ང་དང་ཁོ་ཞེས་དབྱེ་བ་མ་ཕྱེ་བར་རྡོག་རྩ་གཅིག་སྒྲིལ་གནང་རོགས།
ཨ་རིར་གནས་བཞུགས་དགའ་ཤར་ལྷོ་པ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་མཆོག་ལ་བཅར་འདྲི།
དྲི་བ། དགེ་བཤེས་མཆོག་གིས་ཨ་རིར་ཆོས་ཚོགས་བཙུགས་ནས་ནུབ་ཕྱོགས་ཀྱི་མི་རིགས་མང་པོ་ཞིག་ལ་ནང་ཆོས་འཆད་སྤེལ་གནང་གི་ཡོད་སྐོར་གོ་ཐོས་བྱུང་སོང་དེའི་སྐོར་ངོ་སྤྲོད་མདོར་བསྡུས་གནང་རོགས།
ལན། དང་པོ་ང་ནུབ་ཕྱོགས་རྒྱལ་ཁབ་ལ་འགྲོ་རྒྱུ་དེ་གཞུང་གི་བཀའ་འབྲེལ་རེད། ཕྱི་ལོ་༡༩༦༣ ལོར་དབྱིན་ཇིའི་ལུང་པ་རུ་བོད་པའི་ཕྲུ་གུ་༢༢ དང་ལྟ་རྟོགས་བྱེད་མཁན་ཕ་ཚབ་གཉིས། ང་བོད་ཡིག་དང་ཆོས་དགེ་གཅིག་ལྕོགས་བྱས་ནས་སོང་བ་རེད། དེ་ནས་ཡུན་རིང་པོར་དབྱིན་ལན་བོད་ཁང་དུ་བསྡད་པ་ཡིན། ༡༩༧༤ ལོར་སློབ་མ་མང་ཆེ་བ་དེ་མཐོ་རིམ་སློབ་གྲྭར་འགྲོ་རྒྱུ་སོགས་ཀྱི་གོ་སྐབས་བྱུང་ནས་ཕྲུ་གུ་ཆུང་བ་བཞི་མ་གཏོགས་ལྷག་མ་སོང༌།
དེ་ནས་ང་ཚུར་རྒྱ་གར་དུ་ཡོང་ནས་ཡིད་བཞིན་ནོར་བུ་མཇལ་ཏེ་སློབ་གྲྭའི་ནང་དུ་ཕྲུ་གུ་ཉུང་ཤས་ལས་མེད། ང་ཕྱི་ལོགས་ནས་བསྡད་ན་འགྲིག་གི་རེད་དམ་ཞེས་བཀའ་འདྲི་ཞུས་དུས་འགྲིག་གི་རེད་གསུངས་སོང༌། ༡༩༧༦ ལོ་ང་ཨ་རིར་སོང་བ་ཡིན། ཨ་རིའི་མཐོ་རིམ་སློབ་གྲྭ་སན་ཊར་ཕའོ་ཝལ་དང༌། ང་རང་སྡོད་ས་ཨ་རིའི་གྲོང་ཁྱེར་ལོ་སི་ཨན་ཇི་ལིས་སི་རུ་མཐོ་སློབ་ཅིག་ཡོད་པ་རེད། དེ་གཉིས་སུ་བདུན་ཕྲག་རེར་ཐེངས་གཅིག་རེ་སོང་ནས་ནང་པའི་ཆོས་ངོ་སྤྲོད་དང༌། རེ་ཟུང་ཞིག་ལ་སུམ་རྟགས་སློབ་ཁྲིད་བཅས་བྱས་པ་ཡིན། ཞོར་ཞོར་དུ་ནང་ཆོས་སློབ་ཁྲིད་བྱས་ནས་སློབ་ཕྲུག་མང་པོ་ཡོང་གི་འདུག ཁོང་ཚོས་ཆོས་ཚོགས་ཤིག་བྱུང་ན་ཞེས་འབོད་སྐུལ་བྱེད་ཀྱི་འདུག དེར་བརྟེན་ཆོས་ཚོགས་ཤིག་བཙུགས་ནས་མིང་དེ་ྋགོང་ས་མཆོག་གིས་ཐུབ་བསྟན་དར་རྒྱས་གླིང་ཞེས་གནང་བ་རེད། དེ་ནས་བཟུང་ད་བར་ནུབ་ཕྱོགས་པ་རྣམས་ལ་ནང་ཆོས་སློབ་ཁྲིད་བྱས་པ་ཡིན། ད་ལྟའི་ཆར་མི་མང་པོ་ཞིག་ངོ་ཤེས་པ་དང་དགེ་ཕྲུག་མང་པོ་ཡོད་པ་རེད། ཕྱི་རྒྱལ་བ་མང་པོ་ཞིག་ནང་ཆོས་ལ་དོ་སྣང་ཡག་པོ་འདུག
དྲི་བ། ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་ནང་ཆོས་ལ་དོ་སྣང་གི་ཚད་གཞི་དེ་ག་འདྲ་ཞིག་ལ་སླེབས་འདུག་དགོངས་ཀྱི་ཡོད་དམ།
ལན། ནང་ཆོས་ལ་ལོ་རེ་ནས་ལོ་རེ་བཞིན་དོ་སྣང་ཆེ་རུ་ཆེ་རུ་འགྲོ་ཡི་ཡོད་པ་རེད། དེ་ག་ཞིག་དོ་སྣང་བྱུང་བ་ཙམ་མ་ཡིན་པར་ནང་པའི་ཆོས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་རང་གི་ཐོག་ལ་འབད་བརྩོན་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་ཡང་གཙོ་བོ་ྋརྒྱལ་བ་ཡིད་བཞིན་ནོར་བུ་ཕྱི་རྒྱལ་ཁག་ལ་ཆིབས་བསྒྱུར་ཐེངས་མང་པོ་གནང་ནས་གསུང་ཆོས་བཀའ་དྲིན་བསྐྱངས་པའི་ཐུགས་རྗེ་བྱིན་རླབས་ཁོ་ན་ལ་བརྟེན་ནས་ནུབ་ཕྱོགས་ལ་ནང་ཆོས་དར་སྤེལ་བྱུང་བ་རེད། དེ་ནས་དགེ་བཤེས་བླ་མ་སྤྲུལ་བའི་སྐུ་མང་པོ་ཞིག་གིས་རྒྱུན་མཐུད་ནས་ཆོས་ཚོགས་བཙུགས་ནས་ཆོས་འཆད་སྤེལ་སོགས་ལ་བརྟེན་ནས་བྱུང་ཡོད་པ་དང༌། གཙོ་ཆེ་ཤོས་དེ་ནུབ་ཕྱོགས་སུ་ནང་ཆོས་དར་སྤེལ་བྱུང་བ་དེ་ྋརྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དྲིན་རེད།
དྲི་བ། དགེ་བཤེས་མཆོག་གིས་ནུབ་ཕྱོགས་སུ་ནང་ཆོས་དར་སྤེལ་གནང་བ་ཙམ་མ་ཡིན་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རོགས་རམ་གནང་བཞིན་ཡོད་པའི་གནས་ཚུལ་ཐོས་སོང༌། དེའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། སྤྱིར་བོད་མི་ཚང་མ་ལ་རོགས་པ་བྱེད་ཐུབ་པའི་ནུས་པ་ཡོད་ན་འགན་ཁུར་དེ་ཚང་མ་ལ་ཡོད་ཙང༌། ངས་ཀྱང་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྙིང་ལ་བཅངས་ནས་བོད་མི་རིགས་དང༌། དེ་ཙམ་མ་ཡིན་པར་ང་རང་གིས་ཞབས་ཞུ་ཙག་ཙིག་བྱས་པ་ཁག་ཅིག་ཞུ་རྒྱུ་ཡིན། དེ་ཡང་དང་པོ་༡༩༩༡ ནས་ཤེས་རིག་ལས་ཁུངས་བརྒྱུད་བོད་ཕྲུག་༡༠ ལ་སློབ་ཡོན་ཕུལ་བ་དང༌། ད་ལྟའང་འབུལ་བཞིན་པ་ཡིན། དེའི་རྗེས་༡༩༩༣ ལོ་ནས་ཆོས་དོན་ལས་ཁུངས་བརྒྱུད་ནས་བོད་ནས་གསར་དུ་འབྱོར་བའི་གྲྭ་བཙུན་༣༠ དང༌། དེའི་རྗེས་སུ་༥ བསྣན་ནས་༣༥ ལ་རོགས་རམ་ཞུས་དང་ཞུ་བཞིན་པ་ཡིན། དེ་བཞིན་ང་མོན་གྷོ་རུ་འགྲོ་བའི་སྐབས་སུ་བོད་པའི་སློབ་གྲྭ་ཆེན་པོ་ཞིག་ཡོད་པ་རེད། སློབ་སྤྱི་ལ་སློབ་གྲྭ་དེར་ལྟ་སྐོར་ཞིག་བྱེད་ཆོག་པའི་བཀའ་འཁྲོལ་ཞུས་ནས་འགྲོ་བའི་སྐབས། སློབ་ཕྲུག་དེ་ཚོའི་བོད་ཡིག་གི་ཤེས་ཚད་ཧ་ཅང་སྐྱོ་བོ་ཡིན་པ་དང༌། ལྷག་པར་དུ་དག་ཆ་ཡག་པོ་མི་འདུག་ལ། འབྲེལ་ཡོད་ཚོས་དགེ་རྒན་གྱིས་འདང་གི་མི་འདུག་ཅེས་བརྗོད་ཀྱི་འདུག ང་ཡར་ཡོང་ནས་ཤེས་རིག་ལས་ཁུངས་ལ་སློབ་གྲྭ་དེའི་གནས་ཚུལ་སྙན་སེང་དང་འབྲེལ་དགེ་རྒན་འོས་སྦྱོང་གནང་ཐུབ་ན་ཡག་པོ་འདུག་ཅེས་ཞུས་པའི་ཚེ། རོགས་རམ་ཞིག་བྱུང་ན་བྱེད་ཀྱི་ཡིན་ཞེས་གསུངས་སོང༌། དེ་ནས་བཟུང་ངས་རོགས་རམ་ཞུས་ནས་ས་རཱ་སློབ་གྲྭ་རུ་དགེ་རྒན་འོས་སྦྱོང་ཐེངས་ལྔ་བྱས་པ་རེད། ཐེངས་རེ་རེ་ལ་སློབ་མ་༢༥ ནས་༣༠ བར་ཡོད་པ་རེད། དེ་བཞིན་གཞུང་ཞབས་འདེམས་ལྷན་ནས་འབོད་སྐུལ་གནང་དོན་བཞིན་ལོ་གཅིག་ལ་ལས་བྱེད་འོས་སྦྱོང་མི་༣༠ ལ་མཐུན་རྐྱེན་ཞུས་པ་ཡིན། ཤེས་རིག་གི་འབོད་སྐུལ་གནང་བ་བཞིན་གཞིས་ཆགས་ཁག་ཏུ་ཟློས་གར་གྱི་དགེ་རྒན་རྣམས་ལ་འོས་སྦྱོང་ཞིག་ཟླ་བ་གཉིས་རིང་བྱས་པ་དང་དེའི་འགྲོ་སོང་ཡང་ངས་ཕུལ་བ་ཡིན། དེ་བཞིན་མོན་གྷོ་རྒན་གསོ་ཁང་དུ་རྒན་རྒོན་༧༦ དང་ལྟ་སྐྱོང་བྱེད་མཁན་༥ བཅས་མི་༨༡ ལ་ཕལ་ཆེར་ཕྱི་ལོ་༢༠༠༠ ལོ་ཡིན་པ་ཡོད། རྒྱུན་རིང་པོ་ཞིག་ནས་རོགས་རམ་བྱས་པ་ཡིན། ད་དུང་ཡང་རོགས་རམ་བྱེད་བཞིན་ཡོད། དེ་བཞིན་མོན་གྷོ་གཞིས་གྲོང་དྲུག་པའི་སློབ་གྲྭར་སློབ་མ་བཞི་བརྒྱ་ལ་ཉེ་བ་ཞིག་ལ་ཚོགས་ཁང་མེད་པར་བརྟེན། ཞོགས་པ་ཞལ་འདོན་སོགས་ཕྱི་ལོགས་ནས་འཚོགས་དགོས་པས་ཉི་མ་ཚ་བའི་སྐབས་ཕྲུ་གུ་རྣམས་རིལ་འགྲོ་བའི་གནས་ཚུལ་ཡང་བྱུང་ཡོད་འདུག དེ་དག་གི་ཆེད་དུ་ཚོགས་ཁང་ཞིག་བརྒྱབ་པ་ཡིན། ད་ལོ་ཡང་སློབ་གྲྭ་ཆུང་བ་ཞིག་ལའང་དེ་བཞིན་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱུང་བ་བཞིན་རོགས་རམ་བྱས་པ་ཡིན། དེ་བཞིན་ཤར་རྩེ་གྲྭ་ཚང་གི་བླ་རྒན་ཧ་ཅང་བགྲེས་སོང་ཆབ་སངས་གནང་ནས་ཡར་ལངས་མི་ཐུབ་མཁན་དེ་འདྲ་མང་པོ་མཐོང་སོང༌། དེ་དག་གི་ཆེད་དུ་ཤག་༢༨ དང་གསང་སྤྱོད་དེ་ཕྱི་རྒྱལ་ནང་བཞིན་ཡོད་པ་ཞིག་བརྒྱབ་པ་ཡིན། ལྷག་པར་དུ་མོན་གྷོ་གཞིས་ཆགས་ཀྱི་ཉེ་འགྲམ་རྒྱ་གར་སློབ་གྲྭ་ཞིག་གི་ཁང་པའི་ཐོག་རྡིབ་ཞིག་ཏུ་སོང་འདུག ངས་ཐོག་དེ་བཀབ་པ་ཡིན། དེ་ལ་བརྟེན་ནས་རྒྱ་གར་མིག་ལོང་བའི་སློབ་གྲྭ་ཞིག་འདུག དེ་རུ་ཡོང་རོགས་ཞེས་བརྗོད་ཀྱི་འདུག ཁོང་ཚོར་ཁང་པ་ཆུང་ཆུང་གཅིག་འདུག མིག་ལོང་བ་དེ་ཚོ་ལ་སློབ་སྦྱོང་ཞིག་སྤྲོད་ཀྱི་འདུག ཁང་པ་དེའི་ནང་དུ་འཛིན་གྲྭ་འཚོགས་ས་དང༌། ཐབ་ཚང༌། ཉལ་ས་བཅས་ཚང་མ་གཅིག་པ་རེད། སྐབས་དེ་དུས་ཕྲུ་གུ་༣༠ ཙམ་འདུག ངས་ཉལ་ཁང་ཞིག་དང་ཐབ་ཚང་གཉེར་ཚང་བཅས་ཡོད་པ་ཞིག་བརྒྱབ་པ་དང༌། ད་ལོ་ཡང་འགྲོ་བའི་སྐབས་ཕྲུ་གུ་༥༠ ཙམ་ཞིག་ཏུ་འཕར་འདུག་ལ། སྔོན་མའི་ཁང་པ་དེའི་ནང་དུ་ཤོངས་ཀྱི་མི་འདུག དེར་བརྟེན་བུ་དང་བུ་མོའི་ཉལ་ཁང་གཉིས་ལོགས་སུ་བརྒྱབ་པ་ཡིན། དེ་བཞིན་ཧོང་སུར་སློབ་གྲྭའི་ཉིན་གོང་གི་བཞེས་ལག་ཡར་རྒྱས་ཡོང་ཆེད་དུ་ལོ་ལྟར་ཧིན་སྒོར་ཁྲི་བཞི་རེ་འབུལ་བཞིན་པ་ཡིན།
དྲི་བ། དགེ་བཤེས་ལགས་ཀྱིས་བོད་རིགས་མང་ཚོགས་དང་ཡུལ་མི་མང་པོ་ཞིག་ལ་རོགས་རམ་གནང་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་དང༌། ཚགས་པར་འདི་བརྒྱུད་ནས་བོད་རིགས་རྣམས་ལ་འབོད་སྐུལ་གནང་རྒྱུ་གང་ཡོད་དམ།
ལན། ང་རང་གིས་དུས་རྒྱུན་བོད་པའི་སློབ་གྲྭ་ཁག་ཏུ་འགྲོ་སྐབས་སྐད་ཆ་ཤོད་ཀྱི་ཡོད། ཁྱེད་རང་ཚོས་ཕ་མ་རྣམས་ལ་སྐད་ཆ་དྲིས། ང་རང་ཚོ་བསྡད་ཡོད་ས་དེ་ང་རང་ཚོའི་ལུང་པ་མ་རེད། ང་འདི་ལ་ག་རེ་བྱས་ནས་སླེབས་པ་རེད་སྐད་ཆ་འདྲི་དགོས་པ་རེད། ཁྱེད་རང་ཚོ་འདིར་སྐྱེས་པ་རེད། ཡིན་ནའང་ལུང་པ་འདི་ང་ཚོའི་མ་རེད། སྐྱབས་མགོན་རིན་པོ་ཆེས་གཞོན་སྐྱེས་རྣམས་མ་འོངས་བོད་ཀྱི་སོན་རྩ་རེད་ཅེས་བཀའ་ཞིག་གནང་གི་ཡོད་པ་རེད། སོན་རྩ་ག་རེ་བྱེད་དགོས་པ་རེད་ཅེ་ན། སོ་སོའི་མི་རིགས་དང་ཆོས་རིག་རྒྱུད་འཛིན་བྱེད་ཐུབ་པ་ཞིག་དགོས་པ་དེ་གལ་ཆེན་པོར་བརྩི་བཞིན་ཡོད་པ་རེད། སློབ་སྦྱོང་འཐུས་ཤོར་མི་འགྲོ་བ་ཞིག་དང༌། སྤྱོད་པ་བཟང་པོ་བྱེད་དགོས་པ། ནང་དུ་སྡོད་སྐབས་ཕ་མར་གུས་ཞབས་བྱེད་དགོས་པ་རེད། ང་ཚོ་བོད་ཀྱི་མི་རིགས་དེ་གཞན་དང་མ་འདྲ་བ་ཞིག་ཡོད་པ་རེད་ཅེས་ྋརྒྱལ་བ་རིན་པོ་ཆེས་བཀའ་གནང་གི་ཡོད་པ་རེད། ང་རང་ཚོའི་ངོས་ནས་གཉོམ་ཆུང་ཚུལ་མཐུན་གྱི་ཐོག་ནས་སློབ་སྦྱོང་བྱེད་དགོས་པ་རེད། གལ་ཆེན་པོ་གཉིས་པ་དེ་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་དེ་གཅིག་མ་གཏོགས་གཉིས་ཡོད་པ་མ་རེད། དངོས་གནས་མི་ཚང་གཅིག་ཙམ་མ་ཟད། ཕ་མ་གཅིག་གི་རྒྱུད་པ་ལས་ཆད་ཡོང་བ་རེད། དེ་ལ་ང་དང་ཁོ་ཞེས་དབྱེ་བ་མ་ཕྱེ་བར་རྡོག་རྩ་གཅིག་སྒྲིལ་གནང་རོགས་ཀྱིས་དེ་ངས་གནད་འགགས་ཆེན་པོ་ཞིག་མཐོང་གི་ཡོད། གཙོ་བོའི་ནང་གི་གཙོ་བོ་ྋརྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་སློབ་ག་རེ་གནང་བ་དེ་ང་ཚོ་བོད་རིགས་ཡོངས་རྫོགས་ཀྱིས་བསྒྲུབ་ཐུབ་པ་ཞིག་གནང་རོགས་ཞེས་ཞུ་རྒྱུ་ཡིན།།