ལྷ་སར་འགྲུལ་བཞུད་སྐབས་སྐར་མ་སུམ་ཅུའི་རིང་བོད་མི་མཐོང་རྒྱུ་དཀོན་པོ་འདུག

ཨ་རིའི་མང་གཙོ་ཐེབས་རྩའི་ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་ལས་འཆར་དོ་དམ་པ་སྐུ་ཞབས་ཝིལ་སོན་ལེས་ལགས་སུ་བཅར་འདྲི།

ཨ་རིའི་མང་གཙོ་ཐེབས་རྩའི་(National Endowment for Democracy)ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་ལས་འཆར་དོ་དམ་པ་སྐུ་ཞབས་ཝིལ་སོན་ལེས་(Mr. Wilson Lee)ལགས་༢༠༠༧ ལོའི་ཟླ་༨ ཚེས་༡༦ ནས་༢༣ བར་བོད་དུ་ཕེབས་ཡོད་པ་དང༌། དེ་ཡང་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། རྩེ་ཐང་བཅས་སུའང་ཉིན་༨ རིང་གཟིགས་སྐོར་ལ་བསྐྱོད་གནང་ཡོད་པ་དང༌། ཨ་རིའི་ཐེབས་རྩ་དེས་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་མང་པོ་ཞིག་ལ་རོགས་དངུལ་གནང་བཞིན་ཡོད་པར་བརྟེན། ཁོང་ཟླ་༨ ཚེས་༢༣ ནས་༣༠ བར་ཉིན་༧ རིང་འབྲེལ་ཡོད་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་གཟིགས་སྐོར་དུ་ཕེབས་ཡོད་པ་རེད།

དྲི་བ། ཁྱེད་རང་བོད་ནང་དུ་ཕེབས་པའི་སྐོར་མདོར་བསྡུས་ནས་གསུང་རོགས།

ལན། ང་བོད་ནང་དུ་ཕྱིན་ཏེ་ཟླ་༨ ཚེས་༡༦ ནས་༢༣ བར་ཉིན་༨ རིང་བསྡད་པ་ཡིན། ལྟ་སྐོར་བསྐྱོད་སའི་ས་ཁུལ་ཁག་གཙོ་བོ་ནི་བོད་ཀྱི་རྒྱལ་ས་ལྷ་ས་དང་གཞིས་ཀ་རྩེ། རྩེ་ཐང་བཅས་རེད། ང་རང་བོད་ལ་ལྟ་སྐོར་དུ་འགྲོ་བ་ཐེངས་དང་པོ་དེ་ཆགས་བསྡད་ཡོད་ཅིང༌། རྩེ་ཐང་དུ་བོད་མི་ཚོས་ཞིང་ཁ་དང་ཁོ་ཚོས་ཞིང་ལས་བྱེད་བཞིན་པ་དེ་འདྲ་མཐོང་སོང༌། ཞིང་ཁ་དེ་ཚོའང་ད་ལོ་ཧ་ཅང་ཡག་པོ་སྨིན་འདུག་ལ། ཁུལ་དེའི་བོད་མི་ཚོའང་བསམ་བློའི་རྣམ་པ་ཞི་བདེ་ཅན་ཞིག་དང་སྒོས་སུ་ཁ་གསང་པོ། སྐད་ཆ་བཤད་བདེ་བོའང་ཧ་ཅང་འདུག ད་དུང་བོད་ཀྱི་གངས་རི་སོགས་རང་བྱུང་གི་ཁམས་དེ་ཚོ་ཡིད་དབང་འཕྲོག་པ་ཞིག་མཐོང་སོང༌། འོན་ཀྱང་ས་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་དམག་གི་རྟེན་གཞི་ཆེན་པོ་ཞིག་འདུག སྤྱིར་དེང་རབས་གསར་པའི་འཛུགས་སྐྲུན་འཕར་ཚད་དང་ཆོས་དད་རང་དབང་བཅས་ཀྱི་ཐད་ལྷ་སས་གཙོས་གྲོང་ཁྱེར་ཁག་དང་དགོན་སྡེ་སོགས་གྲོང་གསེབ་ཁག་གི་མི་ཚེ་སྐྱེལ་སྟངས་རྣམ་པ་གཉིས་ལྟ་བུ་ཕྱེ་རྒྱུ་འདུག ལྷ་ས་ལྟ་བུར་མཚོན་ན་ཡར་རྒྱས་ཧ་ཅང་ཆེ་བ་དང་དེང་རབས་འཛུགས་སྐྲུན་གྱི་མྱུར་ཚད་ཀྱང་མགྱོགས་པོ་ཡོད་མ་ཟད་ཁང་ཆེན་ཐོག་བརྩེགས་ཅན་ཡང་མང་པོ་འདུག འོན་ཀྱང་ལྷ་སའི་གྲོང་ཁྱེར་དུ་ཡར་དང་པོ་འཛུལ་སྐབས་སྐར་མ་༣༠ རིང་འགྲུལ་བཞུད་བྱེད་རིང་བོད་མི་མཐོང་རྒྱུ་ཧ་ཅང་དཀོན་པོ་འདུག་ལ། ཁང་ཆེན་དེ་ཚོའི་ཚོང་ཁང་དང་ཟ་ཁང་ཕལ་ཆེ་བ་རྒྱ་མིས་བཟུང་འདུག དེར་བརྟེན་བོད་མི་ལས་རྒྱ་མི་མང་བ་ཡོད་པ་ཤེས་རྟོགས་ཐུབ་ཀྱི་འདུག འོན་ཀྱང་ཞོ་སྟོན་སྐབས་བོད་མི་ཧ་ཅང་མང་པོ་འཛོམས་པ་མཐོང་རྒྱུ་འདུག་པ་དང༌། སྐབས་དེར་ངས་བོད་རང་དབང་སློབ་ཕྲུག་ཚོགས་པའི་ངོས་ནས་འབྲས་སྤུངས་ཀྱི་གོས་སྐུ་ཆེན་མོ་བཤམ་སའི་རྩིག་ངོས་ཆེན་པོ་དེར་འཕྲེད་དར་ཆེན་མོ་ཞིག་སྦྱར་ན་ཡག་པོ་གང་འདྲ་མི་འདུག་གམ་བསམས་སོང༌།

དྲི་བ། བོད་ནང་དུ་རྒྱ་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་ཐད་དགོངས་ཚུལ་གང་ཡོད་དམ།

ལན། གོང་ཞུས་ལྟར། སྤྱི་ཚོགས་ཀྱི་རྣམ་པ་གཉིས་ལྟ་བུ་ཕྱེས་ཡོད་པ་མཐོང་སོང༌།། དེ་བཞིན་རྒྱ་གཞུང་གིས་ལྷ་སར་བཅའ་སྡོད་རྒྱ་མིའི་མི་འབོར་བརྒྱ་ཆ་༣༠ བསྡོམས་རྩིས་བྱས་པ་ལྟར་ཡིད་ཆེས་བྱེད་ཐུབ་ས་མ་རེད། བརྒྱ་ཆ་༥༠ དང་༦༠ ཡས་མས་རྒྱ་མི་ཡིན་པ་འདྲ་བོ་རེད་བསམ་གྱི་འདུག རྒྱ་གཞུང་གི་དེང་རབས་གསར་པའི་འཛུགས་སྐྲུན་དང་ཡར་རྒྱས་རྣམས་གཙོ་བོ་རྒྱ་མི་ཚོ་རང་གི་ཁེ་ཕན་ཆེད་རེད་འདུག་ལ། དེ་འདྲའི་ཁྱད་པར་དེ་མ་འོངས་པར་ཡང་འགྲོ་རྒྱུ་རེད་བསམས་སོང༌།

དྲི་བ། བོད་དུ་གཟིགས་སྐོར་སྐབས་ཁྱེད་རང་ལ་གཟིགས་ཚུལ་གང་འདྲ་བྱུང་ངམ།

ལན། ང་འགྲོ་སའི་ས་ཁུལ་ཁག་ནོར་གླིང་དང༌། པོ་ཏ་ལ། ཇོ་ཁང༌། གྲྭ་བཞི་བཙོན་ཁང་བཅས་ཀྱི་སྐོར་ཡང་ང་རང་གིས་ཡིག་ཐོག་ནས་ཀློག་པའི་ས་ཆ་དེ་དག་གི་སྐོར་དངོས་སུ་མཐོང་བ་གཉིས་ལ་ཁྱད་པར་ཧ་ཅང་ཆེན་པོ་འདུག ལྷ་ས་རུ་བོད་ཀྱི་སྐོར་འགྲེམས་སྟོན་ཞིག་སྒོ་ཕྱེས་ཡོད་ཅིང༌། རྒྱ་གཞུང་གིས་དེ་གནད་དོན་གཙོ་བོ་གཉིས་ཀྱི་ཐོག་ནས་བེད་སྤྱོད་བཏང་འདུག་པ་དང༌། དང་པོ་འགྲེམས་སྟོན་དེ་ལ་བརྟེན་ནས་རྒྱ་གཞུང་གིས་བོད་ཐོག་དམ་དྲག་གང་འདྲ་བྱེད་ཀྱི་ཡོད་མེད་མཐོང་བ་དང༌། བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་དང༌། གཉིས་པ་དེ་འགྲེམས་སྟོན་ཁང་དུ་བསྟན་པའི་ཅ་དངོས་དེ་ཚོ་ཡུལ་སྐོར་བ་ཚོས་ཉོ་རྒྱུའི་ཆེད་དུ་རེད་འདུག གྲྭ་བཞི་བཙོན་ཁང་མཐོང་དུས་དངོས་གནས་ཡིད་སྐྱོ་དགོས་པ་དང་སེམས་འགུལ་ཐེབས་པ་ཞིག་བྱུང་སོང༌།

དྲི་བ། ཁྱེད་རང་གིས་བོད་ནང་གི་སྤྱི་ཚོགས་སུ་འཚོལ་བ་སྐྱེལ་སྟངས་གཉིས་བཤད་སོང༌། དེ་གང་འདྲ་ཡིན་ནམ།

ལན། ང་རང་གདན་ས་ཆེན་མོ་གསུམ་དང་གཙང་བཀྲ་ཤིས་ལྷུན་པོ་བཅས་ལ་བཅར་བ་ཡིན། དེ་དག་ཏུ་དེ་སྔོན་གྲྭ་པ་སྟོང་ཚོ་མང་པོ་ཡོད་པ་དང་ད་ལྟ་ཉུང་ཤས་ལས་མི་འདུག་ལ། ཡོད་པ་དེ་ཚོ་དམ་དྲག་འོག་འདུག་པར་བརྟེན་ངས་གྲོང་གསེབ་ཏུ་སྡོད་མཁན་དང་དགོན་སྡེ་ཁག་ཏུ་སྡོད་མཁན་གཉིས་ཀྱིས་ཆོས་དད་རང་དབང་ལ་ཁྱད་པར་འདུག་ཅེས་བཤད་པ་ཡིན། གྲོང་གསེབ་ཁག་ཏུ་ཆོས་དད་རང་དབང་ཚད་གཞི་ཅུང་ཆེ་བ་ཞིག་ཡོད་པའི་ཚོར་སྣང་བྱུང་བ། དཔེར་ན། ཁམས་དང་ཨ་མདོ་ཁུལ་ནས་བརྐྱངས་ཕྱག་འཚལ་བ་དང་བོད་མི་ཚོས་བསང་གསོལ་བཏང་བ་སོགས་མཐོང་རྒྱུ་འདུག གང་ལྟར་ཡར་རྒྱས་སོགས་ལེགས་པའི་ཆ་ལའང་ཕྱོགས་འགའ་ཤས་མཐོང་རྒྱུ་འདུག

དྲི་བ། ཨ་རིའི་མང་གཙོ་ཐེབས་རྩའི་ངོས་ནས་བཙན་བྱོལ་བོད་མིར་རོགས་རམ་གནང་སྟངས་སྐོར་ཇི་ལྟར་ཡིན་ནམ།

ལན། ཐེབས་རྩའི་ངོས་ནས་རོགས་སྐྱོར་གནང་རྒྱུ་དེ་༡༩༨༩ ལོར་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་སྐབས་ནས་འགོ་འཛུགས་བྱས་པ་དང༌། ད་ལྟ་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་༡༤ ལ་རོགས་དངུལ་སྤྲོད་བཞིན་ཡོད་པ་དང༌། དེ་ཡང་ད་ལོར་ཨ་སྒོར་སྟོང་ཕྲག་༤༤༠ སྐོར་ཞིག་གི་རོགས་དངུལ་གཏོང་བཞིན་ཡོད་ལ། སྤྱིར་བཏང་ནས་ལོ་རེར་ཨ་སྒོར་སྟོང་ཕྲག་༢༠༠ ནས་༣༠༠ ལྷག་གི་རོགས་དངུལ་སྤྲོད་ཀྱི་ཡོད་པ་རེད།

དྲི་བ། ཁྱེད་རང་བཙན་བྱོལ་སྤྱི་ཚོགས་སུ་ཕེབས་སྐབས་གཟིགས་ཚུལ་གང་འདྲ་བྱུང༌།

ལན། ང་རྒྱ་གར་ལ་ཡོད་པའི་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ཏུ་ཟླ་༨ ཚེས་༢༣ ནས་༣༠ བར་ལྟ་སྐོར་བྱས་ནས་བསྡད་རྒྱུ་ཡིན། ཕྱི་ཚེས་༣༠ ཉིན་དྷ་ས་ནས་ཐོན་རྒྱུ་ཡིན། བོད་ནང་གི་གནས་སྟངས་ལ་གཞིགས་ན་བཙན་བྱོལ་བོད་མི་ཚོར་ཆོས་དད་རང་དབང་ཆེན་པོ་འདུག བོད་ནང་དུ་དེ་འདྲ་བའི་གདམ་ཀ་ཞིག་ཡོད་པ་མ་རེད། བཙན་བྱོལ་བོད་མིའི་གསར་འགྱུར་བརྒྱུད་ལམ་ཁག་དང་ཚོགས་སྡེ་ཁག་གིས་བོད་མི་ཙམ་མིན་པར་ཕྱི་རྒྱལ་བ། དེ་བཞིན་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་མི་ཚོར་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དང༌། ད་ལྟ་རྒྱ་རིགས་ཚོའི་བསམ་བློར་འགྱུར་ལྡོག་འགྲོ་བཞིན་ཡོད་ལ། བོད་ཀྱི་ཆོས་རིག་ལའང་དོ་སྣང་ཆེ་བ་སླེབས་ཡོད། དེ་སྔ་ལོ་༡༠ སྔོན་དང་མི་འདྲ་བར་ད་ལྟའི་སྐབས་རྒྱ་རིགས་ཚོས་མངོན་གསལ་དོད་པོའི་སྒོ་ནས་བོད་པའི་ཆོས་རིག་ལ་དོ་སྣང་ཆེ་བ་བྱེད་ཀྱི་ཡོད་པ་རེད། སྐམ་ས་ཆེན་མོའི་རྒྱ་རིགས་ཚོར་བཙན་བྱོལ་བོད་མིའི་སྐོར་གོ་རྟོགས་སྤེལ་རྒྱུའི་ཆེད་ཁོ་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཁྲིད་ཐབས་བྱེད་དགོས་པ་སོགས་ཐབས་ལམ་མང་པོ་ཞིག་ཡོད་པ་དང༌། གནད་དོན་དེར་གསར་འགྱུར་བརྒྱུད་ལམ་ཁག་ཀྱང་ཧ་ཅང་གལ་ཆེན་ཆགས་ཡོད། ཉེ་དུས་ལྡི་ལི་གསར་པ་རུ་རྒྱ་གཞུང་གིས་འགྲིམ་འགྲུལ་ལས་ཁུངས་གསར་པ་ཞིག་སྒོ་འབྱེད་བྱས་ཡོད་པ་རེད༌། ཐབས་ལམ་ཡག་ཤོས་ཤིག་དཔེར་ན། ལས་ཁུངས་དེར་ཕྱིན་ནས་གནས་ཚུལ་གང་ཡོད་པ་རྣམས་རྒྱ་མི་དེ་ཚོར་ཡིག་ངག་གཉིས་ཀྱི་ཐོག་ནས་གོ་རྟོགས་སྤེལ་ན་ཕན་ཐོག་ཡོད་པ་རེད་བསམ་གྱི་འདུག།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།