ཧིན་བོད་མཛའ་ཚོཊ་རིམ་པས་ཇེ་ཞན་དུ་གྱུར་པར་རྒྱུ་མཚན་མང་པོ་ཡོད་པ་རེད།
ཁྲིམས་ལུགས་མཁས་པ་སྐུ་ཞབས་ར་ཀེ་ཤི་ཎ་ར་ཡན་མཆོག་ལ་དབྱིན་སྐད་ཀྱི་ཐོག་ནས་བཅར་འདྲི་དང་བོད་བསྒྱུར་བྱས།
ཁྲིམས་ལུགས་མཁས་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ར་ཀེ་ཤི་ན་ར་ཡན་མཆོག་ནི་ཆུང་དུས་ནས་ཕ་དང་མཉམ་དུ་ཧ་རི་པུར་ནས་དྷ་སར་ཕེབས་ཏེ་སློབ་གྲྭར་ཞུགས་ནས་རིམ་པས་(BSC)སློབ་ཐོན་རྗེས་སིམ་ལར་ལོ་༥ གཞུང་ཞབས་དང༌། ཞོར་དུ་ཁྲིམས་ལུགས་ཐོག་སློབ་གཉེར་བྱས་ཏེ་༡༩༧༥ ལོར་སློབ་མཐར་ཕྱིན་འཕྲལ་གཞུང་ཞབས་ནས་དགོངས་པ་ཞུས། དེའི་སྐབས་རྒྱ་གར་རྒྱལ་ཡོངས་སུ་ཛ་དྲག་གིས་མྱུར་སྐྱོབ་ལས་འགུལ་ཞིག་སྤེལ་བཞིན་པར་བརྟེན། གཞོན་ནུའི་ལས་འགུལ་ནང་ཞུགས་ནས་རིམ་པས་ཧི་མ་ཅལ་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་དང་ལོ་༤ ལས་ཁུར་ཞུས། དེ་དང་ཆབས་ཅིག་ཧིན་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་བྱེད་རྒྱུར་རོགས་སྐྱོར་དང་ཚོགས་པའི་དྲུང་ཆེའི་ལས་ཁུར་ཡང་ཞུས་པ་མ་ཟད། ད་ལྟ་ཡང་མུ་མཐུད་ཚོགས་པ་དེར་གཞོགས་འདེགས་ཞུ་མུས་རེད།
དྲི་བ། ཧིན་བོད་མཛའ་འབྲེལ་ཚོགས་པའི་བྱུང་རིམ་དང་ཚོགས་པ་དེའི་ལངས་ཕྱོགས། དམིགས་ཡུལ་སྐོར་མདོར་བསྡུས་ཤིག་གསུང་རོགས།
ལན། ༡༩༦༠ ནང་ཚོགས་པ་དེ་འདྲ་ཞིག་བྱུང་ཡོད་ཀྱང་ཕྱིས་སུ་མེད་པ་ཆགས་རྗེས་༡༩༧༨ ལོར་ཚོགས་པ་དེ་འདྲ་ཞིག་དགོས་པ་མཐོང་སྟེ་ང་དང་རྒྱ་གར་བ་གྲོགས་པོ་འགའ་ཤས་ཀྱིས་བོད་མི་གྲོགས་པོ་ཁ་ཤས་དང་གྲོས་བྱས་ནས་ཧིན་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་བཙུགས་ཤིང༌། ངས་ཚོགས་པ་དེའི་དྲུང་ཆེའི་ལས་ཁུར་ཞུས་པ་ཡིན། སྐབས་དེར་ང་ཚོའི་ངོས་ནས་ཀྱང་ཏཱ་ལའི་བླ་མ་མཆོག་དང༌། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི། རྔམ་སྟོན་ཁྲོམ་སྐོར་གྱིས་མཚོན་བོད་དོན་ཐོག་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་དང༌། དེ་ཡང་ཧི་མ་ཅལ་མངའ་ཁུལ་ཙམ་མིན་པར་རྡོར་གདན་དང༌། ཝར་ཎ། ནག་པུར། ལྡི་ལི་དང་ས་གནས་གལ་ཆེན་གཞན་དུའང་སྤེལ་བ་ཡིན། ༡༩༨༣ ནང་རྒྱ་གར་རྒྱལ་ཡོངས་སུ་ཡན་ལག་ཆེད་འཛུགས་ཀྱིས་ཚོགས་པ་རྒྱ་བསྐྱེད་ཀྱིས་ལས་འགུལ་ཡང་ཁྱབ་ཆེ་རུ་བཏང༌། ས་གནས་ཡུལ་མི་དང་བོད་མིའི་དབར་མཐུན་འགྲིག་ཡོང་བར་དམིགས་ཏེ་བགྲོ་གླེང་ཚོགས་འདུ་མང་པོ་གོ་སྒྲིག་དང༌། ལྷག་པར་དུ་རྒྱལ་ཡོངས་སུ་དམིགས་བསལ་གསུམ་བཅུའི་དུས་དྲན་དང་བུད་མེད་ཀྱི་རང་དབང་སྒེར་ལངས་དུས་དྲན་བཅས་ལོ་ལྟར་སྲུང་བརྩི་ཞུས། ༡༩༨༤ ལོར་བོད་དོན་དྲིལ་གྱི་བསྒྲགས་ཆེད་དུ་བོད་ཀྱི་རང་བཙན་(Suwaraj for Tibet)ཞེས་པའི་ཚགས་དེབ་ཅིག་གསར་འགྲེམས་ཞུས་པ་སོགས་༡༩༩༥ བར་ས་གནས་མི་མང་དང་བོད་མི་མཉམ་རུབ་ཀྱི་ཐོག་ནས་ཚོགས་པ་དེ་ཕན་ནུས་ཅན་དང༌། ཚོགས་མི་ཚོས་ཀྱང་སེམས་ཤུགས་ཆེན་པོས་བོད་དོན་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཐུབ་ཡོད་པ་རེད། ཡིན་ཡང་དུས་དེབ་དེ་མུ་མཐུད་འགྲེམས་སྤེལ་བྱེད་ཐུབ་མེད་པ་མ་ཟད། ཚོགས་པའང་རིམ་པས་ཇེ་ཞན་དུ་ཕྱིན་པར་རྒྱུ་མཚན་མང་པོ་ཡོད་པ་རེད། གཅིག་ནས་སེམས་ཤུགས་ཅན་གྱི་ཚོགས་མི་མང་པོ་ཞིག་རིམ་པས་ཇེ་ཉུང་དུ་ཕྱིན་པ་དང༌། ང་ཚོའི་གྲོགས་པོ་བོད་མི་མང་པོ་ཞིག་ཕྱི་རྒྱལ་དུ་ཕྱིན་སོང༌། ཆབ་སྲིད་ཀྱི་ཐོག་ནས་ཀྱང་རྒྱུ་མཚན་ཡོད་པ་རེད། རྒྱ་གར་དབུས་གཞུང་དང་མངའ་སྡེའི་སྲིད་གཞུང་ལོ་རེ་བཞིན་འགྱུར་བ་ཕྱིན་པ་སོགས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཀྱང་སྣ་ཚོགས་བྱུང་བ་རེད༌། དེར་བརྟེན་རིམ་པས་ཚོགས་པའི་ཚོགས་མི་གལ་ཆེ་བ་དེ་དག་རྒྱ་གར་གྱི་སྲིད་དོན་ཚོགས་པ་བྱེ་བྲག་པའི་ཁྱབ་ཁོངས་ལྟ་བུར་གྱུར་ཏེ་རྒྱ་གར་ཕྱོགས་ཡོངས་ནས་ཚོགས་པ་དེར་རྒྱབ་སྐྱོར་དང་ལས་དོན་བྱེད་མཁན་སེམས་ཤུགས་ཅན་མང་པོ་ཞིག་ཚོགས་པ་ནས་དོན་དགོས་བྱུང་བ་རེད། ཕྱོགས་གཞན་ནས་རྒྱ་བོད་ཕྱོགས་གཉིས་ཀའི་གཞོན་སྐྱེས་ཚོ་ཚོགས་པའི་ནང་སླེབས་ཐུབ་མེད་པ་བཅས་ལ་བརྟེན་ད་ཆ་དྷ་སའི་ཚོགས་པ་འདི་དེ་སྔ་ལྟར་ཁྱབ་ཆེན་པོ་དང་ལས་འགུལ་རྒྱ་ཆེན་པོ་སྤེལ་ཐུབ་ཀྱི་མེད་པ་རེད། ཐོག་མར་བཙུགས་ནས་༡༩༩༤ བར་ཚོགས་པ་དེའི་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡང་ས་གནས་མི་མང་དང་སྲིད་དོན་མི་སྣ༑ གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་འདྲ་ཞིག་ཡིན་ཡང་ཚང་མར་སྒོ་ཕྱེས་བཞག་ཡོད་པ་ལྟ་བུ་རེད། ༡༩༩༤ དང་༡༩༩༥ རྗེས་སུ་ཚོགས་པ་དེའི་གནས་བབས་གསར་པ་ཞིག་ཏུ་གྱུར་ནས་དབུས་དང་མངའ་སྡེའི་སྲིད་དབང་དེ་སྲིད་དོན་ཚོགས་པ་སུའི་འོག་ཏུ་ཡོད་ཀྱང་དེའི་དབང་བསྒྱུར་འོག་ཚུད་པ་ལྟ་བུར་གྱུར་ནས་ཚོགས་པའི་དམིགས་ཡུལ་དང་ལས་དོན་བཅས་ལའང་རང་བཞིན་གྱིས་འགྱུར་བ་ཕྱིན་པ་མ་ཟད། རིམ་པས་བོད་གཞུང་དང་བོད་མི་ཚོ་ཡང་དེའི་ཕྱོགས་སུ་ཕྱིན་པ་ལྟ་བུ་རེད།
དེ་ནས་ཆབ་སྲིད་ཀྱི་ལྟ་གྲུབ་འོག་འཕགས་བོད་འབྲེལ་མཐུད་ཚོགས་པ་བྱུང་བར་བརྟེན་རྒྱ་གར་མང་ཚོགས་ཀྱི་ངོས་ནས་དེ་ཙམ་དོ་སྣང་བྱེད་ཀྱི་མེད་པ་དང༌། ཚོགས་པ་དེས་ལས་འགུལ་དང་ཚོགས་འདུ་བཅས་ལ་སྐྱགང ྋ ངྔྔྔསྲིད་དོན་མི་སྣ་གཅིག་པུ་གདན་ཞུས་བྱེད་པ་ལས་ཕྱོགས་ཡོངས་ནས་མ་རེད། མང་ཚོགས་ནས་བོད་ཀྱི་ནང་ཆོས་དང་རྒྱ་གར་གྱི་ཆོས་གཉིས་ཀར་གུས་བརྩི་ཞུ་བ་དང༌། ྋགོང་ས་མཆོག་དང་བོད་མིར་ཤ་ཞེན་ཆེན་པོ་ཡོད་པ་རེད། ས་གནས་མང་ཚོགས་དང་བོད་མིའི་དབར་མི་ལོ་༤༠ ལྷག་མཛའ་མཐུན་ངང་གནས་པ་དང་བོད་མི་རྣམས་ཀྱང་དྷ་སའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་གྱུར་པ་མ་ཟད། རྒྱ་གར་མི་མང་ནས་ཏཱ་ལའི་བླ་མ་མཆོག་འཛམ་གླིང་གི་ཞི་བདེའི་མི་སྣ་གལ་ཆེན་ཞིག་ཡིན་པ་ཤེས་རྟོགས་དང་ཁོང་ལ་གུས་བརྩི་ཞུ་ཡི་ཡོད། བོད་མི་རྣམས་འདིར་སླེབས་དགོས་དོན་དང་དམིགས་ཡུལ། ཁོ་ཚོའི་དཀའ་ངལ་དེ་ཚོ་དྷ་སའི་མི་མང་གིས་གཙོས་ཤེས་ཡོན་ཅན་དང་སྲིད་དོན་མི་སྣ་ཚོ་མ་གཏོགས་གསལ་པོ་ཤེས་མཁན་ཉུང་ཉུང་རེད། བོད་མི་མེད་ས་དང་གྲོང་གསེབ་ཁག་ཏུ་ད་དུང་ཡང་གསར་ཤོག་ཁ་ཤས་བརྒྱུད་ནས་བོད་དང་བོད་མིའི་སྐོར་ཏོག་ཙམ་ཤེས་ཀྱང་དོ་སྣང་དེ་ཙམ་ཡོང་ཐུབ་ཀྱི་མེད་པར་བརྟེན་མི་དང་མིའི་དབར་གྱི་འབྲེལ་བ་དེ་ཧ་ཅང་ཞན་པོ་རེད། བོད་པ་དང་རྒྱ་གར་གཉིས་ཀའི་སློབ་གྲྭ་མང་པོ་ཞིག་ཡོད་པ་དེ་དག་དབར་འབྲེལ་མཐུད་བྱེད་རྒྱུ་གལ་ཆེན་པོ་རེད། བོད་དང་རྒྱ་གར་དབར་ཐུན་མིན་གྱི་འབྲེལ་ལམ་ཞིག་ཡོད་པ་ནི་རྒྱ་གར་བ་ཚོས་བོད་མི་དང་གཅིག་མཚུངས་ཀྱིས་སངས་རྒྱས་ཤཱཀྱ་ཐུབ་པ་སྐྱབས་གནས་སུ་བཟུང་ནས་མཆོད་འབུལ་དང་གསོལ་འདེབས་བྱེད་ཀྱི་ཡོད། ཚོགས་པ་དེས་ཐོག་མ་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡོད་ནའང་བོད་རང་བཙན་གྱི་ལྟ་གྲུབ་ཀྱི་ཐོག་ནས་བྱས་པ་རེད། དྲན་སོས་པ་ཞིག་ལ། རྒྱ་དཀར་ནག་དབར་དམག་མཇུག་བསྒྲིལ་ནས་༡༩༨༢ ལོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་གཟིགས་སྐོར་ཐོག་མའི་སྐབས་རྒྱ་ནག་གི་གཞུང་ཚབ་མདུན་དུ་ང་ཚོས་བོད་རང་བཙན་གྱི་ཁྲོམ་སྐོར་དང་སྐད་འབོད་གཞི་རྒྱ་ཆེ་བ་ཞིག་བྱས་པར་བརྟེན་མི་གྲངས་༡༥༠ ལྷག་བཙོན་འཇུག་བྱས་པ་དང༌། སྐབས་དེར་རྒྱལ་སྤྱི་དང་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་ཆེན་པོས་གསལ་བསྒྲགས་བྱས་པ་དང༌། གསར་འགོད་པ་མང་པོར་བཅར་འདྲིའི་ལན་དུ་བོད་རང་བཙན་གཙང་མ་དགོས་འདུན་བཏོན་པ་ཡིན།
དྲི་བ། སྐུ་ཉིད་ཀྱིས་ཚོགས་པ་དེ་བརྒྱུད་བོད་དོན་དང་འབྲེལ་བའི་ཕྱག་ལས་མང་པོ་ཞིག་གནང་ཡོད་པ་རེད། དེར་གྲུབ་འབྲས་ཇི་ཙམ་ཐོན་མིན་དང༌། ལས་དོན་ཚགས་ཚུད་པ་གང་བྱུང་ཡོད་དམ།
ལན། གོང་ཞུས་ལྟར༌། ང་ཚོས་མི་དང་མིའི་དབར་འབྲེལ་ལམ་ཡོང་བར་ཤུགས་སྣོན་བརྒྱབ་པ་དང༌། ཚོགས་ཆེན་བསྡུ་བསྐོང་སོགས་ཀྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་མང་པོ་ཞིག་སྤེལ་ཡོད་ལ། དེ་ཙམ་མིན་པར་གུས་པས་ཚོགས་པ་གཞན་དུའང་ལས་ཀ་བྱས་པ་རེད། དཔེར་ན། གོ་མཚོན་དང་དམག་འཁྲུག་བཀག་སྡོམ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བཅས་ཀྱི་མཚོན་ལས་དོན་མང་པོར་ཞུགས་པ་མ་ཟད། རྒྱལ་ཁབ་མང་པོར་ཕྱིན་ཏེ་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུའི་གོ་སྐབས་མི་ཉུང་བ་ཞིག་བྱུང༌། གུས་རྒྱ་གར་གྱི་གཞོན་ནུའི་འཐུས་ཚབ་བྱས་ཏེ་༡༩༨༣ ལོར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་འཛམ་གླིང་གཞོན་ནུའི་ཚོགས་འདུར་བཅར་སྐབས་སུའང་བོད་དོན་དང་འབྲེལ་བའི་གནས་ཚུལ་བཤད་རྒྱུ་བྱུང༌། ༡༩༩༥ ལོར་སུད་སིར་རྒྱལ་ཁབ་༡༠༠ ལྷག་ནས་གོ་མཚོན་དང་དམག་འཁྲུག་བཀག་སྡོམ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐོག་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཚོགས་པ་རེད། སྐབས་དེར་ངོས་ཀྱིས་བོད་དོན་དང་ནང་ཆོས་བཅས་ཀྱི་སྐོར་གཏམ་བཤད་དང༌། སྲིད་དོན་མི་སྣ་དང་མི་སྣ་གལ་ཆེན་མང་པོ་ཞིག་ལ་བོད་ཀྱི་དཀའ་ངལ་དང༌། ཏཱ་ལའི་བླ་མ་མཆོག་གི་སྐོར་གསལ་བཤད་ཞུ་རྒྱུའི་གོ་སྐབས་བཟང་པོ་དེ་འདྲ་མང་པོ་བྱུང་བ་དེར་ད་ལྟའང་དགའ་ཚོར་ཆེན་པོ་འདུག་ལ། བོད་དོན་དང་འབྲེལ་བའི་ལས་དོན་གང་ཞུས་པ་དེ་དག་སེམས་ཤུགས་དང་ལྷག་བསམ་གྱི་ཐོག་ནས་བྱས་པར་བརྟེན་ད་དུང་སྤོབས་པ་ཆེན་པོ་འདུག
དྲི་བ། ད་ལྟ་ཧིན་བོད་མཛའ་འབྲེལ་ཚོགས་པར་ཕྱོགས་མང་པོ་ནས་འགྱུར་བ་ཐེབས་ཡོད་ཚོད་འདུག་ན་སྐུ་ཉིད་ལ་དགོངས་ཚུལ་གང་ཡོད་དམ།
ལན། གོང་ཞུས་ལྟར་རེད། གུས་པས་སྙིང་ཐག་པ་ནས་བོད་གཞུང་དང་བོད་མི་ཚོར་རེ་སྐུལ་ཞུ་རྒྱུ་ཞིག་ལ། ཆབ་སྲིད་ཚོགས་པ་བྱེ་བྲག་པའི་ལྟ་གྲུབ་དང་དབང་སྒྱུར་གྱི་འོག་ནས་ཚོགས་པ་དེ་དག་བརྒྱུད་རྒྱ་གར་མི་མང་ཕྱོགས་ཡོངས་སུ་བོད་དོན་ལས་འགུལ་སྤེལ་ཐབས་མེད་པར་བརྟེན། རྒྱ་གར་མི་མང་དང་དམིགས་བསལ་རིས་མེད་ཀྱི་ཐོག་ནས་མི་དང་མིའི་དབར་འབྲེལ་ལམ་མཐུད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཞིག་རེད་ལ། ང་ཚོས་གང་བྱེད་དགོས་པ་དེ་རྒྱ་གར་དང་བོད་མིའི་དབར་མཐུན་འགྲིག་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་པ་དེ་རེད་མ་གཏོགས། ཀོང་རེ་སི་ཚོགས་པ་དང༌། བྷི་ཇེ་པི་ཚོགས་པ་ཡིན་ནའང་འདྲ། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གི་གནད་དོན་དང་རྙོག་དྲ་དེ་བོད་མིའི་བདེ་དོན་དང་མཉམ་བསྲེས་བྱས་ན་ཕན་ཐོགས་གང་ཡང་ཡོད་པ་མ་རེད། འཕགས་བོད་འབྲེལ་མཐུད་ཚོགས་པས་ནམ་ཞིག་བགྲོ་གླེང་དང་ཚོགས་འདུ་གོ་སྒྲིག་བྱས་ཀྱང་རྒྱ་གར་གྱི་སྲིད་བློན་དང་པོ་ནེ་ཧ་རུ་མཆོག་ལ་མཚན་སྨད་བྱེད་ཀྱི་འདུག ནེ་ཧ་རུ་མཆོག་གི་སྐབས་བོད་ཀྱི་གནད་དོན་ཐོག་ཁོང་ལ་འགན་ཡོད་པ་དངོས་བདེན་རེད། ཁོང་ནི་རྒྱ་གར་ཙམ་མིན་པར་འཛམ་གླིང་ཐོག་དབུ་ཁྲིད་གལ་ཆེན་ཞིག་ལ་རྩི་ཡི་ཡོད་པ་དང༌། ཁོང་གིས་ཆབ་སྲིད་ཀྱི་ཐོག་ནས་ནོར་འཁྲུལ་ཤོར་ཡོད་ལ། ཕྱོགས་གཞན་ནས་དེའི་སྐབས་སུ་རྒྱ་གར་དེ་དམག་དོན་གྱི་སྟོབས་ཤུགས་མེད་ལ། ཆབ་སྲིད་དང་དཔལ་འབྱོར་སྤྱིའི་ཆ་ནས་ཧ་ཅང་ཞན་པོ་ཡོད་ཅིང༌། དེ་བཞིན་ཨ་རི་དང་དབྱིན་ཇི་སོགས་རྒྱལ་ཁབ་མང་པོ་ཞིག་ནས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་པ་དང༌། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱི་མི་མང་ས་ཡ་མང་པོ་ཡར་མར་གནས་སྤོས་དང༌། མི་ས་ཡ་མང་པོའི་ཚེ་སྲོག་ཤོར་བཞིན་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པར་བརྟེན། ཕྱོགས་མང་པོ་ནས་རྒྱ་ནག་དང་དམག་འཐབ་ཀྱིས་བོད་དོན་ཐག་གཅོད་བྱེད་རྒྱུར་ནུས་ཤུགས་ཀྱིས་འདེང་གི་མེད་པ་རེད། དེར་བརྟེན་སྲིད་དོན་ཚོགས་པ་གང་གིས་གཞུང་འཛིན་བྱེད་མིན་ལ་མ་ལྟོས་པར་བོད་དོན་དང་འབྲེལ་བའི་ཚོགས་པ་དེ་རྒྱ་གར་མི་མང་ཡོངས་ལ་སྒོ་ཕྱེས་ནས་འཇོག་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག
དྲི་བ། སྐུ་ཉིད་བོད་དོན་ཐོག་སེམས་ཤུགས་ཇི་ལྟར་སླེབས་མིན་དང་བོད་མིའི་སྤྱི་ཚོགས་སུ་མཐོང་ཚུལ་དང་མྱོང་ཚོར་གང་འདྲ་བྱུང་སོང༌།
ལན། ཚོགས་པ་དེ་བཙུགས་དགོས་དོན་དང་དེའི་ལས་དོན་རྣམས་ལ་དོ་ཁུར་བྱེད་དགོས་དོན་ནི། གཅིག་ནས་ཏཱ་ལའི་བླ་མ་མཆོག་ཧི་མ་ཅལ་དུ་བཞུགས་ཡོད་པ་དང༌། ཧི་མ་ཅལ་དེ་བཙན་བྱོལ་གཞུང་གི་བསྟི་གནས་རེད། གཉིས་ནས་གུས་པའི་ལས་དོན་ཡང་ཁྲིམས་ལུགས་ཀྱི་སྐོར་རེད། དེ་ནས་བོད་མི་རྣམས་རྒྱ་ནག་གི་གདུག་རྩུབ་འོག་ཆོས་དད་རང་དབང་སོགས་མེད་པར་ཇི་ལྟར་གནས་མིན་དང༌། རང་གི་རྒྱལ་ཁབ་དང་བཅས་པ་གཡུགས་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་དགོས་དོན་གསལ་རྟོགས་བྱུང་བར་བརྟེན། བཙན་བྱོལ་བོད་མི་རྣམས་བོད་རིགས་ཀྱི་མ་འོངས་པའི་རེ་བ་དང་རང་དབང་གི་མཚོན་རྟགས་རེད། སྤྱིའི་ཆ་ནས་བཤད་ནའང་བོད་མི་རྣམས་ཐོག་མར་མཐོང་དུས་ནས་ཆོས་སེམས་ཆེན་པོ་དང་ཞི་བདེ་བག་ཕེབས། བདེན་པ་བདེན་ཐུབ་ཀྱི་མི་རིགས་ཤིག་རེད་འདུག དྲང་བདེན་ལ་རྒྱབ་སྐྱོར་དང་རང་ཉིད་ཁྲིམས་རྩོད་པ་ཞིག་ཡིན་པའི་ཆ་ནས་བོད་མི་དང་བོད་མིའི་སྤྱི་ཚོགས་ལ་འབྲེལ་བ་བཟང་པོ་ཞིག་དང༌། དམིགས་བསལ་བོད་ནས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་ཕེབས་མཁན་གྱི་མི་སྣ་གལ་ཆེན་དེ་ཚོར་ཡང་སེམས་ཐག་ཉེ་བོ་ཆགས་པར་བརྟེན་དེ་ལས་ཀྱང་དོ་སྣང་དང་སེམས་ཤུཊ་ཆེ་རུ་ཕྱིན་སོང༌། གུས་པ་སྒེར་གྱི་ངོས་ནས་ཕྲུ་གུ་གཉིས་ཀ་ཡང་བོད་པའི་སློབ་གྲྭར་བཏང་ཡོད་པ་སོགས་ད་ལྟའང་བོད་པའི་སྤྱི་ཚོགས་དང་སེམས་ཐག་ཉེ་པོ་ཡོད།
དྲི་བ། རྒྱ་གར་དང་བོད་མི་རྣམས་ཀྱི་ཆེད་སྐུ་ཉིད་ཀྱིས་སྔོན་ནས་ད་བར་སྤྱི་ཚོགས་ཞབས་ཞུ་མི་དམན་པ་ཞིག་བསྒྲུབས་ཡོད་པར་བརྟེན་ཕྱོགས་གཉིས་ཀའི་མི་མང་ནས་ལྟ་སྟངས་གང་ཡོད་དང་ཕན་ཐོགས་ཇི་ཙམ་ཐོན་གྱི་འདུག་གམ།
ལན། མི་རིགས་གཉིས་ཀའི་དབར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དང༌། གུས་པས་རོགས་རམ་གང་ཞུས་པ་དེ་དག་ཡོངས་རྫོགས་ཁྲིམས་མཐུན་དང་བསམ་པ་རྣམ་དག་གིས་བྱས་པ་ཡིན་ཞེས་ཞུ་ཆོག དགོན་པ་དང་སློབ་གཉེར་ཁང་གསར་འཛུགས་ཐད་རོགས་པ་དང་དེ་དག་དེབ་སྐྱེལ་བྱེད་རྒྱུ། སྤྱི་ཚོགས་དང་འབྲེལ་བའི་ཚོགས་སྒེར་མང་པོ་ཞིག་ལ་དངོས་ཡོད་ཀྱི་ཕན་ཐོགས་བྱུང་སོང་སྙམ་པ་བྱུང༌། དེ་ཡང་རྒྱ་གར་གཅིག་པུ་མིན་པར་ཕལ་ཆེ་བ་བོད་པ་རེད། གཞན་ཡང་འཛམ་གླིང་གི་མི་སྣ་མང་པོ་ཞིག་གིས་ཀྱང་རོགས་པ་བྱེད་རོགས་ཟེར་གྱི་འདུག དེས་ག་དུས་ཡིན་ནའང་སེམས་ལ་དགའ་ཚོར་ཞིག་སྐྱེས་ཡོང་གི་འདུག
དྲི་བ། ད་ལྟའི་བཙན་བྱོལ་བོད་མིའི་ལས་འགུལ་དང་གནས་སྟངས་ཐོག་དགོངས་ཚུལ་གང་ཡོད་དམ།
ལན། བོད་མི་བཙན་བྱོལ་བའི་མི་རབས་ལ་ཕྱིར་བལྟས་ཤིག་བྱས་ན། ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་བོད་ནས་ཕེབས་མཁན་ཚོས་བོད་ཀྱི་དཀའ་སྡུག་དངོས་སུ་མྱངས་པ་དང༌། ཁོང་ཚོ་ཆོས་སེམས་དང་སེམས་ཤུགས་ཆེ་བ་མ་ཟད། དྲང་བདེན་ཤ་སྟག་དང༌། ཁོང་ཚོ་མང་པོ་ཞིག་ནས་མི་ཚེ་བོད་དུ་བསྐྱལ་བ་རེད། ༡༩༥༠ ཡས་མས་ནས་ལངས་ཕྱོགས་ཏོག་ཙམ་འགྱུར་བ་ཕྱིན་པའི་བཟོ་འདྲ་བོ་དང༌། དེ་རྗེས་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ཀྱང་རིམ་པས་འགྱུར་བ་ཕྱིན་པ་རེད་བསམ་གྱི་འདུག ད་ལྟ་བོད་མི་ཚོས་བོད་དེ་རང་སྲིད་རང་སྐྱོང་གི་མངའ་ཁུལ་ཞིག་གི་དགོས་འདུན་བཏོན་ནས་རྒྱ་ནག་གི་ཆ་ཤས་བྱེད་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང༌། གལ་སྲིད་དེ་ཐོབ་ཀྱང་བོད་མི་ཚོར་བོད་དུ་ལོག་ནས་དགོན་སྡེ་ཁག་དང་སློབ་གཉེར་ཁང་འཛུགས་སྐྲུན་གྱིས་ཆོས་དད་རང་མོས་སོགས་ཀྱི་ཐོབ་ཐང་དང༌། ཉིན་རེའི་བདེ་དོན་སྲུང་སྐྱོབ་བྱེད་རྒྱུ་ཏོག་ཙམ་ཡོད་ནའང༌། ལངས་ཕྱོགས་དེར་གུས་ལ་ཚོར་སྣང་མི་བདེ་བ་ཞིག་བྱུང་ལ། རྒྱ་གར་བ་མང་པོ་ཞིག་ལའང་དེ་བཞིན་ཡོང་གི་ཡོད་པ་རེད། མི་ལོ་༤༥ རིང་རྒྱ་གར་དུ་སྐྱེས་པ་དང་འཚར་ལོང་བྱུང་བའི་བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་དཀའ་སྡུག་དང་རྒྱ་མིའི་གདུག་རྩུབ་དངོས་སུ་མཐོང་མྱོང་མེད་པ་དང༌། མི་ལོ་༤༥ སྔོན་དུ་སླེབས་པའི་མི་རབས་ཕལ་ཆེ་བ་རྫོགས་ཟིན་པ་རེད། ཕྱོགས་གཅིག་ནས་བོད་མི་མང་པོ་ཞིག་འཛམ་གླིང་གང་སར་ཁ་ཐོར་ནས་གནས་པ་དང༌། གཞོན་སྐྱེས་རྣམས་རང་ཉིད་ཀྱི་མ་འོངས་པའི་མདུན་ལམ་ཐད་བློ་འཚབ་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག དུས་ཡུན་རིང་པོ་ཞིག་ལ་རེ་སྒུག་བྱས་ནས་རྟག་པར་བོད་དུ་ལོག་རྒྱུའི་བསམ་བློ་འཁོར་བ་རེད་དེ། ད་ལྟ་མང་པོས་རང་ཉིད་ཀྱི་མི་ཚེའི་ནང་བོད་དུ་ལོག་ཐུབ་ས་མ་རེད་བསམ་མཁན་ཡོད་པ་དང༌། ལོ་༤༥ རིང་རྒྱ་གར་མི་མང་ནས་ཀྱང་བོད་མི་ཚོར་སོ་སོའི་མི་རིགས་དང་གཅིག་མཚུངས་ཀྱིས་འཚོ་བ་མཉམ་སྐྱེལ་གྱི་མཐུན་འགྱུར་རོགས་རམ་བྱས་ཀྱང༌། བོད་རིགས་གཞོན་སྐྱེས་མང་པོ་ཞིག་ཕྱི་རྒྱལ་དུ་འགྲོ་རྒྱུར་འདོད་པ་ཡོད་པ་རེད། དེར་བརྟེན་གཙོ་བོ་གཞོན་སྐྱེས་ཚོར་གོ་བརྡ་གསལ་པོ་སྤྲོད་ཐབས་དང་རང་གི་མི་རིགས་དང་རྒྱལ་ཁབ་ཆེད་རང་དབང་ཆེ་ཙམ་གྱི་ཆ་རྐྱེན་བཏོན་ནས་ལས་འགུལ་མངོན་གསལ་དང་ཕན་ནུས་ཅན་ཞིག་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། བཙན་བྱོལ་དུ་ཡོད་པ་རྣམས་ཁ་འཐོར་དུ་མ་སོང་བའི་ཐོག་ནས་ཆིག་བསྒྲིལ་གྱིས་ལས་འགུལ་སྤེལ་དགོས་པ་ལས། རྒྱལ་ཁབ་གསུམ་པ་ཞིག་ཏུ་ཁ་འཐོར་སོང་ན་རིམ་པས་རྒྱ་མཚོར་རྡོ་ལྷུངས་པ་ལྟར་གར་སོང་ཆ་མེད་ཆགས་རྒྱུ་དང༌། མུ་མཐུད་ལས་འགུལ་མཇུག་སྐྱོང་བྱེད་རྒྱུ་ཤིན་ཏུ་ཁག་པོ་རེད། རྒྱ་ནག་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་གྲུང་པོ་ཞིག་བཟུང་སྟེ་རིམ་པས་དུས་ཚོད་འཁྱོལ་ཐབས་བྱེད་ཀྱི་ཡོད་པར་བརྟེན་གཞོན་སྐྱེས་ཚོར་གདེང་ཚོད་རྙེད་པ་དང༌། སེམས་ཐག་ཆོད་པོས་བོད་དང་བོད་མིའི་གནད་དོན་ཐོག་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཕྱོགས་གཞན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། རྒྱ་གར་བོད་ཀྱི་གྲོགས་པོའི་ཚོགས་པས་གཙོས་ཡུལ་གྲུ་གཞན་ནས་བོད་ཀྱི་གྲོགས་པོའི་ཚོགས་པ་སོགས་མང་པོ་ཡོད་པ་དེ་དག་གཞི་རྒྱ་ཆེ་བ་དང་ནུས་ཤུགས་ཀྱང་ཆེན་པོ་རེད། དེ་ཚོར་ཚོགས་མི་ཡང་མང་པོ་ཡོད་པ་དང་ལས་འགུལ་མི་ཉུང་བ་ཞིག་སྤེལ་བཞིན་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་གིས་བོད་དེ་ཚད་མཐོའི་རང་སྲིད་རང་སྐྱོང་ཞིག་དགོས་འདུན་བཏོན་ནས་ཕྱོགས་གཉིས་དབར་གྱི་ཞི་མཐུན་དང་བདེ་དོན་ལ་དགོངས་གཞི་རླབས་ཆེན་ཞིག་ཡོད་ནའང༌། རྒྱ་མིས་དེར་དོན་དངོས་ཐོག་ཡ་ལན་གསལ་ཁ་ཞིག་ད་དུང་ཡང་མེད་པ་མ་ཟད། བོད་མིས་བཏོན་པའི་དགོས་འདུན་ཁག་ཅིག་ཀྱང་ཁས་ལེན་བྱེད་རྒྱུར་གྲ་སྒྲིག་མེད་པ་དང༌། ད་ལྟ་འགྲོ་བཞིན་པའིཕྱོགས་གཉིས་ཀའི་བཀའ་མོལ་ལའང་མཐོང་འཇོག་དེ་ཙམ་བྱེད་ཀྱི་མེད་པར་བརྟེན་རྒྱ་མིའི་ལྟ་བ་མཁྲེགས་པོ་ཞིག་བཟུང་
ཡོད་པ་རྟོགས་ཐུབ།
དྲི་བ། སྐུ་ཉིད་ལ་བོད་དོན་སྐོར་ཐུགས་ཁུར་དེ་འདྲ་ཆེན་པོ་ཞིག་ཡོད་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག མ་འོངས་པར་ཡང་བོད་དོན་ཐོག་ལས་དོན་ཇི་འདྲ་ཞིག་སྤེལ་འཆར་ཡོད་དམ། ལན། མ་འོངས་པར་ཡང་སྤྱི་ཚོགས་གཉིས་དབར་མཐུན་འགྲིག་ཡར་རྒྱས་ཡོང་བར་གུས་ཀྱིས་དུས་ཚོད་མང་ཙམ་གཏོང་རྒྱུ་ཡིན་ལ། དེ་ཡང་སྔར་བཞིན་ཆབ་སྲིད་ཚོགས་པ་བྱེ་བྲག་པའི་ལྟ་གྲུབ་མེད་པའི་ཐོག་ནས་མི་རིགས་ཚང་མའི་དབར་མཐུན་འགྲིག་ཡོང་རྒྱུར་ཤུགས་སྣོན་དང༌། ལྷག་པར་དུ་ལས་དོན་དེ་ཡང་བོད་དོན་དང་བོད་ཀྱི་ཆོས་རིག་སྐོར་ཚོགས་འདུ་དང་བོད་མིའི་དཀའ་ངལ་བཅས་ཀྱི་ཐོག་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་ཚོགས་ཆེན་ཁ་ཤས་སུ་བཅར་དགོས་ཡོད་པར་བརྟེན་རིམ་པས་མཁྱེན་གྱི་རེད།
དྲི་བ། མཐའ་དོན་གནའ་བོའི་དུས་ནས་འཕཊ་བོད་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་ཅིག་ཡོད་པར་དྲན་གསོ་དང་འབྲེལ། འཕཊ་བོད་མི་མང་ལ་དམིགས་བསལ་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ། ལན། རྒྱ་གར་བ་དང་བོད་མི་དབར་མཐུན་འགྲིག་ཡར་རྒྱས་གཏོང་རྒྱུར་ལས་དོན་བྱེད་མཁན་མི་སྣ་སུ་ཡིན་རུང་སྲིད་དོན་མི་སྣ་བྱེ་བྲག་པའི་ལྟ་གྲུབ་དང་དབང་སྒྱུར་འོག་མ་ཚུད་པར་མི་མང་ཕན་ཚུན་དབར་མཛའ་མཐུན་བྱེད་དགོས་པའི་དམིགས་ཡུལ་དེ་མ་བརླགས་པའི་སྒོ་ནས་ལས་དོན་བསྒྲུབ་རྒྱུ་དང༌། ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་དང་གསུང་ཆོས་བཅས་ལ་ཉན་འཇོག་གིས་ལག་ལེན་དུ་འཁེལ་བར་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། བོད་མི་རྣམས་ཀྱི་སེམས་ཤུགས་མ་ཆགས་པ་ཞིག་ཡོང་བ་དང་བོད་དོན་བདེན་མཐའ་གསལ་ཐུབ་རྒྱུར་ཁོང་གི་ཐུགས་རྗེ་དང་བྱིན་རླབས་གཅིག་པུ་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ཡིད་ལ་བཞག་སྟེ་གུས་པས་མུ་མཐུད་བོད་དོན་ཐོག་སེམས་ཁུར་དང་བོད་དོན་བདེན་མཐའ་གང་མགྱོགས་སེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།།