དྲང་བདེན་ཡིན་པ་ཙམ་གྱིས་རྒྱལ་ཁབ་གཞན་གྱིས་རྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་རེད།
སློབ་དཔོན་ཆེན་མོ་ཤཱཀྱ་ཚེ་རིང་དབང་འདུས་ལགས་སུ་བཅར་འདྲི།
དབྱིན་ཡུལ་དུ་བཅའ་བཞུགས་སློབ་དཔོན་ཆེན་མོ་ཤཱཀྱ་ཚེ་རིང་དབང་འདུས་ཚེ་རིང་ཤཱཀྱལགས་ནི་༡༩༥༩ ལོར་ལྷ་སར་འཁྲུངས་ཤིང༌། བཙན་བྱོལ་དུ་འབྱོར་ནས་མ་སུ་རི་བོད་ཁྱིམ་སློབ་གྲྭ་བཅས་སུ་སློབ་སྦྱོང་དང༌། ལོན་ཌོན་གཙུག་ལག་སློབ་གྲྭ་(School For Oriental and African)ནས་ངད་ཁསློབ་ཐོན་གནང༌། ཁོང་གིས་སྔ་ཕྱིར་ཞིབ་འཇུག་བྱས་པ་བརྒྱུད་ཁ་བའི་ལྗོངས་སུ་འབྲུག་བབས་པ་(The Dragon in the Land of Snow)ཞེས་སོགས་འཛམ་གླིང་དུ་སྐད་གྲགས་ཆེ་བའི་དཔེ་དེབ་ཁག་ཅིག་བརྩམས་ཡོད་པ་དང༌། དེ་བཞིན་ཞིབ་འཇུག་གནང་བའི་གྲུབ་དོན་རྩོམ་ཡིག་གང་མང་ཞིག་རྒྱལ་སྤྱིའི་དུས་དེབ་ཁག་གི་ནང་དུ་བཀོད་ཡོད་པ་རེད། ཁོང་ལ་མཚོན་ན་སློབ་དཔོན་ཆེན་མོའི་ཕྱག་ཁྱེར་བཞེས་པའི་མཁས་དབང་ཞིག་ཡིན་ལ། དེང་སྐབས་ཀྱང་ལོན་ཌོན་དུ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས་མུས་སུ་ཡོད་པ་རེད།
དྲི་བ། བཙན་བྱོལ་བོད་གཞུང་གིས་ལམ་དབུ་མའི་དགོངས་དོན་བརྒྱུད་བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཚད་དང་ལྡན་པ་ཞིག་དགོས་ཀྱི་ཡོད་ཚུལ་གསུང་གི་ཡོད་པ་རེད། སྐུ་ཉིད་ཀྱིས་དགོངས་ཚུལ་ལ་རྒྱ་ནག་གི་གནས་སྟངས་དང༌། རྒྱལ་སྤྱིའི་གནས་སྟངས། བོད་ནང་གི་གནས་སྟངས་བཅས་ཕྱོགས་མང་པོ་ནས་བསམ་བློ་བཏང་ན་དེར་རེ་བ་འདུག་གམ།
ལན། ངས་དེ་ང་ཚོར་ཐོབ་མི་ཐུབ་པའི་དཀའ་ངལ་ཆེན་པོ་ཞེ་དྲག་མ་རེད་བསམ་གྱི་འདུག སྤྱིར་རྒྱ་ནག་དང་འབྲེལ་བ་བྱེད་རྒྱུ་དེ་དཀའ་ངལ་ཆེན་པོ་རེད། ཡིན་ནའང་བོད་ཆོལ་ཁ་གསུམ་གཅིག་གྱུར་བྱས་པའི་རང་སྐྱོང་ལྗོངས་ཞེས་པ་དེ་ཐ་མ་ག་རེ་ལ་རག་ལས་ཀྱི་འདུག་ཅེ་ན། རང་སྐྱོང་ལྗོངས་ཞེས་པའི་ཐ་སྙད་དེར་གོ་བ་ལེན་སྟངས་མི་འདྲ་བ་སྣ་ཚོགས་ཤིག་འདུག རྒྱ་མིས་རང་སྐྱོང་ལྗོངས་ཞེས་པའི་གོ་བ་ལེན་སྟངས་དང༌། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སྟེང་ནས་གོ་བ་ལེན་སྟངས་གཉིས་རྦད་དེ་ཐ་དད་རེད། ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་རང་སྐྱོང་ལྗོངས་དགོས་ཀྱི་ཡོད་ཅེས་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་རང་སྐྱོང་ཞེས་པ་དེར་གོ་བ་བླངས་ནས་སྐད་ཆ་ཤོད་ཀྱི་ཡོད་པ་རེད། རྒྱ་མིས་ཚུར་ཁོ་རང་ཚོའི་རང་སྐྱོང་ལྗོངས་ཞེས་པའི་ཐ་སྙད་དེར་གོ་བ་བླངས་ནས་སྐད་ཆ་གཅིག་ཤོད་ཀྱི་ཡོད་པ་རེད། ཐ་སྙད་དེར་དབྱེ་བ་དང་ཞིབ་ཚགས་པོའི་ཐོག་ནས་འགྲེལ་བཤད་ཅིག་མེད་པ་ཡིན་ན། རྒྱ་མིའི་ངོས་ནས་རང་སྐྱོང་ལྗོངས་བོད་ལ་ཡོད་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། བོད་རང་སྐྱོང་ལྗོངས་དང༌། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་གྱི་ཡོད་པ་རེད། ང་ཚོར་རང་སྐྱོང་ལྗོངས་དང༌། རང་ཐག་རང་གཅོད་ཅེས་པ་དེ་མིང་ཙམ་མིན་པར་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ། མི་རིགས་ཀྱི་རེ་སྨོན་དང་མཐུན་པའི་རང་སྐྱོང་ལྗོངས་ཤིག་དགོས་ཀྱི་ཡོད་པ་རེད་མ་གཏོགས། རྒྱ་ནག་གཞུང་གིས་རང་སྐྱོང་ཞེས་པའི་གོ་བ་ལེན་སྟངས་དང་འདྲ་ཡི་མ་རེད། གཉིས་ནས་རྒྱ་ནག་གཞུང་གིས་རྒྱལ་ཁབ་སྐྱོང་བའི་སྲིད་ཀྱི་ལམ་ལུགས་དེར་འགྱུར་བ་ཆེན་པོ་ཞིག་མ་ཕྱིན་པར་རང་སྐྱོང་ལྗོངས་ཡོང་སྲིད་ཀྱི་མ་རེད། དཔེ་བཞག་ན་རྒྱ་ནག་གཞུང་དང་གུང་ཁྲན་ཏང་གཉིས་ལ་དབྱེ་བ་ཞིག་ཡོད་པ་རེད། གཞུང་དབང་ཆེ་ཡི་རེད་དམ། ཡང་ན་གུང་ཁྲན་ཏང་དབང་ཆེ་ཡི་རེད་ཅེ་ན་གུང་ཁྲན་ཏང་དེ་དབང་ཆ་དང་ནུས་པ་ཆེ་བ་ཡོད། གུང་ཁྲན་ཏང་གིས་ཐེ་བྱུས་བྱས་པ་ཡིན་ན་དེ་གཞུང་གི་སྲིད་བྱུས་ཆགས་ཀྱི་རེད་མ་གཏོགས། གཞུང་གི་འཆར་གཞི་ཞིག་ལ་གུང་ཁྲན་ཏང་གིས་མོས་མཐུན་མེད་ན་ཡོང་སྲིད་ཐབས་ཡོད་པ་མ་རེད། ཏང་གཅིག་གྱུར་ཡིན་ན་བོད་རང་སྐྱོང་ལྗོངས་རེད་ཅེས་ལབ་པ་ཡིན་ཡང་ཏང་དེས་ཐེ་བྱུས་བྱས་ན་རང་སྐྱོང་ལྗོངས་རྩ་མེད་བཟོས་ཚར་བ་རེད་བསམ་གྱི་འདུག དེ་ཡིན་དུས་དབུ་མའི་ལམ་གྱི་ཐོག་ནས་རང་སྐྱོང་ལྗོངས་ཞེས་པའི་གོ་བ་ལེན་སྟངས་དེ་ཞུས་པ་ཡིན་ན། རྒྱ་ནག་ཡོངས་ཀྱི་སྲིད་སྐྱོང་སྟངས་ཀྱི་ལམ་ལུགས་ལ་འགྱུར་བ་ཆེན་པོ་ཞིག་མ་བཏང་བ་ཡིན་ན་ང་ཚོའི་རང་སྐྱོང་ལྗོངས་དེ་ཡོང་སྲིད་ཐབས་ཡོད་པ་མ་རེད་བསམ་གྱི་འདུག
དྲི་བ། དེང་སྐབས་འཛམ་གླིང་གི་གནས་སྟངས་དང་ལྷག་པར་ཡོ་རོབ་ཁུལ་ལ་མཚོན་ན་རང་བཙན་ཡོད་པའི་རྒྱལ་ཁབ་དེ་ཚོས་ཀྱང་མཉམ་འབྲེལ་བྱེད་རྒྱུར་ཤུགས་རྒྱག་གི་ཡོད་པ་རེད། ད་ལྟའི་བོད་ཀྱི་གནས་སྟངས་ཀྱི་ཆ་ནས་དང༌། ལྷག་པར་དུ་མ་འོངས་པར་ཡང་ང་ཚོར་རང་བཙན་ཐོབ་པ་ལས་རང་སྐྱོང་ཚད་དང་ལྡན་པ་ཞིག་བྱུང་ན་ཁེ་ཕན་ཆེ་བའི་དགོངས་ཚུལ་འཛིན་མཁན་དང༌། རྒྱ་ནག་གི་མངའ་ཁོངས་སུ་རང་སྐྱོང་གིས་ཕན་ཐོགས་གང་ཡང་མེད་པར་རང་བཙན་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད་པ་རེད། དེ་གཉིས་ཀྱི་ནང་ནས་ང་ཚོའི་གནས་བབས་དང་འཚམ་པ་དེ་གང་ཡིན་པར་ངོས་འཛིན་གནང་གི་ཡོད།
ལན། ཡོ་རོབ་གྲོས་ཚོགས་ནང་དུ་འཛུལ་རྒྱུ་ཡིན་ཟེར་མཁན་གྱི་རྒྱལ་ཁབ་མང་པོ་ཡོད་པ་རེད། ཤར་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་འཛུལ་མ་ཐུབ་པའི་དཀའ་ངལ་ཡོད་པ་རེད། ཡིན་ནའང་འཛུལ་བ་ཙམ་གྱིས་རྒྱལ་ཁབ་དེ་ཉམས་པ་རེད་ཟེར་ན་དེ་རྩ་བ་རང་ནས་མ་རེད། རྒྱལ་ཁབ་དེའི་ངོ་བོ་དང༌། ལམ་ལུགས་དེ་ཚོ་གཏན་དུ་སྡོད་ཀྱི་ཡོད་པ་རེད་མ་གཏོགས་འཛུལ་བ་ཙམ་གྱིས་རྒྱལ་ཁབ་དེ་ཡལ་འགྲོ་ཡི་ཡོད་པ་མ་རེད། གཉིས་པ་ཡོ་རོབ་རྒྱལ་ཁབ་ནང་དུ་འཛུལ་རྒྱུ་ཡིན་ཟེར་མཁན་དེ་ཚོ་ལ་དཔལ་འབྱོར་གྱི་ཁྱད་པར་ཆེན་པོ་ཡོད་པ་རེད། ཁེ་ཕན་ཞིག་ཡོད་ཙང་འཛུལ་རྒྱུ་ཡིན་ལབ་ཀྱི་ཡོད་པ་རེད་མ་གཏོགས་ཁེ་ཕན་མེད་ན་འཛུལ་གྱི་ཡོད་པ་མ་རེད། ཁེ་ཕན་ཚང་མ་རྒྱ་མི་ལ་ཡོད་པ་རེད་མ་གཏོགས། ང་ཚོ་བོད་མི་རིགས་ལ་ཁེ་ཕན་གང་ཡང་ཡོད་པ་མ་རེད། རྒྱལ་ཁབ་གཞན་པའི་གཅིག་གྱུར་བྱས་པར་ཁེ་ཕན་ཆེན་པོ་ཞེ་དྲག་ཡོད་པ་རེད། བྱས་ཙང་རྒྱལ་ཁབ་དེའི་མི་སེར་གྱི་ཁེ་ཕན་དང་མི་སེར་གྱི་རེ་བ་དང་བསྟུན་ཐུབ་པའི་སྐད་ཆ་ཞིག་རེད་བསམ་གྱི་འདུག སྤྱིར་བཏང་ཁེ་ཕན་མེད་ན་རྒྱལ་ཁབ་ཕྱིར་འཐེན་བྱེད་མཁན་ཡོང་གི་ཡོད་པ་རེད། ཡོ་རོབ་ནང་གི་གནས་སྟངས་དེ་དང་ཨེ་ཤ་ཡ་གཉིས་ཀྱི་གནས་སྟངས་ཐ་དད་རེད། དཔལ་འབྱོར་དང་ནུས་པ་ཞེ་དྲག་ཁྱད་པར་ཡོད་པ་རེད་བསམ་གྱི་འདུག
དྲི་བ། དེང་སྐབས་ཁག་ཅིག་གིས་རང་བཙན་ནམ་རྒྱལ་ཁབ་ཀྱི་བདག་དབང་ལས་རིག་གཞུང་གལ་ཆེ་ཡི་རེད། རིག་གཞུང་ཉམས་པ་ཡིན་ན་རྒྱལ་ཁབ་ཀྱི་བདག་དབང་ཐོབ་པ་ཡིན་ནའང་ཕན་ཐོགས་ཡོད་པ་མ་རེད་ཅེས་ཤོད་མཁན་གྱི་རིགས་གཅིག་དང༌། རྒྱལ་ཁབ་ཀྱི་བདག་དབང་སྐྱོང་ཐུབ་པ་ཞིག་ཡོང་ན་རིག་གཞུང་དེ་ཙམ་གྱི་གལ་ཆེན་པོ་མ་རེད་ཅེས་ཤོད་མཁན་གྱི་རིགས་གཅིག་བཅས་རིགས་གཉིས་ཡོད་པ་རེད། སྐུ་ཉིད་ལ་མཚོན་ན་དེའི་ཐད་དགོངས་ཚུལ་ག་རེ་ཡོད་དམ།
ལན། རྒྱལ་ཁབ་ཀྱི་བདག་དབང་དེ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག ཡིན་ནའང་དེང་སྐབས་འཛམ་བུའི་གླིང་ཚང་མ་འགྱུར་བ་ཕྱིན་ནས་ལུང་པ་དེར་བདག་དབང་ཡོད་པ་ཙམ་གྱིས་ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་རེད་དམ་ཞེ་ན་ཡོད་པ་མ་རེད། དེང་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོང་དོན་གྱི་ཁྲིམས་ལུགས་ཤིག་སྤེལ་ཡོད་པ་རེད། ཁྱིམ་མཚེས་རྒྱལ་ཁབ་དེ་ཚོ་ཐུན་མོང་གིས་ཁྲིམས་ལུགས་ཤིག་སྤེལ་ཡོད་པ་རེད། སོ་སོའི་བདག་དབང་དེ་ཞེ་དྲག་ལག་ལེན་དུ་བསྟར་གྱི་ཡིན་ཞེས་བསྒྲུབ་ཐུབ་པའི་རྣམ་པ་ཞིག་ཡོད་པ་མ་རེད། རྒྱལ་ཁབ་ཚང་མ་མཐུན་དགོས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་ཁྲིམས་ལུགས་དང་མཐུན་པ་ཞིག་བྱེད་དགོས་པ་རེད། དེ་འདྲ་ཡིན་དུས་རྒྱལ་ཁབ་སོ་སོའི་བདག་དབང་གི་ནུས་པ་དེ་ཉམས་པ་དང་ཤུགས་ཆུང་དུ་ཕྱིན་པ་རེད། དེ་མ་བྱས་པར་ང་ཚོའི་རྒྱལ་ཁབ་ལ་བདག་དབང་ཡོད། ང་ཚོ་གཅིག་པུས་དམིགས་བསལ་བྱེད་ཀྱི་ཡིན་ལབ་ན་ཁེར་རྐྱང་དུ་ལུས་ཀྱི་ཡོད་པ་རེད། ཨབ་གྷ་ནི་སི་ཐན་ལ་བདག་དབང་ཡོད་པ་རེད་དམ་ཞེ་ན་ཡོད་པ་རེད། ཡིན་ནའང་ལུང་པ་སྐྱོ་པོ། ཐན་པ་སྣ་ཚོགས་ཡོང་གི་ཡོད་ཅིང༌། མི་ལ་བདེ་སྐྱིད་མེད་ན་རྒྱལ་ཁབ་ལ་བདག་དབང་ཡོད་ནའང་ཕན་ཐོགས་བྱུང་ཡོད་པ་མ་རེད། ཁེར་རྐྱང་དུ་ལུས་ཡོད་པ་རེད། དེ་རིང་ཁ་སང་འཛམ་གླིང་ཡོངས་སུ་ཚོང་ལས་ཀྱི་ཐོག་ནས་གཅིག་གྱུར་བྱེད་དགོས་པ་རེད། དཔེར་ན་འཛམ་གླིང་གི་ཁྱོན་ཡོངས་སུ་ཤོག་བུའི་ཚད་དེ་གཅིག་གྱུར་བྱེད་དགོས་པ་རེད། དེ་བྱེད་དགོས་པ་རེད་ཅེས་ལབ་མཁན་ཡོད་པ་མ་རེད་དེ། ཁམ་པུའི་ཊར་ནང་ཤོག་བུའི་ཚད་གཞི་གཅིག་འགྲོ་ཡི་ཡོད་ཙང་ཚང་མས་ཤོག་བུ་དེའི་ཚད་གཞི་བཟོ་རྒྱུ་མ་གཏོགས་ཡོང་གི་མ་རེད། མ་འོངས་པར་གནའ་སྔ་མོ་ང་ཚོའི་ཤོག་བུའི་ཚད་འདི་འདྲ་ཞིག་ཡིན་ཞེས་ཤོག་བུའི་ཚད་ཆེ་ཆུང་གཞན་དང་མི་འདྲ་བ་ཞིག་དགོས་ཀྱི་ཡོད་ཅེ་ན་དེས་ཕན་ཐོགས་མེད་པར་གྱོང་རག་གི་རེད། དེ་རྒྱལ་ཁབ་ཀྱི་བདག་དབང་མ་ཡིན་པར་ཚོང་ལས་དང༌། རིག་གཞུང་གི་ཐོག་ནས་ཡིན་ཡང་མང་པོ་ཞིག་རང་བཞིན་གྱིས་གཅིག་གྱུར་ཆགས་འགྲོ་ཡི་ཡོད་པ་རེད། བདག་དབང་མེད་ན་རིག་གནས་གོང་འཕེལ་གཏོང་རྒྱུ་སོགས་ལ་ཕོག་ཐུག་འགྲོ་ཡི་ཡོད་པ་རེད། ང་ཚོ་བོད་དེ་བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་ང་ཚོས་དངོས་གནས་སློབ་གསོ་དང་སྐད་ཡིག་ཚང་མ་བོད་ཡིག་ནང་ནས་བྱེད་ཐུབ་ཀྱི་རེད། བྱིས་པའི་སློབ་གྲྭ་ནས་མཐོ་རིམ་སློབ་གྲྭའི་བར་དུ་བོད་ཡིག་ནང་ནས་བྱེད་ཐུབ་ཀྱི་རེད། ད་བར་ང་ཚོས་ཁམ་པུའི་ཊར་གྱི་ནང་ལས་ཀ་ཚང་མ་བོད་ཡིག་གི་ནང་དུ་ཡོད་པ་མ་རེད། ག་རེ་རེད་ཅེ་ན་བོད་ཡིག་ནང་དུ་ཁྲོམ་ར་ཡོད་པ་མ་རེད་ལ། ཁེ་བཟང་མེད་ན་བྱེད་ཀྱི་མ་རེད། གལ་སྲིད་ང་ཚོ་བོད་དེ་བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་ང་ཚོའི་གཞུང་ཚང་མ་དང༌། སློབ་གྲྭ་ཚང་མས་བེད་སྤྱོད་བྱས་ན་ཁམ་པུའི་ཊར་གྱི་ལས་ཀ་ཚང་མ་ང་ཚོས་བོད་ཡིག་གི་ནང་དུ་ཕབ་རྒྱུ་དེ་དཀའ་ངལ་གཅིག་ཀྱང་མ་རེད། དེ་སྒྱུ་རྩལ་གྱི་ཐོག་ནས་དཀའ་ངལ་མ་རེད། ལམ་སེང་བཟོ་ཐུབ་ཀྱི་རེད། ཚོང་གི་ཐོག་ནས་ཁྲོམ་ར་ཡོད་པ་མ་རེད། ཁམ་པུའི་ཊར་ཚང་མ་བོད་ཡིག་ཏུ་བསྒྱུར་རྒྱུ་ཡིན་ལབ་ན་ཉོ་མཁན་མི་གཅིག་སྟོང་ལས་མེད་ན་དེས་ཡོང་གི་མ་རེད། བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་གནམ་གྲུའི་ཐང་གི་ལས་བྱེད། སྦྲག་ཁང་སོགས་ཚོང་ལས་ཚང་མ་ཁམ་པུའི་ཊར་ནང་ལ་བོད་ཡིག་བེད་སྤྱོད་བྱས་ན་ཚོང་པ་ལ་ཁེ་ཕན་ཡོད་ཙང་ཚོང་པས་བཟོ་ཡི་རེད། བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་རིག་གནས་ལ་ཕན་གྱི་རེད། བདག་དབང་མེད་པའི་རྒྱལ་ཁབ་ཡིན་ན་རིག་གནས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མ་རེད་བསམ་གྱི་འདུག ངས་རིག་གཞུང་སྲུང་སྐྱོབ་ཅེས་པ་དེ་མཆོད་གཤོམ་ནང་དུ་བསྒྲིགས་པའི་རྣམ་པ་གཅིག་པུ་ཙམ་མིན་པར་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཉིན་རེ་ཉིན་རེ་བཞིན་ལག་ལེན་དུ་བསྟར་ཐུབ་པ་ཞིག་དགོས་པ་རེད་བསམ་གྱི་འདུག
དྲི་བ། བོད་ནང་རྩོམ་ཡིག་འབྲི་བ་སོགས་དམངས་ཁྲོད་དུ་ཤེས་ཡོན་གྱི་སྐོར་ནས་སྔོན་མ་དང་བསྡུར་ན་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། བཙན་བྱོལ་ཁྲོད་དུའང་རྒྱལ་སྤྱིའི་ཐོག་ལ་རྣམ་དཔྱོད་ངོམ་ཐུབ་པའི་རྩོམ་པ་པོ་དེ་འདྲ་ཡང་རེ་ཟུང་ཐོན་ཡོད་པ་རེད། འོན་ཀྱང་བོད་ཕྱི་ནང་གཉིས་ནས་དཔལ་འབྱོར་རིག་པ་དང་བཟོ་རྩལ་ཚན་རིག་སོགས་གང་ཐད་ནས་སློབ་སྦྱོང་ཐོན་མཁན་རྒྱ་ཆེན་པོ་ཞིག་མེད་པས། གལ་སྲིད་མ་འོངས་པར་བོད་ཀྱི་བདག་དབང་དེ་བོད་པའི་ལག་ཏུ་ཡོང་སྲིད་པའི་དབང་དུ་བཏང་ཡང༌། འཛིན་སྐྱོང་གི་ཆ་ནས་རྒྱ་ནག་དང་མཉམ་འབྲེལ་བྱས་ན་ཁེ་ཕན་ཆེ་བ་ཡོད་པ་ལྟ་བུ་གཟིགས་ཀྱི་ཡོད་དམ། ཡང་ན་ལོགས་སུ་ཁ་བྲལ་ནས་འཛིན་སྐྱོང་བྱེད་པར་དཀའ་ངལ་མེད་པ་ཞིག་གཟིགས་ཀྱི་ཡོད།
ལན། བོད་ཀྱི་ས་ཆ་ཆགས་སྟངས་ལ་བལྟས་པ་ཡིན་ན་ང་ཚོ་བོད་པ་ཕྱི་ལ་དོན་དགོས་ན་རྒྱ་ནག་གམ། ཡང་ན་རྒྱ་གར་ནས་དོན་དགོས་པ་རེད་མ་གཏོགས་ང་ཚོ་ལ་མཚོ་ཐོག་ཡོད་པ་མ་རེད། མཚོ་ཐོག་མེད་པའི་རྒྱལ་ཁབ་ལ་དབྱིན་སྐད་དུ་སྒོ་ལྕགས་བརྒྱབ་པའི་ལུང་པ་ཞེས་བརྗོད་ཀྱི་ཡོད་པ་རེད། ཕྱི་ལོགས་སུ་དོན་ས་ཡོད་པ་མ་རེད། དཔེར་ན་བོད་ལ་ལུག་འབེལ་པོ་ཡོད་པ་རེད། བལ་དེ་ཚོ་རྒྱལ་སྤྱིའི་ཐོག་ཏུ་ཚོང་འགྲེམས་དགོས་པ་ཡིན་ན། ཡང་ན་རྒྱ་གར་ནས་གཏོང་དགོས་པ་རེད། ཡང་ན་རྒྱ་ནག་ནས་གཏོང་དགོས་པ་རེད། གལ་སྲིད་རྒྱ་གར་དང་རྒྱ་ནག་ནས་གཏོང་ཆོག་གི་མེད་ཟེར་ན་འགྲོ་ས་ཡོད་པ་མ་རེད། ཁོང་གཉིས་གཅིག་ལ་རེ་དགོས་པ་རེད། ཁོང་ཚོས་ང་ཚོར་སྣུམ་གཏོང་གི་མིན་ལབ་ན་ང་ཚོས་འཕྲུལ་འཁོར་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོར་བདག་དབང་ཡོད་པ་ཡིན་ནའང༌། ནུས་པ་མེད་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཏན་ཏན་ང་ཚོར་ཚོང་ལས་སོགས་ཕྱོགས་གང་གི་ཐད་ནས་བསམས་ཀྱང་རྒྱ་གར་སོགས་ཁྱིམ་མཚེས་རྒྱལ་ཁབ་ཚང་མ་ལ་མཐུན་འབྲེལ་བཟང་པོའི་ཐོག་ནས་བྱ་བ་ཞིག་སྤེལ་མ་ཐུབ་པ་ཡིན་ན། ང་ཚོར་རྒྱལ་ཁབ་ཡོད་ཀྱང་རྣམ་པ་ཤུགས་ཆེན་པོ་ཞིག་སྟོན་ཐུབ་ཀྱི་མ་རེད། དེ་ཡིན་དུས་དམིགས་བསལ་གྱིས་རྒྱ་ནག་དང༌། རྒྱ་གར་སོགས་དང་མཐུན་འབྲེལ་བྱེད་རྒྱུ་དེ་བོད་ལ་གལ་ཆེན་པོ་ཞེ་དྲག་ཆགས་ཡོང་གི་རེད་བསམ་གྱི་འདུག
དྲི་བ། རྒྱལ་སྤྱིའི་ཐོག་ནས་བོད་དོན་ཐད་ལྟ་སྟངས་དེ་ཚད་མཐོ་དམན་ག་འདྲ་ཞིག་ཡོད་དམ།
ལན། ངའི་སེམས་ལ་འཛམ་གླིང་ཡོངས་སུ་མི་མང་ཕལ་མོ་ཆེའི་སེམས་ལ་བོད་ཀྱི་འཐབ་རྩོད་དེ་དྲང་བདེན་ཡིན་པ་ཞིག་ལ་ངོས་ལེན་བྱེད་ཀྱི་རེད་བསམ་གྱི་འདུག རྒྱལ་ཁབ་ཀྱི་སྲིད་བྱུས་དང་ལྷག་པར་དུ་ཁེ་ཕན་དང་འབྲེལ་བའི་སྲིད་བྱུས་དེ་གནས་ཚུལ་ཐ་དད་རེད་བསམ་གྱི་འདུག སྤྱིར་བཏང་རྒྱལ་ཁབ་སུ་ཡིན་ཡང་སོ་སོའི་ལུང་པའི་དཔལ་འབྱོར་དང་བདེ་འཇགས། བརྟན་ལྷིང་དེ་གལ་ཆེན་པོར་བརྩི་ཡི་རེད་མ་གཏོགས་ལུང་པ་གཞན་ཞིག་གི་གནས་ཚུལ་དེ་གལ་ཆེན་པོར་བརྩི་ཡི་མ་རེད། ཨ་རི་དང༌། དབྱིན་ཇི། རྒྱ་གར་སོགས་རྒྱལ་ཁབ་གང་ཡིན་ཡང་ཁོ་རང་ཚོ་ལ་ཁེ་ཕན་ཞིག་འདུག་ན་ལུང་པ་དེའི་གནས་ཚུལ་ལ་དོ་སྣང་བྱེད་ཀྱི་རེད། ང་ཚོ་བོད་དེ་ཕྱིའི་རྒྱལ་ཁབ་སུ་ཡིན་ཡང་ཁོ་རང་ཚོ་ལ་ཁེ་ཕན་གང་ཡང་ཡོད་པ་མ་རེད། ཨ་རིའི་མ་རྩ་ཅན་མང་པོས་བོད་ནང་ལ་མ་རྩ་བཙུགས་ཡོད་པ་རེད་དམ་ཞེ་ན་ཡོད་པ་མ་རེད། ཨ་རི་ལ་ཡིན་གཅིག་མིན་གཅིག་དགོས་པའི་ཅ་ལག་ཅིག་བོད་ནང་ཡོད་པ་རེད་དམ། དབྱིན་ཇི་དང༌། ཉི་ཧོང་སོགས་སུ་གཅིག་ལ་ཁེ་ཕན་ཡོད་པ་ཞིག་ཡོད་པ་མ་རེད། འཛམ་གླིང་གི་ས་ཆ་མང་པོ་ཞིག་ལ་རྡོ་སྣུམ་ཡོད་པ་ཡིན་དུས་ཨ་རིར་རྡོ་སྣུམ་གྱི་ཐོན་སྐྱེད་དེ་དགོས་ཀྱི་ཡོད་སྟབས་ཨ་རི་ལ་རྒྱལ་ཁབ་དེ་ཚོ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། རྡོ་སྣུམ་འདྲེན་མ་ཐུབ་ན་ཨ་རི་ལ་ཕོག་ཐུག་ཞེ་དྲག་ཡོང་གི་ཡོད་པ་རེད། དེ་ཡིན་དུས་ཨ་རིས་རྒྱལ་ཁབ་དེ་ཚོར་རྒྱབ་སྐྱོར་དང་ཐེ་བྱུས་བྱེད་ཀྱི་ཡོད་པ་རེད། ང་ཚོ་བོད་ཀྱི་གནས་ཚུལ་དེ་དྲང་བདེན་ཡིན་ནའང་རྒྱལ་ཁབ་སོ་སོས་བལྟ་དུས་མིག་གི་ནང་ལ་ཁེ་ཕན་ཡོད་པའི་གནས་ཚུལ་ཞིག་མཐོང་གི་ཡོད་པ་མ་རེད། འཛམ་གླིང་གི་སྤྱི་ཚོགས་གང་དུ་ཡིན་ཡང་དྲང་བདེན་ཡིན་པ་ཙམ་གྱིས་རྒྱལ་ཁབ་གཞན་གྱིས་རྒྱབ་སྐྱོར་བྱེད་རྒྱུ་དེ་དཔེ་མི་སྲིད་པའི་ཁག་པོ་རེད་ལ། བྱེད་ཀྱི་ཡང་མ་རེད་བསམ་གྱི་འདུག
དྲི་བ། སྐུ་ཉིད་རྒྱ་ནག་དང༌། བོད་ནང་དུ་ཕེབས་ནས་ཤེས་ཡོན་ཅན་མང་པོ་ཞིག་དང་ཐུག་འཕྲད་བྱུང་ཡོད་པ་རེད། དེར་བརྟེན་ལྷག་པར་དུ་རྒྱ་རིགས་མཁས་པ་ཚོ་དང༌། བོད་རིགས་མཁས་པ་ཚོས་བོད་དོན་ལ་ལྟ་སྟངས་སྔོན་མ་ལས་འགྱུར་བ་ཕྱིན་འདུག་དགོངས་ཀྱི་ཡོད་དམ།
ལན། རྒྱ་མི་གཞོན་སྐྱེས་ཤེས་ཡོན་ཅན་དང༌། བོད་ནང་ནས་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་མཁས་པ་དེ་ཚོའི་བསམ་ཚུལ་མང་པོ་ཞིག་འགྱུར་བ་ཕྱིན་པ་རེད་བསམ་གྱི་འདུག རྒྱ་ནག་གི་ཤེས་ཡོན་ཅན་མང་པོ་ཞིག་གིས་གཞུང་གིས་གསལ་བསྒྲགས་བྱས་པ་ལ་ཡིད་ཆེས་བྱེད་ཀྱི་མ་རེད། རྒྱ་ནག་གཞུང་གིས་བོད་དེ་སྔོན་མ་བཀས་བཀོད་རྒྱུན་འཛིན་རིང་ལུགས་པ་ཡིན་པ་དང༌། བོད་ཀྱི་གནས་ཚུལ་དེར་ཨ་རིས་ཐེ་བྱུས་བྱས་པ་རེད་ཅེས་དང༌། སྔོན་མ་སྐུ་དྲག་ཉུང་ཤས་ཤིག་གི་གནས་ཚུལ་རེད་ཟེར་བ་དེ་ཚོར་རྒྱ་མི་མང་པོས་ཡིད་ཆེས་བྱེད་ཀྱི་མ་རེད། དེ་བཞིན་བོད་ནང་གི་ཤེས་ཡོན་ཅན་དེ་ཚོས་ཀྱང་རྒྱ་མིའི་གསལ་བསྒྲགས་ལ་ཡིད་ཆེས་བྱེད་ཀྱི་མ་རེད། སོ་སོས་དངོས་སུ་མྱངས་པ་དང་མཐོང་བའི་གནས་ཚུལ་ཞིག་ཡིན་དུས། གཞུང་གི་གསལ་བསྒྲགས་དང་སྒེར་གྱི་ཉམས་མྱོང་དེ་ཞེ་དྲག་གི་ཁྱད་པར་ཆེན་པོ་ཤོར་ཡོད་པ་རེད། བོད་ནང་ལ་བསམ་བློ་གསར་པ་ཞིག་སླེབས་ཡོད་པ་རེད་བསམ་གྱི་འདུག མང་ཚོགས་ཀྱིས་ཆ་རྐྱེན་དང་མིའི་ནུས་པ་དེ་ག་རེའི་ཐོག་ནས་ཡར་རྒྱས་གཏོང་དགོས་པའི་བསམ་ཚུལ་དེ་ཤུགས་ཆེན་པོ་ཞེ་དྲག་ཡོང་གི་འདུག བསམ་ཚུལ་དེ་གང་ནས་ཡོང་གི་ཡོད་པ་རེད་ཅེ་ན་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་མི་རིགས་གཞན་ཞིག་ལ་འཐབ་རྩོད་བྱེད་དགོས་པ་ཡིན་ན། ཁོང་ཚོའི་མཉམ་དུ་འགྲན་བསྡུར་བྱེད་ཐུབ་པ་ཞིག་དང༌། དེ་ཡང་ཤེས་བྱ་ཡོན་ཏན་གྱི་ཐོག་ནས་འགྲན་ཟླ་བྱེད་དགོས་པ་ཞིག་ཆགས་ཡོད་པ་རེད་མ་གཏོགས། མེ་མདའ་ཁུར་ནས་དྲག་པོས་འཐབ་རྩོད་བྱས་ཏེ་ཡོང་མི་སྲིད་པའི་གནས་ཚུལ་ཞིག་ཆགས་ཡོད་པ་དེ་ཚང་མས་ཁས་ལེན་བྱེད་ཀྱི་འདུག བྱས་ཙང་བོད་ནང་ནས་ཤེས་བྱ་ཡོན་ཏན་ལ་བརྩོན་འགྲུས་བྱེད་པ་དེ། སོ་སོ་མི་སྒེར་གྱི་སློབ་སྦྱོང་བྱེད་པ་དེ་ངས་མི་རིགས་ཀྱི་ཆེད་དུ་བྱེད་ཀྱི་ཡོད་བསམ་གྱི་ཡོད་པ་མ་རེད་དེ། ཡིན་ནའང་རྒྱབ་ལྗོངས་ལ་བལྟས་པ་ཡིན་ན་མི་རིགས་གཞན་ཞིག་དང་འགྲན་ཟླ་བྱེད་ཐུབ་པ། ཤེས་བྱ་ཡོན་ཏན་ཐོབ་ནས་མི་རིགས་གཞན་དང་མཉམ་དུ་རྐུབ་སྟེགས་གཅིག་གི་སྒང་ལ་བསྡད་ནས་བྱ་བ་སྤེལ་ཐུབ་པ་ཞིག་དགོས་པའི་འཐབ་རྩོད་བྱེད་མཁན་ཤུགས་ཆེན་པོ་རེད་བསམ་གྱི་འདུག
དྲི་བ། མཐའ་དོན་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་གསར་ཤོག་ཀློག་མཁན་རྣམས་ལ་འབོད་སྐུལ་ཞུ་རྒྱུ་ཡོད་དམ།
ལན། སྤྱིར་བཏང་འབོད་སྐུལ་ཞུ་རྒྱུ་གང་ཡང་མེད། ཡིན་ནའང་ངས་གསར་ཤོག་ཟེར་བ་དེ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག སྤྱི་ཚོགས་ནང་དུ་གླན་ཀ་དང་དཀྲོག་གཏམ་མང་པོ་ཡོང་གི་ཡོད་པ་རེད། གནས་ཚུལ་མང་པོ་ཞིག་མགོ་ཚོས་ཀྱི་ཡོད་པ་མ་རེད། སྐད་ཆ་གཅིག་གིས་གཅིག་ལ་བཤད་ནས་འུར་ཆགས་ཏེ་ཉ་ཆུང་ཆུང་ཞིག་མཐོང་བ་ཡིན་ནའང་རིམ་པས་ཆེ་རུ་ཆེ་རུ་འགྲོ་ཡི་རེད། ང་རང་ཚོ་མིས་གནས་ཚུལ་ལ་དོ་སྣང་བྱས་ནས་བརྟག་དཔྱད་བྱེད་རྒྱུ་དང༌། མི་སྒེར་སོ་སོས་ཐག་གཅོད་བྱེད་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག དེ་ཁྱེད་རང་ཚོ་གསར་འགོད་པའི་ཕྱག་ལས་གནང་མཁན་ཡིན་ནའང་འདྲ། གསར་ཤོག་ལས་ཁང་ཡིན་ནའང་འདྲ་དེའི་ལས་འགན་མི་མང་གི་གནས་ཚུལ་ཧ་གོ་ཐུབ་པ། གནས་ཚུལ་དང་གསར་འགྱུར་ཞིག་བཀླགས་ནས་སོ་སོ་ལ་ཐག་གཅོད་བྱེད་རྒྱུའི་ནུས་པ་ཞིག་སྤྲོད་ཐུབ་པ་དེ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག།