ྋརྒྱལ་བ་རིན་པོ་ཆེའི་ཕྱག་ལས་ངོ་མ་དེ་ད་དུང་འགྲུབ་ཡོད་པ་མ་རེད།
མཁས་དབང་འཇམ་དབྱངས་ནོར་བུ་ལགས་སུ་ྋགོང་ས་མཆོག་གི་བཀའ་སློབ་དེའི་གནད་དོན་ཐོག་དགོངས་ཚུལ་གང་ཡོད་བཅར་འདྲི་ཞུས་པར་ཁོང་གིས།
དེ་ཞུ་ཁག་པོ་འདུག ྋརྒྱལ་བ་རིན་པོ་ཆེ་དགོངས་པ་ཞུ་རྒྱུ་དེ་སྲིད་འཛིན་དང༌། སྲིད་བློན་ཞིག་དགོངས་པ་ཞུས་པ་ནང་བཞིན་མ་རེད། ྋརྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་པ་ཡིན་ནའང་རེད། མང་ཆེ་བ་སོ་སོ་དགུང་ལོ་ག་ཚོད་ཐུབ་པ་བར་དུ་བཞུགས་པ་ལས་དགོངས་པ་ཞུས་པ་དེ་འདྲ་བྱུང་ཡོད་པ་མ་རེད། ྋསྐུ་མདུན་གྱིས་ག་འདྲ་ཞིག་གསུངས་པ་ཡིན། དངོས་ཡོད་གནས་ཚུལ་ག་རེ་ཡིན་ན་བསམ་གྱི་འདུག ང་ཚོས་ཚོད་དཔག་བྱས་དུས་ྋརྒྱལ་བ་རིན་པོ་ཆེའི་ཕྱག་ལས་ངོ་མ་དེ་ད་དུང་འགྲུབ་ཡོད་པ་མ་རེད། གནད་འགག་ཆེ་ཤོས་སྔོན་མ་ྋརྒྱལ་བ་རིན་པོ་ཆེ་བོད་ནས་ཚུར་ཕེབས་སྐབས་བོད་མི་མང་ལ་བདེ་སྐྱིད་དང་རང་དབང་དགོས་པ་རེད་ཅེས་བཀའ་གནང་ཡོད་པ་རེད། དེ་འགྲུབ་རྒྱུ་ཕར་ཞོག་གནས་ཚུལ་སྡུག་ཏུ་སོང་ཡོད་པ་རེད།
ང་རང་གི་རེ་བ་ལ་ྋརྒྱལ་བ་རིན་པོ་ཆེའི་བཀའ་དེ་གནང་བ་དངོས་གནས་མིན་པ་དང༌། མུ་མཐུད་ཕྱག་ལས་གནང་རྒྱུ་དང༌། རྒྱ་ནག་ལ་བཀའ་མོལ་གནང་བར་མི་བཏང་བ་མ་ཡིན་པར། ྋརྒྱལ་བ་རིན་པོ་ཆེ་རང་གིས་གྷན་དྷི་དང༌། མར་ཊིན་ལུ་ཐར་ཀིང་ནང་བཞིན་མདུན་ལ་ཕེབས་རྒྱུ་དང༌། ང་ཚོ་བོད་མི་རྒན་གཞོན་མེད་པར་ཚང་མས་རྒྱབ་སྐྱོར་བྱེད་རྒྱུ་དང་ཞབས་ཞུ་བསྒྲུབ་དགོས་པ་རེད། སྐད་རྒྱག་དགོས་ནའང་རེད། ངོ་རྒོལ་བྱེད་དགོས་ནའང་རེད་ཞི་བའི་ཐོག་ནས་དེ་འདྲ་བྱེད་རྒྱུའི་རེ་བ་ང་ལ་ཆེན་པོ་ཡོད། གལ་སྲིད་དགོངས་པ་ཞུ་དགོས་པའི་གནས་ཚུལ་འདྲ་བྱུང་ན་ང་ཚོར་མང་གཙོའི་ལམ་ཁ་དེ་མ་གཏོགས་ཡོད་པ་མ་རེད། ད་ལྟའི་མང་གཙོའི་བཟོ་འདྲ་མ་ཡིན་པར། སྲིད་བློན་ལོག་ཀ་བདམ། ཚོགས་པ་དེ་འདྲ་མེད་དུས་མི་སྒེར་ཅིག་ཐོན། སྒེར་སྒེར་བར་ལ་ཅིག་བཤད། སྤྱི་འཐུས་དེ་ཚོ་ཡང་ཆོལ་ཁ་གསུམ་གྱི་སྐད་ཆ་བཤད་པ་མ་གཏོགས། མི་སྒེར་རེད། ལྟ་བ་ཅང་ཡོད་པ་མ་རེད། སྲིད་དོན་གྱི་ནུས་ཤུགས་ལ་ཕན་པའི་སོ་སོར་ཚོགས་པ་དེ་འདྲ་ཡོད་པ་མ་རེད། སོ་སོ་ལུང་ཚན་ནས་ཡོང་བ་རེད། ལུང་ཚན་ནང་ལ་ལྟ་བ་ཅང་ཡོད་པ་མ་རེད། ང་ཚོ་ཨ་མདོ་ཡག་པོ་ཡིན། ང་ཚོ་ཁམས་པ་ཡག་པོ་ཡིན། དབུས་གཙང་ཡག་པོ་ཡིན་ཟེར་བ་ཙམ་ལས་ཅང་ཡོད་པ་མ་རེད། ཡིན་ལུགས་ཚུལ་ལྡན་གྱི་མང་གཙོའི་རྒྱལ་ཁབ་གྱི་འགྲོ་སྟངས་ནང་བཞིན་ཚོགས་པ་བཙུགས་ནས་མང་གཙོའི་ལམ་དུ་འགྲོ་རྒྱུ་དེ་རེད། ང་ཚོ་གནས་ཚད་ལོན་ཡོད་པ་མ་རེད། ག་ལེ་འགྲོ་དགོས་པ་ཟེར་བ་དེ་ཚོ་བཙན་དབང་རྒྱལ་ཁབ་ལྷོ་ཤར་ཨ་མི་རི་ཀར་ཡོད་མཁན་ཚོ་དང༌། ཨེ་ཤ་ཡའི་རྒྱལ་ཁབ་ཐེབས་ཆག་པ་ཀི་སི་ཐན་དང༌། རྒྱ་མི་དེ་ཚོས་བྱེད་རྒྱུ་ཞིག་རེད། གནས་ཚད་ང་ཚོ་བལ་ཡུལ་ལས་སྐྱོ་བ་ཡོད་པ་རེད་དམ། རྒྱ་གར་ནང་གི་མི་སྐྱོ་ཤོས་དེ་ཚོ་ལས་ང་ཚོ་སྐྱོ་བ་ཡོད་པ་རེད་དམ། གནས་ཚད་ང་ཚོར་སྔོན་མ་ནས་འགྲིག་བསྡད་ཡོད་པ་རེད། གནས་ཚད་མ་རེད། ཡོན་ཏན་མ་རེད། གྷན་དྷིས་སྔོན་མ་མིས་ཡི་གེ་འབྲི་མ་ཤེས་ན་སྐྱོན་ཡོད་པ་མ་རེད་གསུངས་ཡོད་པ་རེད། འོས་བླུག་རྒྱུ་དེ་ཞེ་དྲག་ལྟ་བ་དེ་འདྲའི་སྐད་ཆ་མ་རེད། སྔོན་ལ་ངའི་ཕྲུ་གུར་སློབ་གྲྭ་ཡག་པོ་ཞིག་སུས་སྤྲོད་ཀྱི་འདུག ལམ་ཁ་ཡག་པོ་ཞིག་སུས་རྒྱག་གི་འདུག དེ་འདྲ་ཆུང་ཆུང་ལ་བལྟས་ནས་མང་གཙོ་འོག་ནས་ཡར་ཡོང་དགོས་པ་རེད། བོད་པར་གནས་ཚད་ལོན་ཡོད་པ་རེད། ལག་ལེན་མ་བཏང་ནས་མི་ལ་སློབ་སྦྱོང་ག་འདྲ་ཡོང་དགོས་པ་རེད། མང་གཙོ་དེ་སློབ་གྲྭའི་ནང་དུ་སློབ་རྒྱུ་ཞིག་མ་རེད། སྲིད་དོན་ཚན་རིག་སློབ་ཀྱི་ཡོད་པ་རེད་མོད། དེ་མང་གཙོའི་སློབ་སྦྱོང་མ་རེད། ཉམས་ཞིབ་རེད། མི་མང་ལ་སྦྱོང་བརྡར་སྤྲོད་དགོས་པ་རེད། བརྡབ་ཀྱིན་བརྡབ་ཀྱིན་འགྲོ་དགོས་པ་རེད། མང་གཙོའི་འགྲོ་སྟངས་དེ་རེད། ྋརྒྱལ་བ་རིན་པོ་ཆེ་ད་ལྟ་བཞུགས་ཡོད་ནའང་ྋརྒྱལ་དབང་རྗེས་མ་གྲ་སྒྲིག་བྱེད་རྒྱུ་དང༌། དེའི་ཐོག་ལ་ཚོགས་ཆུང་བཙུག་རྒྱུ་སོགས་སྤུས་དག་པོ་དགོས་པ་རེད། ང་ཚོས་སྔོན་མ་བྱས་པ་ནང་བཞིན་བླ་མ་ཡ་མཚན་དེ་འདྲ་ཞིག ངས་བླ་མ་ཚང་མར་ཞུ་གི་མེད་མོད། སྲིད་དོན་ནང་ལ་བླ་མ་ཡོང་དུས་ག་དུས་ཡིན་ནའང་བླ་མ་ཐེབས་ཆག་ཡོང་རྒྱུར་ལུགས་སྲོལ་འདྲ་བོད་པའི་ནང་ལ་འདུག རྭ་སྒྲེང་དེ་བླ་མ་གཟི་བརྗིད་ཅན་ཞིག་རེད་མོད། རྒྱལ་པོ་གནང་ནས་ཕྱག་མཛོད་ཁོང་ཚོས་འཁྲབ། སྟག་བྲག་ཁོ་ཚོས་བརྡབ་གསིག་ཞེ་དྲག་བཏང་བ་རེད། རྒྱལ་ཚབ་གཉིས་ཀྱི་སྐབས་ལ་བོད་བསྐྱལ་བ་རེད། དེ་འདྲ་མི་ཡོང་བའི་ཆེད་དུ་རྗེས་མ་ྋརྒྱལ་བ་རིན་པོ་ཆེའི་ཡང་སྲིད་གདན་འདྲེན་ཞུ་སྟངས་དང༌། རྒྱ་མིར་དེའི་ཐོག་ལ་ཁ་གཏད་གཅོག་མཁན་ང་རང་ཚོའི་སྲིད་དོན་ཐོག་ལ་མི་གྲུང་པོ་དེ་འདྲ་དགོས་པ་རེད། བླ་ཆེན་ཁག་ལ་བཀའ་མོལ་གནང་རྒྱུ་དང༌། བོད་གཞུང་བཀའ་ཤག་གི་འོག་ནས་ཚོགས་ཆུང་བཙུགས་པ་ལས་དེའི་ཐོག་ལ་རྒྱལ་ཚབ་དེ་འདྲ་མ་དགོས་པ་ཞིག་ཡོང་ན་ཞེས་མཐའ་མར་ཞུ་རྒྱུ་ཡིན།།