ་མུ་མཐུད་རྒྱབ་སྐྱོར་གནང་བའི་ཉེར་ལེན་ལ་བརྟེན་ནས་བོད་ཀྱི་ལས་འགུལ་དེ་ལོ་༤༦ གི་རིང་རྒྱལ་སྤྱིའི་ནང་མ་བརླགས་པ་ཙམ་དུ་མ་ཟད། ལོ་རེ་བཞིན་ནུས་ཤུགས་ཇེ་ཆེ་དང༌། གནས་ཚད་ཇེ་མཐོ་རུ་འགྲོ་བཞིན་པ་དེའི་གཞི་རྐང་གཙོ་བོ་དེ་རྒྱ་གར་ལ་ཐུག་ཡོད་པ་རེད། རྒྱ་གར་ནང་དུ་ྋསྐྱབས་མགོན་རིན་པོ་ཆེ་དང༌། སྐྱབས་བཅོལ་གཞུང་གི་སྒྲིག་འཛུགས་དེའི་མིང་ག་འདྲ་ཞིག་བཏགས་མིན་ལ་མ་ལྟོས་པར་ལས་དོན་གྱི་ཐོག་ནས་ང་རང་ཚོས་བརྒྱ་ཆ་བརྒྱ་ཐམ་པ་རང་དབང་གི་ཐོག་ནས་བྱེད་ཐུབ་པའི་གོ་སྐབས་འདི་ལ་བརྟེན་ནས་རྒྱལ་སྤྱིའི་ནང་གི་བོད་ཀྱི་གནས་སྟངས་དེ་མ་བརླགས་པ་དང༌། རྒྱ་མིས་གནོན་ཤུགས་ཆེན་པོ་ཇི་ལྟར་ཡོད་ཀྱང་ད་དུང་ང་ཚོ་སྡོད་ཐུབ་པའང་དེ་ལ་བརྟེན་ནས་བྱུང་བ་རེད། མ་འོངས་པར་བོད་དང་རྒྱ་ནག་གཉིས་ཀྱི་དབར་ཞི་མོལ་བྱེད་རྒྱུའི་བརྒྱུད་ལམ་ཐོག་མཐུན་འགྱུར་དང༌། རོགས་རམ་བྱེད་རྒྱུའི་འོས་བབས་ཆ་ཚང་རྒྱ་གར་ལ་ཡོད་པ་རེད། རྒྱ་དཀར་ནག་གི་འབྲེལ་ལམ་དེ་མ་འོངས་པར་ག་འདྲ་ཞིག་ཏུ་འགྲོ་མིན་བོད་ཀྱི་དཀའ་རྙོག་སེལ་དང་མ་སེལ་ལ་རག་ལས་ཡོད་པ་དང༌། དཀའ་རྙོག་སེལ་ཡང་ག་འདྲ་བྱས་ནས་སེལ་རྒྱུ་དེ་ལ་རག་ལས་ཡོད་པ་རེད། དེར་བརྟེན་བོད་པས་རྒྱ་གར་གྱི་ཁེ་ཕན་བློས་གཏོང་ཐུབ་ཐབས་ཡོད་པ་མ་རེད་ལ། རྒྱ་གར་གྱིས་ཀྱང་བོད་པའི་ཁེ་ཕན་བློས་གཏོང་ཐུབ་ཐབས་ཡོད་པ་མ་རེད། དེ་གཉིས་ནང་ཕན་ཚུན་འབྲེལ་བ་ཆེན་པོ་ཞིག་དང༌། གཅིག་ལ་གཅིག་བརྟེན་ཞིག་ཆགས་ཡོད་པ་ཡིན་དུས། རྒྱ་གར་གྱིས་གནང་དགོས་ཀྱི་ཡང་རེད་ལ་གནང་གི་ཡང་རེད། རྒྱ་གར་གྱི་རྒྱབ་སྐྱོར་དེ་རྒྱལ་ཁབ་གཞན་པའི་རྒྱབ་སྐྱོར་དང་རྩ་བ་ཉིད་ནས་མི་འདྲ་བར། ཐད་ཀར་འབྲེལ་བ་ཡོད་པའི་གནས་སྟངས་ཤིག་གི་ཐོག་ནས་རྒྱབ་སྐྱོར་ཞིག་ཆགས་ཡོད་པ་རེད། ལོ་བརྒྱ་ཕྲག་ཁ་ཤས་འདས་ཟིན་པའི་བྱུང་རབས་ནས་མར་ཡོང་བསྡད་པའི་གནས་སྟངས་དང་ལས་འགན། མ་འོངས་པའི་རྒྱ་གར་གྱི་གནས་བབས་བཅས་ཚང་མའི་ཐོག་ནས་འབྲེལ་བ་གལ་ཆེན་པོ་ཞིག་ཆགས་ཡོད་ཙང༌། རྒྱ་གར་གྱི་རྒྱབ་སྐྱོར་དེ་རྒྱ་གར་གྱི་ཆ་ནས་ཀྱང་གལ་ཆེན་པོ་དང༌། ང་ཚོ་བོད་པའི་ཆ་ནས་དེ་བས་ཀྱང་གལ་ཆེན་པོ་རེད།
དྲི་བ། གལ་སྲིད་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་སོང་ན་ཕན་གནོད་གང་ཡོད་དམ།
ལན། རྒྱལ་སྤྱིའི་གནད་དོན་ཞིག་ཏུ་བསྒྱུར་མི་དགོས་པ་བྱུང་ན་ཁེ་ཕན་ཆེ་བ་རེད་བསམ་གྱི་ཡོད། གང་ཡིན་ཞེ་ན། ད་ལྟ་ང་ཚོས་དབུ་མའི་ལམ་གྱི་ནང་ནས་བོད་དེ་རྒྱ་ནག་དང་ཁ་བྲལ་དུ་འགྲོ་རྒྱུ་ཡིན་ལབ་ཀྱི་ཡོད་པ་མ་རེད། རྒྱ་ནག་དང་མཉམ་དུ་རྒྱ་ནག་གི་སྒྲོམ་གཞིའི་ནང་དུ་བསྡད་ནས་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཞིག་ལེན་གྱི་ཡིན་ཞེས་ལབ་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ཙང་ང་ཚོའི་གནས་སྟངས་དེ་རང་བཞིན་གྱི་ཆ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་གཞུང་དང༌། བོད་མི་རིགས་གཉིས་དབར་གྱི་སྐད་ཆ་ཞིག་ཡིན་པ་ལས། དེ་རྒྱལ་སྤྱིའི་གནས་སྟངས་ཤིག་གང་ཡང་ཆགས་ཀྱི་ཡོད་པ་མ་རེད། ཡིན་ནའང་དེ་རྒྱལ་སྤྱིའི་གནས་སྟངས་སུ་བསྒྱུར་དང་མི་བསྒྱུར་དེ་ང་ཚོ་བོད་པའི་ལག་ཏུ་ཡོད་པ་མ་རེད། རྒྱ་ནག་གི་དབུ་ཁྲིད་ཚོའི་ཕྱག་ལ་ཡོད་པ་རེད། ཁོ་རང་ཚོས་གནད་དོན་དེ་ནང་ཁུལ་གྱི་གནད་དོན་ཞིག་ཏུ་ངོས་འཛིན་གནང་ནས། ྋརྒྱལ་བ་རིན་པོ་ཆེ་དང༌། བོད་ཀྱི་ངོ་ཚབ་མཚོན་མཁན་དེ་ཚོ་ལ་མཐོང་དང་ཆ་འཇོག་སྤྲད་ནས་དེའི་མཉམ་དུ་ཐད་ཀར་ནང་དོན་གྱི་གྲོས་མོལ་གནང་བ་ཡིན་ན། རྒྱལ་སྤྱིའི་གནས་སྟངས་ཤིག་ཆགས་ཀྱི་མ་རེད་ལ། རྒྱལ་སྤྱིའི་གནས་སྟངས་བཟོ་བའི་དགོས་མཁོ་ཡང་ཡོང་གི་མ་རེད། ང་རང་ཚོས་ནང་ལོགས་སུ་གཅིག་གིས་གཅིག་ལ་གུ་བཤངས་དང་བསམ་ཤེས་བྱས་ནས་ཡག་ཤོས་ཤིག་ཐག་གཅོད་ཐུབ་པ་ཡོང་གི་རེད། ཡིན་ནའང་རྒྱ་མིའི་ངོས་ནས་མཁྲེགས་པོ་ཞེ་དྲག་བྱས་པ་ཙམ་དུ་མ་ཟད། བོད་ནང་ལོགས་སུ་འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་བརྡལ་བཤིག བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན། བོད་མི་རིགས་ལ་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་མེད་པ་དེ་འདྲ་བྱས་པ་ཡིན་ན། ང་ཚོས་གང་ཡང་མ་ལབ་པའི་དབང་དུ་བཏང་ཡང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དེ་ཚོ་ཁ་ཁར་སྡོད་ཤེས་ཀྱི་མེད་པར་རང་བཞིན་གྱིས་རྒྱལ་སྤྱིའི་གནས་སྟངས་ཤིག་ཆགས་འགྲོ་ཡི་རེད། དེ་ཡིན་དུས་རང་བཞིན་གྱི་བརྒྱུད་ལམ་ཡང་མི་འདྲ་བ་ཞིག་ཆགས་འགྲོ་ཡི་རེད་ལ། དེ་ང་ཚོའི་ངོས་ནས་བཀག་ཐུབ་པ་ཞིག་གང་ཡང་མ་རེད། དེ་འདྲ་ཡིན་ཙང་ཡག་ཤོས་བྱུང་ན་རྒྱལ་སྤྱིའི་གནས་སྟངས་ཆགས་མི་དགོས་པ་དེ་རེད། གལ་སྲིད་རྒྱལ་སྤྱིའི་གནས་སྟངས་ཤིག་ཆགས་པ་ཡིན་ན་དེའི་གནས་བབས་གསར་པ་ཞིག་ཆགས་འགྲོ་ཡི་རེད། དེའི་ཐོག་རྒྱ་མིའི་ངོས་ནས་བསམ་བློ་གཏོང་དགོས་པ་ཞིག་དང༌། ང་རང་ཚོའི་ངོས་ནས་ཀྱང་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་རེད།
དྲི་བ། བཀའ་ཤག་གི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་བཙན་བྱོལ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་འཐོབ་ཐབས་དང༌། བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་སྐྲུན་ཐབས་བཅས་ཀྱི་ཆེད་ད་ལམ་བསྐྱར་ནན་གྱིས་འབོད་བསྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་ན་དེ་འབྲེལ་མང་ཚོགས་ལ་བོད་ཀྱི་བང་ཆེན་བརྒྱུད་འབོད་སྐུལ་དང་ལམ་སྟོན་གནང་རྒྱུ་གང་ཡོད་དམ།
ལན། བོད་ཀྱི་བང་ཆེན་གྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཆེད་དུ་བཅར་འདྲི་གནང་བ་དང༌། བཙན་བྱོལ་གཞུང་ལ་སྐད་ཆ་ཤོད་རྒྱུའི་གོ་སྐབས་གནང་བ་དེར་དགའ་བོ་ཞེ་དྲག་བྱུང༌། དེ་འདྲ་ཡིན་ཙང་ཁྱོད་རང་ཚོའི་གསར་ཤོག་འདིའི་བརྒྱུད་ལམ་གྱི་ཐོག་ནས་ཁ་སང་གསུམ་དུས་ཀྱི་གཏམ་བཤད་ནང་ཞུས་པ་བཞིན། གཞིས་བྱེས་བོད་མི་ཡོངས་རྫོགས་ལ་ང་ཚོས་བསྐྱར་ནན་བྱས་ནས་འབོད་སྐུལ་ཞུ་རྒྱུ་ཞིག་ལ། ད་ལྟ་ང་ཚོའི་ཞི་མོལ་གྱི་ལས་དོན་འདི་ལོ་རྒྱུན་རིང་པོ་ཞིག་གི་བར་དུ་དཀའ་ལས་བརྒྱབ་པའི་གྲུབ་འབྲས་དེ་ཐོན་ལ་ཉེ་བ་ཞིག ང་རང་ཚོའི་ངོས་ནས་དུས་ཚོད་མང་པོ་ཞིག་ཆུད་ཟོས་གཏོང་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་ཡིན་ཙང་བོད་རྒྱ་ཞི་མོལ་དེ་ལམ་ལྷོང་ཡོང་དགོས་ཀྱི་རེད། དེའི་ཁོར་ཡུག་ལ་གནོན་སྐྱོན་བཏང་བ་ཡིན་ན་རྩ་དོན་ལ་གནོད་སྐྱོན་འགྲོ་རྒྱུ་དང༌། གལ་སྲིད་རྩ་དོན་ལ་གནོད་སྐྱོན་མ་ཕྱིན་པ་ཡིན་ནའང་དུས་ཚོད་འགྱང་རྒྱུའི་ཉེན་ཁ་ཡོད་པ་ཡིན་ཙང༌། ཞི་མོལ་གྱི་ལམ་ནས་གནས་ཚུལ་དེ་གསལ་པོ་ཞིག་མ་ཆགས་ཀྱི་བར་དུ་མང་ཚོགས་ཀྱི་ངོས་ནས་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་ལ་གནོད་པའི་ཕྱག་ལས་དེ་འདྲ་མི་ཡོང་བ་དང༌། ཁོར་ཡུག་ལ་ཕན་པའི་ཐབས་ལམ་ག་རེ་གནང་རྒྱུ་ཡོད་ཀྱང་དེ་ཚོ་ངེས་པར་དུ་གནང་རོགས་གནང་ཞེས་ངས་གསར་ཤོག་འདི་བརྒྱུད་ནས་ཚང་མ་ལ་འབོད་སྐུལ་ཞུ་རྒྱུ་ཡིན།།