ལས་འགུལ་སྤེལ་ཟིན་པ་ལས་ད་དུང་སྤེལ་རྒྱུ་དེ་མང་བ་ལྷག་འདུག

བོད་ཀྱི་གཞོན་ནུའི་ཚོགས་གཙོ་དགོངས་ཞུའི་ཐད་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བཅར་འདྲི་ཞུས་པ།

དྲི་བ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གློ་བུར་དུ་བློ་ཕམ་ངང་དགོངས་ཞུ་བྱས་པ་ལ་དགོངས་ཚུལ་འདྲ་ཡོད་དམ།

ལན། འདས་པའི་ལོ་ཤས་ནང་གཞོན་ནུའི་ཚོགས་པའི་ནང་གི་འབྲེལ་ལམ་ལ་འདོད་བློ་ཁེངས་པ་ཞིག་མེད་པ་གོ་ཐོས་བྱུང༌། འོས་འདེམས་བྱུང་བའི་ཚོགས་མི་ཁ་ཤས་ས་གནས་འདྲ་མིན་ནས་སླེབས་པ་དང་གཞི་རྩའི་བསམ་ཚུལ་མི་འདྲ་བའི་ཐོག་ནས་མཉམ་རུབ་ཀྱིས་ལས་འགན་སྒྲུབ་སྐབས་ལྟ་བ་གཅིག་པ་ཞིག་ཡོང་རྒྱུར་ཁག་པོ་ཡིན་པ་དེ་སྤྱིར་བཏང་གི་གནས་ཚུལ་ཞིག་རེད། འོན་ཀྱང་ཚོགས་གཙོས་ཚོགས་མི་གཞན་པ་ཚོས་ལས་འགན་ཐད་མཉམ་ལས་མེད་ལུགས་བརྗོད་ནས་རང་ཉིད་ཀྱི་ལས་དུས་ཀྱི་དཀྱིལ་མཚམས་སུ་གློ་བུར་དགོངས་ཞུ་བྱས་པ་དེ་ང་ཚོར་བློ་ཕམ་གྱི་གནས་ཚུལ་ཞིག་རེད།

དྲི་བ། འདས་པའི་གཞོན་ནུའི་ངོས་ནས་ལས་འགུལ་སྤེལ་བ་ཁག་ལ་དགོངས་ཚུལ་གང་ཡོད་དམ།

ལན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རྒྱུན་རིང་གི་ལོ་རྒྱུས་ཤིག་ལྡན་ཡོད་ལ། ༡༩༧༠ ནས་ད་བར་ཚོགས་པ་དེ་གཞི་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་ང་ཚོའི་བཙན་བྱོལ་གྱི་དུས་རབས་དང་ད་ལྟ་བོད་མི་ཚོའི་རང་དབང་རང་བཙན་དང་དེའི་ལས་འགུལ་བཅས་ཀྱི་མཚོན་རྟགས་ལྟ་བུ་ཤིག་ཆགས་བསྡད་ཡོད་པ་དང༌། ད་ལྟའི་གནས་སྐབས་ལ་ཆ་བཞག་ནའང་ཚོགས་པ་འདི་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་གལ་འགངས་ཆེ་ཞིང༌། གུས་བཀུར་བྱེད་འོས་པའི་ཚོགས་པ་གཞི་རྒྱ་ཆེ་ཤོས་དེ་གྱུར་ཡོད་པ་རེད། ༡༩༨༠ ལོའི་གཡས་གཡོན་དུ་གུས་ཆུང་དུས་སྐབས་གཞོན་ནུའི་ལས་འགུལ་དང་ཚོགས་མི། དབུ་ཁྲིད་བཅས་ལ་དགའ་གུས་ཆེན་པོ་བྱེད་ཀྱི་ཡོད། དཔེ་མཚོན་ཞིག་ཞུས་ན། དགེ་ལྷ་བཟང་ཚེ་རིང་ལགས་དང་ཚེ་དབང་ཕུན་ཚོགས་སོགས་ཀྱིས་དཀའ་ལས་མང་པོ་བརྒྱབ་ནས་ཚོགས་པ་དེ་ད་ལྟ་འདི་འདྲའི་གཞི་རྒྱ་ཆེན་པོ་ཞིག་ཆགས་ཐུབ་པ་རེད། འོན་ཀྱང་ཚོགས་པ་དེའི་དམིགས་ཡུལ་ལྟར་བོད་རང་བཙན་བར་དུ་སླེབས་རྒྱུར་ཕུག་རྒྱང་རིང་པོའི་སར་ལུས་བསྡད་ཡོད་པ་ཞིག་རེད།

དྲི་བ། ད་ལྟའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ལས་འགུལ་སྤེལ་བཞིན་པ་ཁག་ལ་འདོད་བློ་ཁེངས་པ་ཞིག་འདུག་གམ།

ལན། སྤྱིར་བཏང་དམིགས་ཡུལ་གཞིར་བཟུང་གིས་ལས་འགུལ་སྤེལ་ཕྱོགས་སྣ་ཚོགས་ཤིག་བྱུང་ཡོད་ཀྱང༌། ད་ལྟ་ཚོགས་པ་དེ་གསར་འཛུགས་སྐབས་ཀྱི་ལས་གུལ་སྤེལ་སྟངས་ལྟར་འགྲོ་ཐུབ་ཀྱི་མེད་པ་མ་ཟད། གཞི་རྒྱ་ཇེ་ཆེར་འགྲོ་བར་མཚམས་འཇོག་བྱེད་ཀྱི་ཡོད་པ་ལྟ་བུ་དང༌། ཚོགས་པ་དེ་ནང་ཁུལ་གྱི་ལས་དོན་དང་ཐོན་ཁོངས་འཚོལ་སྒྲུབ་ཀྱི་ངོ་བོར་གནས་བསྡད་པ་ལྟ་བུ་ཞིག་རེད་བསམ་གྱི་འདུག

དྲི་བ། བོད་ཀྱི་གཞོན་ནུས་ལས་འགུལ་དང་ཡུལ་གྲུ་གཞན་གྱི་གཞོན་ནུའི་ལས་འགུལ་དབར་ཁྱད་པར་འདྲ་མཐོང་གི་འདུག་གམ།

ལན། དཀྱིལ་ཤར་ཡུལ་གྲུའི་ནང་གི་པ་ལི་སི་ཐན་གྱི་དྲག་སྤྱོད་དམག་དཔུང་རུ་ཁག་ཧ་མ་སི་ལ་ཉེ་དུས་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་ནས་གཞུང་འཛིན་བྱེད་རྒྱུའི་འོས་འགན་ཆེན་པོ་ཞིག་སླེབས་ཡོད་ལ། དེ་ལ་བརྟེན་ནས་ཚོགས་པ་དེའི་གཞི་རྩའི་ལས་འགུལ་ཁག་ལ་བཅོས་བསྒྱུར་དང་གསར་བརྗེས་ཀྱིས་རྒྱལ་ཁབ་དེའི་ནང་སྲིད་དང་ཕྱི་འབྲེལ་བཅས་ཀྱི་ལས་དོན་ཁག་ལའང་འགན་ཁུར་ཆེ་བ་བྱེད་དགོས་པ་ཞིག་ཆགས་ཡོད་པ་དང༌། དེ་བཞིན་འཛམ་གླིང་སྲིད་གཞུང་ཁག་གི་ངོས་ནས་ཀྱང་ཧ་མ་སི་དམག་དཔུང་སྲིད་དོན་ཕྱོགས་ཁའི་དཔའ་བོ་ཚོས་མཉམ་རུབ་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ལས་འགུལ་གང་སྤེལ་དང་སྤེལ་བཞིན་པར་དོ་སྣང་སླེབས་ཀྱི་ཡོད། ཁོ་ཚོའི་ཁྱད་དུ་འཕགས་པའི་ལས་འགུལ་དང་བོད་ཀྱི་གཞོན་ནུའི་ལས་འགུལ་དབར་ཞིབ་བསྡུར་ཞིག་བྱས་ན། བོད་ཀྱི་གཞོན་ནུ་ཚོས་རང་ཉིད་ཀྱི་དམིགས་ཡུལ་ལྟར་གྲུབ་འབྲས་ཤིག་ཐོན་རྒྱུར་ལས་འགུལ་སྤེལ་ཟིན་པ་ལས་ད་དུང་སྤེལ་རྒྱུ་དེ་མང་བ་ལྷག་བསྡད་ཡོད་པ་ང་ཚོས་གསལ་པོ་མཐོང་ཐུབ་པ་ཞིག་རེད།

དྲི་བ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མཚོན་ན་ད་ལྟའི་སྐབས་འདིར་གལ་འགངས་ཆེ་ཤོས་གང་ཆགས་ཡོད་པ་རེད་དགོངས་ཀྱི་ཡོད་དམ།

ལན། ངའི་བསམ་ཚུལ་ལྟར་བྱས་ན། ད་ལྟའི་གནས་སྐབས་སུ་གཞོན་ནུའི་གལ་འགངས་ཆེ་ཤོས་དེ་ཚོགས་མི་ཚོས་ཚོགས་པ་རང་ཉིད་ཀྱི་ལོ་རྒྱུས་ལ་ཞིབ་བཤེར་གྱིས་ཚོགས་མི་དབར་མཐུན་འགྲིག་རྡོག་རྩ་གཅིག་སྒྲིལ་ངང༌། ད་ལྟའི་དངོས་ཡོད་ཆབ་སྲིད་ཀྱི་གནས་བབས་ལ་གཞིགས་པའི་ལས་འགུལ་ཁ་ཡོད་ལག་ཡོད་ཅིག་སྤེལ་རྒྱུར་རྩ་དོན་ལ་བཞག་དགོས་པ་ཞིག་རེད་བསམ་གྱི་འདུག ང་རང་ཡང་གཞོན་ནུ་ཚོགས་པའི་ཚོགས་མི་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་དེ་ཞུས་པ་ཞིག་ཡིན།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།