ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་དུ་བསྟར་དགོས་པ་རེད།

ཆབ་སྲིད་བཙོན་ཟུར་གྲགས་ཅན་ཕུན་ཚོགས་ཉི་སྒྲོན་ལགས་སུ་བཅར་འདྲི།

དྲི་བ། ཁྱེད་ཀྱིས་གཙོས་བཙུན་མ་དྲུག་གིས་ལྷ་སའི་བར་སྐོར་ནང་བོད་རང་བཙན་གྱི་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པའི་སྐོར་གསུངས་རོགས།

ལན། ཕྱི་ལོ་༡༩༨༩ ལོར་ང་རང་གིས་བཙུན་མ་ལྔ་དང་མཉམ་དུ་ལྷ་སའི་བར་སྐོར་ནང་ནས་བོད་རང་བཙན་གྱི་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པ་རེད། སྐབས་དེ་དུས་རྒྱ་ནག་གཞུང་གིས་དྲག་པོས་ཁྲིམས་གཞི་སྡོམ་པའི་སྐབས་རེད། ལྷ་ས་རུ་གྲྭ་པ་དང་ཨ་ནེ་ཞིག་རྒྱ་གཞུང་གིས་མཐོང་ས་ཡོད་པ་མ་རེད། ང་ཚོ་ཨ་ནེ་དྲུག་བར་སྐོར་ནང་དུ་འཛུལ་དགོས་དུས་དཀའ་ལས་ཁག་པོ་ཞེ་དྲག་འདུག དེར་བརྟེན་ཨ་ནེ་གཉིས་གཉིས་བྱས་ནས་བར་སྐོར་ནང་དུ་འཛུལ་རྒྱུ་དང༌། མཉམ་དུ་འཛོམས་ཟིན་པའི་རྗེས་སུ་སྐད་འབོད་བྱེད་རྒྱུའི་ཐག་གཅོད་བྱས་པ་ཡིན། ང་ཚོ་ཨ་ནེ་བཞི་བར་སྐོར་དུ་འཛོམས་པའི་ཚེ་སྒྲིག་ཆས་གྱོན་མེད་པའི་ཉེན་རྟོག་པ་མང་པོས་བསྐོར་ཚར་སོང༌། ང་ཚོས་གྲོས་བསྡུར་བྱས་ནས་ཚང་མ་མཉམ་དུ་མ་འཛོམས་བར་བསྒུགས་པ་ཡིན་ན་སྐད་འབོད་བྱེད་ཐུབ་ས་མ་རེད། དེ་ལས་ང་ཚོས་སྐད་འབོད་འགོ་འཛུགས་བྱེད་ཅེས་སྐད་འབོད་བརྒྱབ་ནས་འཇུས་སོང༌། དེའི་རྗེས་སུ་ཨ་ནེ་གཞན་དེ་གཉིས་ཀྱིས་ཀྱང་ང་ཚོས་སྐད་བརྒྱབ་པ་གོ་ནས་སྐད་འབོད་བྱས་པར་བརྟེན་ཁོང་གཉིས་ཀྱང་འཛིན་བཟུང་བྱས་ནས་ང་ཚོ་མཉམ་དུ་རྒུ་ཚ་བཙོན་ཁང་དུ་བཅུག་ནས་ཚང་མ་འཛོམས་སོང༌།

དྲི་བ། རྒུ་ཚ་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་བཏང་བྱུང་ངམ།

ལན། རྒུ་ཚ་བཙོན་ཁང་དུ་ང་ལ་ལག་ལྕགས་རྒྱག་པའི་སྐབས་ལག་པ་གཉིས་མདུན་དུ་ལྕགས་མ་བརྒྱབ་པར་ལག་གཡས་ཕྲག་པའི་སྟེང་ནས་རྒྱབ་ཏུ་འཐེན་པ་དང༌། ལག་གཡོན་མཆན་ཞབས་ནས་རྒྱབ་ཏུ་འཐེན་པའི་ཚེ་ལག་པ་གཉིས་ཐོ་མ་ཐུག་པར་བརྟེན་ལག་པའི་ཚིགས་ཕུད་ནས་ལྕགས་བརྒྱབ་སོང༌། དེའི་རྗེས་ནས་ལག་ལྕགས་བླངས་ཏེ་ལག་པ་གཡོན་པའི་མཛུབ་མོ་རྣམས་རེ་རེ་བཞིན་སེན་མོའི་སྒང་ནས་ལྷམ་བཙེམ་བྱེད་ཀྱི་འཁོར་ལོ་ཞིག་གིས་ཨུ་ཁུང་ཕུག་སོང་ལ། ཉེན་རྟོག་པ་གཉིས་ཀྱིས་ལྕགས་རིང་ཕྲ་མོ་གཉིས་ཁུར་ཡོང་ནས་གཟུགས་པོའི་སྟོད་སྨད་གཉིས་ལ་ཤུགས་ཆེ་གཞུས་སོང་པ་མ་ཟད། དེའི་ཉིན་ཞོགས་པ་ནས་དགོང་མོ་ས་མ་རུབ་བར་དུ་དེ་ལྟར་བཟོད་དཀའ་བའི་ཉེས་རྡུང་བཏང་སོང༌།

དྲི་བ། སྐབས་དེ་དུས་ཁྱེད་ཚོ་སྐད་འབོད་བྱས་ནས་འཛིན་བཟུང་བྱས་པའི་ཨ་ནེ་དྲུག་པོ་ལ་ཁྲིམས་ཆད་ལོ་ག་ཚད་ག་ཚད་བཏང་བ་རེད།

ལན། ང་ལ་དུས་བཀག་བཙོན་འཇུག་ལོ་དགུ་བཟོས་པ་རེད། ངའི་རོགས་པ་ཕུན་ཚོགས་དཔལ་མོ་ལ་ལོ་བརྒྱད་དང༌། གཞན་དག་ལ་ལོ་གསུམ་གསུམ་གྱི་ཁྲིམས་ཐག་བཅད་ནས་ཕུན་ཚོགས་དཔལ་མོ་དང་ངེད་གཉིས་གྲྭ་བཞིའི་བཙོན་ཁང་དུ་བསྐྱལ་བ་རེད།

དྲི་བ། གྲྭ་བཞིའི་བཙོན་ཁང་དུ་སྡོད་སྐབས་མནར་གཅོད་དང་རྡུང་རྡེག་བཏང་བྱུང་ངམ།

ལན། དང་པོ་གྲྭ་བཞིའི་བཙོན་ཁང་དུ་སླེབས་པའི་ཚེ་འགྱིག་ཤོག་གི་བཀབ་པའི་ཚལ་རིགས་འདེབས་སའི་ནང་དུ་ལུད་རྒྱག་དགོས་པ་དང༌། ལུད་དེ་གསང་སྤྱོད་ནང་ནས་དབོར་དགོས་པ་རེད། ལུད་དབོར་བའི་སྐབས་ཁ་ལ་ཁ་རས་དང་ལག་པར་ལག་ཤུབས་གྱོན་ཆོག་གི་མ་རེད། གཟུགས་པོ་ཚང་མར་མི་གཙང་བའི་དྲི་མས་ཚོས་ནས་བར་ལམ་གསང་སྤྱོད་ནང་གི་མི་གཙང་བའི་དྲི་མ་དེ་དག་གོམས་སོང༌། གནས་ཚུལ་དེ་ཚོ་དེང་སྐབས་བཤད་ན་འུར་ཤོབ་ལྟ་བུ་འདུག་ཀྱང༌། དཀའ་ངལ་དེ་དག་ང་རང་གིས་དངོས་སུ་མྱོང་བའི་ལོ་རྒྱུས་ཡིན། དེ་བཞིན་ང་ཚོ་ཨ་ནེ་རྣམས་ལ་སྒང་ནས་མར་མཐོང་ཆུང་བྱས་ནས་ཁ་གྲག་ས་ཁོ་རང་ཡོད་པ་མ་རེད། དེའི་ཤུགས་ཀྱིས་ཆབ་སྲིད་བཙོན་པ་མ་ཡིན་པ་དེ་ཚོས་ཀྱང་ང་ཚོ་ལ་མཐོང་ཆུང་དང་བརྙས་བཅོས་བྱས་ནས་གསང་སྤྱོད་ནང་དུ་འཛུལ་ནས་མི་གཙང་བ་འདོན་མཁན་ང་ཚོ་ཨ་ནེ་རྣམས་གཏོང་གི་ཡོད་པ་དང༌། ང་ཚོས་གསང་སྤྱོད་ནང་གི་མི་གཙང་བ་དེ་ཚོ་བཏོན་ནས་ཡར་སྤྲད་པའི་ཚེ་རེ་ཟུང་གིས་ཕྱེད་ཀ་སྣོད་ཀྱི་ནང་དུ་བླུག་པ་དང༌། ཕྱེད་ཀ་ང་ཚོའི་མགོ་ཐོག་ཏུ་བཤོས་ནས་བརྙས་བཅོས་བྱས་ཀྱང་ཁོང་ཚོ་ལ་བཙོན་སྲུང་བས་རྒྱབ་སྐྱོར་ཡོད་སྟབས་ང་ཚོས་གང་ཡང་ཤོད་ས་རག་གི་མ་རེད།

ཕྱི་ཟླ་༣ པའི་ཚེས་ལྔ་དྲུག་བདུན་དེ་བོད་ནང་གི་རྔམ་སྟོན་ཁྲོམ་སྐོར་གྱི་དུས་དྲན་ཆེ་ཤོས་ཤིག་རེད། ཕྱི་ལོ་༡༩༩༢ ལོར་གོང་ཚེས་དེ་དག་བོད་པའི་ལོ་གསར་སྐབས་དང་ཁེལ་འདུག རྒྱ་ནག་གཞུང་གིས་ཀྱང་གོང་གསལ་ཚེ་གྲངས་གསུམ་དེ་ཞེ་དྲག་བརྩི་བཞིན་ཡོད་པ་རེད། སྐབས་དེར་ང་ཚོ་བཙོན་པ་དྲུག་ཙམ་ཞིག་གིས་དྲན་གསོ་དང་སྦྲགས་ནས་བཙོན་ཆས་ཕུད་ནས་གྲྭ་ཆས་མེད་ཀྱང་སོ་སོའི་གྱོན་ཆས་རང་གྱོན་པ་ཡིན། ད་ལྟ་སྣེ་ལེན་ཁང་དུ་ཡོད་པའི་ཨ་ཅག་ཆུང་བདག་ལགས་དང༌། གཞན་གཅིག་གྲྭ་བཞིའི་བཙོན་ཁང་དུ་ཡོད་པའི་བཙོན་པར་མནར་གཅོད་གཏོང་ཡུལ་ཁང་ཆུང་རྡོ་ཁང་གྲུ་བཞིའི་ནང་དུ་ཁྲིད་གྲབས་བྱེད་ཀྱི་འདུག རྡོ་ཁང་དེའི་ནང་དུ་ཞོགས་པ་ཀྲིང་མོག་གཅིག་དང་ཇ་ཕོར་པ་ཆུང་ཆུང་གང༌། དགོང་མོ་ཡང་ཀྲིང་མོག་གཅིག་དང་ཇ་ཕོར་པ་གང་ལས་སྟེར་གྱི་ཡོད་པ་མ་རེད། ང་ཚོས་ཁོང་གཉིས་མ་གློད་པར་ཁྲིད་ན་ང་ཚོ་མཉམ་དུ་ཁྲིད་དགོས། གྱོན་ཆས་གྱོན་མཁན་ཚང་མ་གཅིག་པ་ཡིན་ཞེས་སྐད་བརྒྱབ་པའི་ཚེ་དམག་མི་ཁྲིད་ཡོང་ནས་ཉེས་རྡུང་ཧ་ཅང་ཚབས་ཆེ་བཏང་སོང༌། རེ་ཟུང་དྲན་པ་འཐོར་བ་དང་རེ་ཟུང་དྲན་པ་མ་འཐོར་ཙམ་བྱུང་ཡང་ཤི་མིན་རོ་མིན་བཟོས་ནས་ཁང་པའི་ནང་དུ་བཅུག་སོང༌། སྐབས་དེ་དུས་ཁང་པ་རྙིང་པ་རེད། ད་ལྟ་བོད་ཁྱིམ་སློབ་གྲྭའི་དགེ་རྒན་ཡིན་པ་རིག་འཛིན་ཆོས་དབྱིངས་ལགས་ཀྱིས་ཁོང་གཉིས་གང་དུ་ཁྲིད་ཀྱང་ང་ཚོ་མཉམ་དུ་ཁྲིད་དགོས་ཞེས་སྐད་བརྒྱབ་ནས་སྒོ་ལ་རྡོག་རྒྱག་གཞུས་ཏེ་སྒོ་ཆག་ནས་རྐང་པ་ཕྱི་ལོགས་སུ་དོན་སོང༌། བཙོན་ཆས་གྱོན་མེད་པར་བརྟེན་དམག་མིས་ཁོང་ལ་ཉེས་རྡུང་གཏོང་བའི་ཚེ་ང་ཚོས་ཉེས་རྡུང་བཏང་ན་མཉམ་དུ་གཏོང་དགོས་ཞེས་སྐད་བརྒྱབ་པས་ང་ཚོ་ཚང་མར་ཉེས་རྡུང་བཏང་སོང༌། ད་ལྟ་ཡང་ང་ལ་ཚོར་སྣང་ཆེན་པོ་ཞིག་ཡོད་པ་ནི་བཙོན་པ་རུ་ཁག་གཉིས་པས་ང་ཚོས་སྲོག་བསྐྱབས་སོང་བསམ་པ་དེ་ཡིན། ང་ཚོ་ལ་ཉེས་རྡུང་བཏང་ནས་ཁ་ཤས་དྲན་པ་འཐོར། ཁ་ཤས་འགུལ་བསྐྱོད་རྒྱག་རྒྱུ་མེད་པའི་སྐབས་དེར་རུ་ཁག་གཉིས་པའི་ནང་ཡོད་པའི་ཆབ་སྲིད་བཙོན་པ་མ་ཡིན་པའི་བཙོན་པ་དེ་ཚོས་བོད་པའི་ཤ་ཞེན་གྱི་ཐོག་ནས་ང་ཚོའི་མི་གསོད་ཀྱི་འདུག་ཅེས་སྐད་འབོད་ཤུགས་ཆེ་བརྒྱབ་སོང༌། སྐད་འབོད་དེ་ལྟར་བརྒྱབ་ནས་ཁོང་ཚོ་ལ་ཉེན་ཁ་ཆེན་པོ་ཡོད་པ་རེད་དེ་མི་རིགས་ཀྱི་ཤ་ཞེན་ལ་བརྟེན་ནས་སྐད་བརྒྱབ་པ་རེད། དེ་ནས་དམག་མིས་ང་ཚོ་བཞག་ནས་ཁོང་ཚོའི་ཕྱོགས་སུ་ཕྱིན་སོང༌། དེ་ལ་བརྟེན་ནས་ང་ཚོར་ཚེ་སྲོག་གཉིས་པ་ཞིག་སྤྲད་པ་རེད་བསམ་གྱི་ཡོད། སྐབས་དེ་དུས་ཉེས་རྡུང་བཏང་བའི་འོག་ནས་ཨ་ནེ་ཞིག་གིས་རྒྱབ་ལ་རྡོག་རྒྱག་གཞུས་ནས་ལྷམ་མགོའི་རྗེས་ཆ་ཚང་ཤ་ཡི་ཐོག་ཏུ་མཐོང་རྒྱུ་འདུག

དྲི་བ། བཙོན་ཁང་ནང་དུ་ཁྱེད་ཅག་ཆབ་སྲིད་བཙོན་པ་ཨ་ནེ་ཁག་ཅིག་གིས་བོད་རང་བཙན་སྐོར་གྱི་གླུ་གཞས་བཏང་བའི་གནས་ཚུལ་འདུག་དེའི་སྐོར་ག་འདྲ་ཡིན་ནམ།

ལན། ང་ཚོ་ལ་དུས་ཀུན་ཆབ་སྲིད་སློབ་སྦྱོང་སྤྲོད་པ་དང་རྒྱ་ནག་གཞུང་ཡག་རབས་དང་ཁ་བྲལ་རིང་ལུགས་པར་དགག་པ་རྒྱག་དགོས་པ། སྐུ་མདུན་ལ་མཚན་སྨད་ཞུ་དགོས་ཚུལ་རྐྱང་པ་འཁོད་པའི་ཚགས་པར་ཀློག་བཅུག་པ་དང༌། རྒྱལ་སྤྱིའི་གནས་ཚུལ་ཅུང་ཙམ་རེ་ཡོད་པ་དེ་དག་ཀྱང་གཏུབ་ནས་ང་ཚོ་ལ་ཀློག་བཅུག་གི་མ་རེད། དེ་ནས་བསམ་ཚུལ་ཤོད་བཅུག་པ་སོགས་སྡུག་པོ་གཏོང་གི་རེད། སྐབས་དེ་དུས་ང་ཚོ་ཨ་ནེ་བཅུ་བཞིས་གླུ་གཞས་དེ་བཏང་བ་རེད། འོན་ཀྱང་གླུ་གཞས་དེ་དག་ད་ལྟ་ནང་བཞིན་ཁྱབ་ཆེ་རུ་འགྲོ་ཐུབ་པའི་རེ་བའང་ཡོད་པ་མ་རེད་ལ། ཚོད་དཔག་ཀྱང་ཡོད་པ་མ་རེད། གལ་སྲིད་ང་ཚོས་དེ་ལྟར་དར་ཁྱབ་འགྲོ་བཞིན་ཡོད་པ་ཧ་གོ་ཡོད་ན། ཨ་ཙི་རྒྱལ་སྤྱིའི་སྒང་དུའང་ང་ཚོའི་གཞས་དེ་དག་འདི་ལྟར་ཐོན་ཡོད་པ་རེད་བསམས་ནས་ང་ཚོ་ལ་རེ་བ་ཞིག་ཡོང་གི་རེད། གླུ་གཞས་དེ་རྒྱལ་སྤྱིའི་སྒང་དུ་ཁྱབ་ཆེན་པོ་སོང་ཡོད་པ་ང་ཚོས་ཤེས་རྟོགས་གང་ཡང་མ་བྱུང༌། ང་ཚོས་གཞས་དེ་རྒྱུ་མཚན་ག་རེའི་ཐོག་ནས་བཏང་ཡོད་པ་རེད་ཅེ་ན་ང་ཚོས་ནང་མི་ལ་ཕར་བཏང་ནས་ང་ཚོ་དང་པོ་ཡོང་སྐབས་བོད་རང་བཙན་གྱི་ལྟ་བ་ཁུར་ནས་ཡོང་བ་རེད། ད་ལྟའང་སྡུག་སྦྱོང་མནར་གཅོད་ག་འདྲ་ཞིག་བཏང་ཡང་སེམས་པ་ནམ་ཡང་འགྱུར་མེད་ཅེས་ནང་མི་ལ་སེམས་གསོའི་ཆེད་དུ་སྤྲད་པ་རེད།

དྲི་བ། གཞས་ཚིག་གི་ནང་དོན་ག་རེ་ཡིན་ནམ།

ལན། གཞས་ཁ་ཤས་ང་ཚོ་བཙོན་ཁང་དུ་མ་ཚུད་གོང་ནས་ཡོད་པའི་བོད་རང་བཙན་གྱི་གཞས་དེ་འདྲ་རེད། ང་ཚོའི་རྗེས་ལ་སླེབས་མཁན་དེ་ཚོའི་ནང་དུ་དེ་འདྲ་གཏོང་མཁན་འདུག ཁ་ཤས་ཚིག་དང་གདངས་ང་ཚོས་གསར་པ་བཟོས་ནས་བཏང་བ་དེ་འདྲ་རེད། ནང་དོན་གཙོ་བོ་ྋགོང་ས་མཆོག་ལ་བསྟོད་གླུ་དང༌། བོད་ལ་རང་དབང་མེད་པའི་སྐོར་རེད། ད་ལྟ་ངེས་པ་ཞིག་ལ། ང་ཚོའི་བོད་ཀྱི་རྩ་བའི་བླ་མ་པཎ་ཆེན་རིན་པོ་ཆེ། ཁོང་བཞུགས་པའི་སྐབས་ལ། བཙོན་ཁང་ནང་དུ་ཡོད་པའི་བཙོན་པ་ཚང་མ་གློད་གྲོལ་བཏང་བ་རེད། ང་ཚོའི་རྩ་བའི་བླ་མ་རྒྱ་མི་ཀླ་ཀློའི་དཔུང་གིས་དུག་དྲངས་ནས་བགྲོངས་སོང༌། ཆབ་སྲིད་བཙོན་པ་དེ་ཚོའི་ཟ་རྒྱུ་ཕག་ལྟོ་ལྟ་བུ་ཡིན་པ་དང༌། ཉེས་རྡུང་ནི་ཚོད་མེད་གཏོང་གི་ཡོད་པ་རེད། ལོ་ཚོད་ནི་ཚད་མེད་བཟོ་བཞིན་ཡོད་པ་རེད། ཅེས་སོགས་ཚིག་དེ་ཚོ་ང་ཚོས་བརྩམས་པ་རེད། ཆབ་སྲིད་དང་རང་བཙན་གྱི་གཞས་བོད་ནང་དུ་ཡོད་པ་རེད་དེ་དེའི་སྐོར་ཡོད་པ་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ལ་ཁྲིམས་ཆད་ལོ་བརྒྱད་སྤར་བ་རེད། སྔོན་མ་ཁྲིམས་ཆད་ལོ་དགུ་ཡིན་སྟབས་བསྡོམས་པས་ལོ་བཅུ་བདུན་གྱི་ཁྲིམས་ཐག་བཅད་ཀྱང༌། སྐུ་མདུན་གྱི་བཀའ་དྲིན་འོག་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་སྒེར་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་ལོ་བཅུ་བདུན་སྡོད་མ་དགོས་པར་ལོ་བཅོ་ལྔ་ནས་ཐོན་རྒྱུ་བྱུང་བ་རེད། ང་ཚོ་བོད་ནང་དུ་ཡོད་དུས་བོད་གཞུང་དེ་རྩ་བའི་རྩེ་མོར་སྐྱེལ་རྒྱུ་རེད། འདིར་སླེབས་པའི་སྐབས་སུའང་བོད་གཞུང་དེ་དངོས་གནས་ཚགས་ཚུད་པོ་དང་ཧྲ་ཐག་ཐག་འདི་འདྲ་ཞིག་མཐོང་ཡོང་དུས་སེམས་པ་ཧ་ཅང་དགའ་སོང༌། མ་འོངས་པར་ང་ཚོ་ཚང་མ་བོད་ལ་སླེབས་ཐུབ་པའི་རེ་བ་འདུག་གོ་སྐབས་འདི་བརྒྱུད་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དྲི་བ། གྲྭ་བཞིའི་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་ག་འདྲ་བྱས་པ་ཡིན་ནམ།

ལན། ༡༩༩༤ དང་༡༩༩༥ ཡས་མས་སུ་ང་ཚོར་སྦྱོང་བརྡར་ལ་ཁ་གཡར་ནས་ཉིན་ལྟར་དམག་མིས་ཉེས་རྡུང་འོག་ནས་ལངས་རྒྱུ་མེད་པ་ཞིག་ཆགས་སོང༌། གནས་ལུགས་རྒྱུ་མཚན་ཤོད་ས་ནི་ཡོད་པ་མ་རེད། དེར་བརྟེན་ང་ཚོས་ཟས་བཅད་ངོ་རྒོལ་ཉིན་བཞི་དང་ཕྱེད་ཙམ་བྱས་པ་ཡིན། དེའི་སྔོན་ལ་འདི་ཕྱོགས་སུ་ཟས་བཅད་ངོ་རྒོལ་ཉིན་ཉི་ཤུ་བྱས་པ་རེད་ཟེར་བ་གོ་མྱོང༌། ང་རང་གི་སེམས་ལ་ཟས་བཅད་ངོ་རྒོལ་ཉིན་ཉི་ཤུ་ཇི་ལྟར་བྱས་པ་ཡིན་ནམ་བསམ་སོང༌། དེ་འདྲ་ཞིག་གོ་ཐོས་བྱུང་བ་ལས་དོན་དངོས་ངས་ཟས་བཅད་ངོ་རྒོལ་ཉིན་ཉི་ཤུ་བྱས་ཡོད་མེད་ཧ་གོ་ཡི་མེད། ང་ཚོ་ཉིན་བཞི་དང་ཕྱེད་ཀྱི་རིང་གདོང་སྐྱ་རིལ་རིལ་དང་ཁ་ཤས་ཁ་གྲག་མི་ཐུབ་པ་དེ་འདྲ་ཆགས་སོང༌། འོན་ཀྱང་ང་ཚོས་ཟས་བཅད་ངོ་རྒོལ་དེ་ཟས་སྐམ་པོ་ཕར་ཞོག ཆུ་ཐིགས་པ་གཅིག་ཀྱང་མི་འཐུང་བའི་ཟས་བཅད་ངོ་རྒོལ་ཞིག་འགོ་བཙུགས་པ་ཡིན། བཙོན་ཁང་གི་ལས་བྱེད་དེ་ཚོ་ཡང་ཞེད་ནས་ཁྱེད་ཚོས་ཟས་བཅད་ངོ་རྒོལ་ག་རེ་བྱས་ནས་བྱེད་ཀྱི་ཡོད་ཅེས་འདྲི་ཡི་འདུག ང་ཚོར་རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་ཉིན་ལྟར་དམག་མིས་ཉེས་རྡུང་གཏོང་གི་འདུག རྒྱུ་མཚན་གནས་ལུགས་ཤོད་ས་གཅིག་ཀྱང་མི་འདུག ཁོང་ཚོའི་ཉེས་རྡུང་འོག་ནས་ང་ཚོའི་སྲོག་འགོ་ཐོན་ཐབས་རྩ་བ་ནས་མི་འདུག དེ་ལས་ང་རང་ཚོ་ཤི་རྒྱུ་ཡིན་ཞེས་ཤོད་པའི་སྐབས། དང་པོ་ཡིད་ཆེས་བྱེད་ཀྱི་མི་འདུག རིམ་པས་ང་ཚོའི་གཟུགས་པོའི་གནས་སྟངས་དེ་ཚོ་མཐོང་ནས་དྲག་པོའི་ཐོག་ནས་ཁྱེད་ཚོས་ལྟོ་ཆས་ཟ་དགོས་ཞེས་ཤོད་ཀྱི་འདུག་ཀྱང་ང་ཚོ་སུ་གཅིག་གིས་ཟོས་མེད། ཉིན་བཞི་དང་ཉིན་ཕྱེད་ཀྱི་དུས་སུ་འཚོགས་འདུ་ཞིག་འཚོགས་པའི་སྐབས་ང་ཚོ་འགྲོ་ཐུབ་ཐབས་མི་འདུག ཚང་མ་ཉལ་སའི་ནང་དུ་ཉལ་སྡོད་པའི་སྐབས་བཙོན་པ་གཞན་དག་མི་གཉིས་རེར་ང་ཚོ་དབོར་དུ་བཅུག་ནས་ཚོགས་འདུ་འཚོགས་ས་རུ་བསྐྱལ་སོང༌། ཁྱེད་ཚོས་ལྟོ་ཟོས་དང་ད་ནས་བཟུང་ང་ཚོས་དམག་མི་ཁྲིད་ནས་ཉེས་རྡུང་གཏོང་མི་ཡོང་ཞེས་ཁས་ལེན་བྱས་སྟབས་ང་ཚོས་ཉིན་བཞི་དང་ཕྱེད་ནས་ཟས་བཅད་ངོ་རྒོལ་མཚམས་བཞག་པ་རེད། འོན་ཀྱང་ཁོང་ཚོས་དམག་མི་ཁྲིད་ནས་ཉེས་རྡུང་མི་གཏོང་ཞེས་པ་དེ་ཁ་ནས་བཤད་པ་ཙམ་ལས་དོན་དུ་ལག་བསྟར་གཏན་ནས་བྱས་ཡོད་པ་མ་རེད།

དྲི་བ། ཟས་བཅད་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཆབ་སྲིད་བཙོན་པ་ག་ཚོད་ཡོད་དམ།

ལན། སྐབས་དེ་དུས་ང་ཚོའི་ནང་དུ་རྩིས་གསལ་པོ་རྒྱག་མཁན་ཡོད་པ་མ་རེད། ང་ལ་མཚོན་ན་ཕྱི་ལོགས་སུ་དོན་ནས་བཤད་ས་ཞིག་རག་གི་རེད་བསམ་པ་དྲན་མ་མྱོང༌། རྒྱ་མིས་ང་ལ་མནར་གཅོད་རྡུང་རྡེག་བཏང་ནས་གཟུགས་པོ་གཅུང་གོག་ཆགས་སོང་བས་ང་འདིའི་ནང་ནས་སྲོག་མགོ་ཐོན་གྱི་མ་རེད་བསམ་པ་ལས། མར་དོན་ས་རག་གི་རེད་བསམ་པ་རྩ་བ་ཉིད་ནས་དྲན་གྱི་མེད། ཐོ་དང་གྲངས་ཀ་གསལ་པོ་ཤེས་ཀྱི་ཡོད་པ་མ་རེད། འོན་ཀྱང་སྒོ་ར་ཕྱི་ནང་གཉིས་སུ་བཙོན་པ་༢༠༠ ཙམ་ཡོད་རེད་ཟེར་གྱི་འདུག

དྲི་བ། ཕྱི་ལོ་༡༩༩༨ ལོར་ལྔ་གཅིག་ངལ་རྩོལ་དུས་ཆེན་སྐབས་གྲྭ་བཞིའི་བཙོན་ཁང་དུ་རྒྱ་ནག་གི་རྒྱལ་དར་འཛུགས་སྐབས་བཙོན་པ་ཚོས་ངོ་རྒོལ་བྱས་པའི་གནས་ཚུལ་ཞིག་འདུག དེའི་སྐོར་ག་འདྲ་ཡིན་ནམ།

ལན། གྲྭ་བཞིའི་བཙོན་ཁང་དང་དེའི་ཕར་ནང་དུ་སློབ་གྲྭ་ཞིག་ཡོད་པ་དེ་གཉིས་ཀྱི་བར་དུ་ཐང་ཆེན་ཞིག་བཟོས་ནས་༡༩༩༨ ལོའི་ཟླ་༥ ཚེས་༡ ཉིན་རྒྱ་མིའི་རྒྱལ་དར་དེ་བཙུགས་པ་རེད། རྒྱལ་གླུ་གཏོང་བར་ཆབ་སྲིད་བཙོན་པ་མ་ཡིན་པ་དེ་ཚོ་ཁྲིད་ཀྱི་འདུག སྐབས་དེར་ང་ཚོའི་སྒོ་རའི་ནང་ནས་ཆབ་སྲིད་བཙོན་པ་མ་ཡིན་པ་ཡང་སུ་གཅིག་ཁྲིད་ཡོད་པ་མ་རེད། སྐབས་དེ་དུས་རྒྱ་མིའི་རྒྱལ་དར་འཛུགས་པའི་སྐབས་སྐད་འབོད་དེ་ཆབ་སྲིད་བཙོན་པ་མ་ཡིན་པའི་བཙོན་པས་འགོ་ཁྲིད་ནས་རྒྱ་མིའི་རྒྱལ་དར་བཙུགས་ཆོག་མི་ཡོང༌། བོད་རང་བཙན་ཡིན་ཞེས་སྐད་འབོད་བརྒྱབ་སོང༌། ང་ཚོ་ནང་དུ་བཅུག་བཞག་ཡོད་ཙང་མཐོང་སར་ཡོད་པ་མ་རེད། འོན་ཀྱང་དམག་མིས་མེ་མདའ་དེ་འདྲའི་མང་པོ་ཞིག་བརྒྱབ་སོང་ངའི་སེམས་ལ་ཐང་ཆེན་དེའི་ཐོག་ཏུ་རོ་ག་ཚོད་དང་ག་ཚོད་མེད་དམ་བསམ་པའི་ཚོར་སྣང་ཞིག་སྐྱེས་སོང༌། མིག་གིས་མ་མཐོང་ཡང་སྐད་ཅོར་གྱིས་ཁེངས་འདུག ཉིན་དེར་ང་ཚོས་གང་ཡང་བྱེད་ཐུབ་མ་སོང༌། ཕྱི་ཚེས་༤ ཉིན་ཡང་ང་ཚོ་བཅུག་བཞག་ཡོད་པ་རེད། སྒོ་རའི་ནང་དུ་སྐད་བརྒྱབ་ནས་སུ་གཅིག་གིས་གོ་མི་ཐུབ་པ་དང༌། སྒེའུ་ཁུང་གི་རྩེ་རུ་འཛེགས་ནས་བལྟས་ན་རྒྱལ་དར་འཛུགས་ས་དེ་མཐོང་གི་འདུག འོན་ཀྱང་ཤེལ་ཁྲ་ཡོད་སྟབས་སྐད་བརྒྱབ་པ་དེ་གོ་ཡི་མི་འདུག ང་ཚོས་ཤེལ་ཚང་མ་བཅགས། ལག་པ་ལྕགས་ལ་འཐམས་ནས་རྒྱ་མིའི་རྒྱལ་དར་བཙུགས་ཆོག་མི་ཡོང༌། བོད་རང་བཙན་ཡིན་ཞེས་སྐད་འབོད་བྱས་པ་ཡིན། དེ་ནས་ཉེན་རྟོག་པ་དང་དམག་མི་ཡོང་ནས་ང་ཚོ་མར་ཕབ་སྟེ་ལག་ལྕགས་བརྒྱབ། རྡོག་བརྫིས་བཏང་བ་སོགས་ཉེས་རྡུང་ཚབས་ཆེན་བཏང་སོང༌། ཚང་མར་ཁ་ཁྲག་སྣ་ཁྲག་དོན་པ་དང་གདོང་ཡང་བལྟ་མི་ཕོད་པ་ཞིག་ཆགས་འདུག དེ་ནས་བཟུང་ང་ཚོ་ཚང་མ་ཁང་པ་དེའི་ནང་དུ་བཅུག་བཅུག་པར་བཞག་པ་རེད། མི་བཅུ་གཉིས་རེ་ལ་ཆབ་ཏོག་ལྕགས་སྣོད་རེ་སྤྲད་སོང༌། ཉི་མ་ཉིན་གང་མི་བཅུ་གཉིས་ཀྱིས་བཙོག་གཅིན་དེའི་ནང་དུ་གཏོང་དགོས་པ་རེད། ཁ་ཤས་ཀྱིས་ཁ་ལག་ཟ་བཞིན་པའི་སྐབས་ཁ་ཤས་ཀྱིས་གྲོད་ཁོག་ན་ནས་ལྕགས་སྣོད་དེའི་ནང་བཙོག་པ་གཏོང་བ་ཁང་པ་གཅིག་གི་ནང་དུ་དུས་མཉམ་དུ་བྱེད་དགོས་པ་རེད། མི་བཅུ་གཉིས་ཡིན་དུས་ཆབ་ཏོག་དེ་ཉིན་གུང་ཙམ་ནས་ཁེངས་ཀྱི་འདུག དེའི་རྗེས་ནས་གཅིན་དང་གྲོད་ཁོག་བཤལ་བ་ག་འདྲ་ཞིག་བྱུང་ཡང་བསྐུམས་ནས་སྡོད་ཀྱི་རེད། སྐབས་དེ་དུས་ལས་ཀ་བལ་སླས་བྱེད་རྒྱུ་དེ་རེད། ཉི་མ་གཅིག་ལ་སྐུད་པ་ཕྲ་པོ་དེ་ཡིན་ན་སྲང་གཅིག་དང༌། སྐུད་པ་སྦོམ་པོ་དེ་ཡིན་ན་སྲང་གཉིས་སླས་ཚར་དགོས་པ་རེད། གལ་སྲིད་དེ་མ་ཚར་བར་ཟླ་བ་གཅིག་གི་ནང་དུ་ནང་མིར་ཐུག་འཕྲད་ཀྱི་དུས་ཚོད་དེ་སྤྲོད་ཀྱི་མ་རེད། ང་ཚོས་ཐུག་འཕྲད་དེ་རྩ་ཆེན་པོ་ཞེ་དྲག་ཅིག་ཏུ་བརྩི་བཞིན་ཡོད། སྐད་ཆ་བཤད་མ་ཐུབ་ཀྱང་ཕ་མའི་གདོང་མཐོང་བ་ཙམ་གྱིས་དགའ་པོ་ཞེ་དྲག་འདུག དེའི་སྔངས་སྐྲག་གིས་ཞོགས་པ་ནས་དགོང་དྲོའི་བར་དུ་ཧུར་ཐག་བྱེད་ཀྱི་ཡོད། ཁང་པའི་ནང་དུ་ཉི་མ་ཞིག་ནི་མཐོང་རྒྱུ་ཡོད་པ་མ་རེད། དགུན་ལག་པ་གྲང་ནས་ལག་པ་ཚང་མ་རྨ་ཆགས་ནས་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་དང༌། ཉིན་གང་ཤིང་གི་རྐུབ་སྟེགས་ཤིག་གི་ཐོག་ཏུ་སྡོད་དགོས་པ་རེད། དེའི་སྟེང་དུ་སོ་སོའི་གྱོན་ཆས་ལྟ་བུ་རེ་བཏང་ནས་བསྡད་པ་མཐོང་ན་ཉེས་རྡུང་གཏོང་གི་རེད། ཤིང་གི་རྐུབ་སྟེགས་དེའི་སྟེང་དུ་བསྡད་བསྡད་ཀྱིས་ཚང་མའི་དཔྱི་མགོའི་པགས་པ་རྡོལ་བ་རེད། ང་ལ་མཚོན་ན་ན་ཚ་ཡོད་པ་རེད་དེ་ཉལ་སའི་ནང་དུ་ལུས་པའི་ནད་པ་དེ་འདྲ་ཡང་མ་རེད། ངས་ཉལ་སར་ལུས་པའི་ནད་པ་ཡིན་ན་དཔྱི་མགོ་རྡོལ་བ་གོ་མྱོང་བ་ལས་གཞན་གོ་ཐོས་གང་ཡང་མེད། གང་ལྟར་ཡང་༡༩༩༨ ནས་ཕྱི་ལོ་༢༠༠༤ ལོ་ང་མ་བཙོན་ཁང་ནས་དོན་གྱི་བར་དུ་གནས་སྟངས་དེའི་འོག་ཏུ་བསྡད་པ་རེད། འོན་ཀྱང་ལུས་ལ་མནར་གཅོད་ག་འདྲ་ཞིག་བཏང་ཡང་ཆབ་སྲིད་བཙོན་པ་ཚང་མ་ཁ་གཅིག་གྲག་དང་རྡོག་རྩ་གཅིག་སྒྲིལ་ཡོད་ཙང་སེམས་ལ་དཀའ་སྡུག་དེ་ཙམ་ཡོང་གི་མི་འདུག

དྲི་བ། བཙོན་ཁང་ནས་གློད་གྲོལ་བྱུང་ནས་ནང་དུ་སྡོད་སྐབས་དམ་དྲག་བྱས་སོང་ངམ།

ལན། སྐུ་མདུན་གྱི་བཀའ་དྲིན་འོག་ནས་༢༠༠༤ ལོར་ང་མར་བཙོན་ཁང་ནས་དོན་རྒྱུ་ཞིག་བྱུང་བ་རེད། གློད་པའི་མིང་ཙམ་མ་གཏོགས་ང་ལ་རང་དབང་ཏིལ་འབྲུ་ཙམ་ཡང་ཐོབ་མྱོང་མེད། ངའི་ཁྱིམ་ཚང་གི་ནང་དུ་ཉེན་རྟོག་མི་སྣ་བསྡད་ནས་ང་ཙམ་དུ་མ་ཟད། ངའི་ཁྱིམ་ཚང་གི་ནང་དུ་ཡོང་མཁན་གྱི་འགྲུལ་པ་རྣམས་ཀྱང་ཐོ་འགོད་བྱེད་དགོས་པ་རེད། ང་ཐོག་མ་སླེབས་པའི་སྐབས་གྲོང་པ་ཁྱིམ་མཚེས་ཚང་མས་ཁ་བཏགས་དང་ཇ་ཁུར་ནས་ཡོང་བའི་ཚེ་ཉེན་རྟོག་པས་བཀག་ནས་རྒྱ་ནག་གི་མི་སེར་ངོ་སྤྲོད་ལག་ཁྱེར་དང་ཐེམ་ཐོ་གཉིས་མེད་ན། ང་ཚོའི་ཐེམ་པ་བརྒལ་བཅུག་གི་ཡོད་པ་མ་རེད། ཡིག་ཆ་དེ་གཉིས་ཡོད་ན་ཡར་སྐད་བཏང་ནས་ལོ་བརྒྱད་ཚུན་ཆད་ཀྱི་ལོ་རྒྱུས་ཤོད་དུ་བཅུག དེ་དག་ཚང་མ་ཡིག་ཐོག་བྲིས་ཏེ་གཞི་ནས་ངའི་ས་རུ་ཡོང་ཆོག་གི་རེད། ང་ནང་དུ་སྡོད་སྐབས་ང་དམ་དྲག་འོག་ཏུ་ཡོད་པ་མ་ཟད། ངའི་ཁྱིམ་ཚང་ཡང་དམ་དྲག་གི་འོག་ཏུ་ཚུད་ནས་ལོ་གཅིག་ལྷག་ཅིག་བསྡད་པ་ཡིན།

དྲི་བ། ཁྱེད་རང་ཕྱི་རྒྱལ་ལ་སྨན་བཅོས་ཀྱི་མིང་ཐོག་ནས་གནས་སྟངས་ག་འདྲ་ཞིག་གི་འོག་ནས་བཏང་བ་རེད།

ལན། སྐུ་མདུན་གྱི་བཀའ་དྲིན་ལ་བརྟེན་ནས་ང་ཕྱིའི་རྒྱལ་ཁབ་ལ་ཡོང་རྒྱུ་བྱུང་བ་རེད། ང་རང་སྐྱེས་སའི་ས་ཆ་བོད་དེ་བློས་ཐོང་གི་མི་འདུག འོན་ཀྱང་ང་ཐབས་ཤེས་གང་ཡང་མེད་པར་བཙན་བྱོལ་ཞིག་ཏུ་སླེབས་པ་རེད། ངའི་ཁྱིམ་ཚང་གི་ནང་ནས་ད་ལྟ་ཕྱི་ལ་དོན་པ་ང་རང་གཅིག་པུ་ཡིན། ཡོང་བའི་སྐབས་རྒྱ་ནག་གཞུང་གིས་ཁྱེད་རང་ཕྱི་རྒྱལ་ལུང་པ་རུ་སླེབས་དུས་སྐད་ཆ་གང་བྱུང་མང་བྱུང་འདྲི་ཡི་རེད། རང་གིས་ཁ་ནས་གང་ཐོན་བཤད་ཆོག་མི་ཡོང༌། རང་གིས་ཕ་མ་སྤུན་མཆེད་བོད་དུ་བསྡད་ཡོད་པ་རེད། ཕྱིར་བལྟས་སློག་གིན་སློག་གིན་དེ་ཚོ་ལ་བསམ་བློ་བཏང་ནས་ཤོད་ཅེས་བཤད་དེ་ང་ལ་ཡི་གེ་འབྲི་རུ་བཅུག་པ་དང་དེ་ལ་མཛུབ་ཐེལ་རྒྱག་བཅུག་སོང༌། སྐབས་དེ་དུས་སྡིགས་ར་སྐུལ་སྟངས་ལ་བལྟས་ན་ང་ཁ་གྲག་ཉན་པ་མེད། ཆབ་སྲིད་བཙོན་པའི་ནང་མི་ཡིན་ཕྱིན་ཆད་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་དང༌། ལྷག་པར་དུ་ངའི་ཁྱིམ་ཚང་དེ་རྒྱ་མིས་དམ་དྲག་བྱེད་བཞིན་པའི་ཁྱིམ་ཚང་ཞིག་ཡིན་སྟབས་ཁོང་ཚོ་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་ངས་ཧ་གོ་ཡི་ཡོད། བོད་མི་རིགས་དང་བོད་གཞུང་ལ་ང་རང་གི་ལུས་ཐོག་ནས་ཞབས་འདེགས་རླབས་ཆེན་ཞིག་ཞུ་ཐུབ་ཐབས་མེད་ཀྱང༌། ང་རང་ལ་རྒྱ་མིས་མནར་གཅོད་བཏང་བའི་དངོས་ཡོད་གནས་ཚུལ་དེ་ཇི་མ་ཇི་བཞིན་ཁྱབ་བསྒྲགས་བྱེད་རྒྱུ་དེ་ང་རང་གི་ལས་འགན་ཡིན་བསམ་ཡོད། ངའི་ནང་མི་ལ་བསམ་བློ་བཏང་ན་ཁྱབ་བསྒྲགས་བྱེད་མི་འོས་ཀྱང༌། བོད་མི་རིགས་ལ་ཕན་པ་ཡིན་ན་ངའི་ནང་མི་གང་ཡང་མ་རེད། བོད་མི་ས་ཡ་དྲུག་དང་ངའི་ནང་མི་གྲངས་༡༡ རེད། གང་ལྟར་ང་རང་གི་ངོས་ནས་ཕན་གྱི་ཡོད་ཀྱང་མེད་ཀྱང༌། དངོས་ཡོད་གནས་ཚུལ་དེ་ཤོད་དགོས་པ་གལ་ཆེན་པོ་རེད་བསམ་པ་དྲན་གྱི་ཡོད།

དྲི་བ། ཁྱེད་ལ་རིས་པོག་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཐོབ་པ་དེ་བཙོན་ཁང་ནང་ནས་ཤེས་རྟོགས་བྱུང་ཡོད་དམ།

ལན། འདི་ངས་བཙོན་ཁང་ནང་དུ་རྩ་བ་ཉིད་ནས་གོ་མྱོང་མེད། མར་ཐོན་ནས་བྱ་དགའ་དེ་འདྲ་ཞིག་ཨ་རི་ནས་སྤྲད་པ་གསར་འགྱུར་ནང་ནས་བཤད་པ་རེད་ཅེས་གྲོང་གསེབ་ནས་གོ་སོང༌། ཉེན་རྟོག་མི་སྣས་ཁྱེད་ལ་ཨ་རིས་ཌོ་ལོར་མང་པོ་ཞིག་སྤྲད་པ་རེད་ཅེས་གོ་ཡི་འདུག་དེ་འབྱོར་སོང་ངམ་ཞེས་འདྲི་ཡི་འདུག ངས་ཌོ་ལོར་མིག་གིས་ཀྱང་མཐོང་མྱོང་མེད་ལ་གང་ཡང་ཧ་གོ་ཡི་མེད། དེ་བས་ཁྱེད་རང་ལ་དང་པོ་ཤོད་མཁན་དེ་ལ་སྐད་ཆ་དྲིས་དང་གསལ་ཤོས་ཤེས་ཀྱི་རེད་ཅེས་བརྗོད་པ་ཡིན།

དྲི་བ། ཁྱེད་རང་ལ་མཚོན་ན་ལོ་མང་པོ་ཞིག་ལ་བཙོན་ཁང་ནང་ནས་དཀའ་སྡུག་མནར་གཅོད་ཚད་མེད་མྱངས། ད་ལྟ་ཧོབ་སྟེ་རང་དབང་གི་ལུང་པ་ཞིག་ཏུ་སླེབས་དུས་ཚོར་སྣང་ག་འདྲ་འདུག་གམ།

ལན། ང་ཨ་རི་དང་སུད་སིར་སླེབས་པའི་སྐབས་མི་མང་པོ་ཞིག་གིས་ཁྱེད་རང་སྐྱིད་པོ་རེད་གསུང་གི་འདུག ད་ལྟ་སྐྱབས་བཅོལ་དུ་ཡོང་མཁན་དེ་ཚོས་དཀའ་ངལ་མང་པོ་མྱོང་གི་ཡོད་པ་དང་ད་ལོ་ནང་པ་ལར་སྲོག་ཤོར་བའི་དོན་རྐྱེན་ཡང་བྱུང་བ་རེད། ང་དཀའ་ངལ་གང་ཡང་མ་མྱངས་པར་སླེབས་པ་རེད། ང་སྒེར་གྱི་འཚོ་གོས་ཀྱི་ཐོག་ནས་སྐྱིད་པོ་རེད། འོན་ཀྱང་ངའི་སེམས་ནང་ལ་མཚོན་ན་དགའ་སྣང་དང་སྐྱིད་པོ་ཡིན་བསམ་པ་དེ་རྩ་བ་ཉིད་ནས་དྲན་གྱི་མི་འདུག བོད་ནང་དུ་ཆབ་སྲིད་བཙོན་པ་གྲངས་མེད་ཅིག་ཡོད་པ་རེད། ཆབ་སྲིད་བཙོན་པ་འདིར་སླེབས་པ་དང་བོད་ནང་དུ་ཡོད་པ་གཉིས་བསྡུར་ན་འདིར་གང་ཡང་སླེབས་ཐུབ་ཡོད་པ་མ་རེད། བོད་ནང་དུ་ཡོད་པའི་ཆབ་སྲིད་བཙོན་པའི་གནས་སྟངས་ག་འདྲ་ཡོད་པ་ང་རང་རང་གིས་གསལ་ཤོས་ཤེས་ཀྱི་ཡོད་སྟབས། སྤྱིར་བོད་ཀྱི་གནས་སྟངས་སྐྱོ་བོ་ཡིན་པ་དང༌། ཡང་དགོས་ཆབ་སྲིད་བཙོན་པའི་གནས་སྟངས་དེ་ཚོ་སེམས་ལ་འཁོར་ཡོང་དུས་ང་སྐྱིད་པོ་རེད་བསམ་པ་རྩ་བ་ཉིད་ནས་དྲན་ཐུབ་ཀྱི་མི་འདུག

དྲི་བ། བཙོན་ཁང་ནང་དུ་ཡོད་པའི་སྐབས་ཁྱེད་དང་ཆབ་སྲིད་བཙོན་པ་གཞན་དག་གིས་ད་ལྟ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ལམ་དབུ་མའི་སྐོར་ཤེས་རྟོགས་ག་ཚོད་ཡོད་དམ།

ལན། ང་ཕྱི་རྒྱལ་དུ་མ་སླེབས་བར་དབུ་མ་ཟེར་བ་ཞིག་གོ་མྱོང་གཏན་ནས་མེད། ཕྱི་རྒྱལ་དུ་སླེབས་པའི་སྐབས་ལམ་དབུ་མ་ཟེར་བ་གོ་དུས་ངས་ག་རེ་ལབ་ཀྱི་ཡོད་དམ་བསམ་པ་ལས་ཧ་གོ་ཡི་མེད། ང་བོད་ནང་རང་བཙན་གཙང་མ་ཡིན་ཞེས་སྐད་འབོད་བྱས་ནས་ལོ་བཅོ་ལྔ་བཙོན་ཁང་དུ་བསྡད་པ་རེད། རང་དབང་ཏིལ་འབྲུ་ཙམ་ཞིག་མེད་པར་ལོ་གཉིས་བསྡད་པ་ཡིན། བསྡོམས་པས་ལོ་བཅུ་བདུན་འགོར་སོང༌། འདིར་ཚུར་སླེབས་དུས་ལམ་དབུ་མའི་སྐོར་དེ་ཤེས་རྟོགས་བྱུང་བ་རེད། ང་རང་ལ་མཚོན་ན་ཆབ་སྲིད་ཀྱི་གོ་རྟོགས་གང་ཡང་མེད། བོད་མི་རིགས་ཀྱི་གནད་དོན་དང་སངས་རྒྱས་ཀྱི་བསྟན་པ་སོ་སོའི་སྲོག་ལས་གཅེས་པར་བཟུང་ནས་སྐད་འབོད་བྱས་པ་ཡིན། ཁག་ཅིག་ལམ་དབུ་མ་དེ་སྐུ་མདུན་གྱི་བཀའ་རེད་ལམ་དབུ་མ་རང་དགོས་པ་རེད་ཅེས་དང༌། ཁག་ཅིག་གིས་བོད་རང་བཙན་གཙང་མ་རེད་བོད་རང་གཙང་མ་རང་རྩོད་ཀྱི་ཡིན་ཞེས་ད་ལྟའི་ཆར་ལམ་ཁག་གཉིས་ཆགས་ཡོད་པ་རེད། ལམ་དབུ་མར་འགྲོ་མཁན་ཁག་ཅིག་གིས་རང་བཙན་རྩོད་མཁན་ཚོས་སྐུ་མདུན་གྱི་བཀའ་བཅགས་པ་རེད་ཅེས་གསུང་གི་འདུག ངས་བལྟས་ན་དེ་སྐུ་མདུན་གྱི་བཀའ་བཅགས་པ་རེད་ཅེས་དགག་པ་རྒྱག་རྒྱུ་ཡོད་པ་མ་རེད་བསམ་གྱི་འདུག རང་བཙན་གཙང་མ་རྩོད་མཁན་དེ་ཚོས་ཀྱང་བོད་རང་གི་ཆེད་དུ་ཅིག་བྱེད་ཀྱི་ཡོད་པ་རེད། ལམ་དབུ་མ་དེ་སྐུ་མདུན་གྱི་དགོངས་པ་རེད། དེའི་ཐོག་ནས་འགྲོ་མཁན་དེ་ཚོས་ཀྱང་བོད་སྤྱི་པའི་ཐོག་ལ་ག་རེ་བྱས་ནས་ཕན་པ་འདུག གཉིས་ཀས་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་དུ་བསྟར་དགོས་པ་རེད་དྲན་གྱི་འདུག ང་ལ་མཚོན་ན་གཉིས་ཆར་རྒྱུ་མཚན་རེ་མཐོང་གི་འདུག དེར་བརྟེན་གཉིས་ཆར་རྒྱབ་སྐྱོར་ཡོད་མ་གཏོགས་ང་རང་བཙན་གཙང་མ་ཡིན་པས་ལམ་དབུ་མར་དགག་པ་ཡོད་ཅེས་པ་དང༌། ཡང་ན་ལམ་དབུ་མ་ཡིན་རང་བཙན་གཙང་མ་རྩོད་མཁན་ཚོས་ནོར་བ་རེད་ཅེས་བཤད་ནས་གདམ་ག་གང་ཡང་བྱེད་ཀྱི་མེད། གཉིས་ཆ་བོད་སྤྱི་པའི་རྩ་དོན་གྱི་ཆེད་ཡིན་པས་རྒྱབ་སྐྱོར་ཡོད། ཡིན་ནའང་རང་བཙན་རྩོད་མཁན་དེ་ཚོས་སྐུ་མདུན་གྱི་བཀའ་བཅགས་པ་རེད་ཅེས་པ་དེར་མོས་མཐུན་རྩ་བ་ཉིད་ནས་མེད། མི་རེ་ངོ་རེ་ལ་འོས་འགན་ཡོད་པ་རེད། འོས་འགན་རེ་ཡོད་པ་བཞིན་རྩོད་དགོས་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།