རང་བཙན་གཙང་མའི་ལས་འགུལ་རྩོམ་དགོས་ཀྱི་རེད།
ལྡི་ལི་རུ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག་ས་གནས་ཁག་སོ་སོ་ནས་མི་མང་ཆེད་བཅར་གྱིས་བོད་ནང་གི་དྲག་གནོན་མཚམས་འཇོག་དགོས་པའི་དགོས་འདུན་འོག་ཆུ་ཚོད་༢༤ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང༌། ཟླ་འདིའི་ཚེས་༡༠ ཉིན་རཱ་ཇི་གྷཌ་ནས་ཇན་ཏར་མན་ཏར་བར་དུ་ཞི་བའི་གོམ་བགྲོད་བྱས་པ་དང༌། ཉིན་དེར་རྒྱ་གར་གྱི་ཧི་མ་ལ་ཡའི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བོད་དོན་རྒྱབ་སྐྱོར་བ་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་ད་བར་དུ་ང་ཚོས་རྒྱ་བོད་གཉིས་ཕན་གྱི་དབུ་མའི་ལམ་གྱི་ཐོག་ལ་རེ་བ་བརྒྱབ་པ་རེད་མོད། གྲུབ་འབྲས་ཤིག་ཐོན་གྱི་མི་འདུག ད་ལྟ་ནས་རང་བཙན་གཙང་མའི་འཐབ་རྩོད་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང༌།
དེའི་སྐོར་བླ་མ་ཆོས་འཕེལ་བཟོད་པ་ལགས་སུ་གསར་འགོད་པས་བཀའ་འདྲི་ཞུས་པར། ཁོང་གིས་གསུང་དོན། བོད་ཀྱི་གནས་སྟངས་༢༠༠༨ ལོའི་ཕྱི་ཟླ་༣ པ་ནས་བཟུང་གསར་པ་ཆགས་བསྡད་ཡོད་པ་རེད། ཕྱོགས་གཅིག་ནས་སེམས་པ་སྐྱོ་པོ་འདྲ་རེད། ཕྱོགས་གཅིག་ནས་རེ་བ་ཆེན་པོ་ཞིག་བོད་ཕྱི་ནང་གཉིས་ནས་བྱས་ཡོད་པ་རེད། བོད་ནང་ནས་རྒྱལ་གཅེས་པ་མང་པོ་ཞིག་གི་སྲོག་ཤོར་བ་དང༌། དགོན་པ་མང་པོ་སྒོ་རྒྱག་དགོས་བྱུང་བ་སོགས་བློ་ཕམ་དགོས་པ་ཞིག་རེད། ཡིན་ནའང་ཁོ་རང་ཚོའི་ལྷག་བསམ་འགྱུར་བ་མེད་པ་ལ་བརྟེན་ནས། འཛམ་བུ་གླིང་ཡོངས་རྫོགས་ནས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་བྱས་ནས། རྒྱ་མིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་མཚམས་འཇོག་དགོས་པ་དང༌། བཙོན་དུ་བཅུག་ཡོད་པ་རྣམས་གློད་གྲོལ་དགོས་པ། ྋསྐྱབས་མགོན་རིན་པོ་ཆེ་དང་མཉམ་དུ་རྒྱ་ནག་གིས་བོད་དོན་བདེན་མཐའ་གསལ་ཐབས་ལ་སྐད་ཆ་བཤད་དགོས་པ་རེད་ཅེས་གནོན་ཤུགས་སྤྲད་པ་སོགས་ལ་བརྟེན། རྒྱ་མིས་བོད་དོན་བདེན་མཐའ་གསལ་ཐབས་སུ་ྋསྐྱབས་མགོན་རིན་པོ་ཆེ་དང་མཉམ་དུ། ྋསྐྱབས་མགོན་རིན་པོ་ཆེའི་སྐུ་བ་དང་མཉམ་དུ་སྐད་ཆ་བཤད་ཀྱི་ཡིན་ཞེས་ཐེངས་གཉིས་ལ་བཤད་པ་རེད། དེར་བརྟེན་བོད་ཕྱི་ནང་གཉིས་ཀྱི་མི་མང་དང༌། བོད་དོན་རྒྱབ་སྐྱོར་བ་ཚང་མས་རེ་བ་ཆེན་པོ་བརྒྱབ་པ་རེད། དེ་རྗེས་སྐུ་ཚབ་དང་མཉམ་དུ་སྐད་ཆ་བཤད་པ་རེད་མོད། རེ་བ་བརྒྱབ་པ་ནང་བཞིན་བྱུང་ཡོད་པ་མ་རེད། ཨོ་ལིམ་པིག་རྩེད་འགྲན་མ་ཚར་བར་གྱི་གནས་སྟངས་ཤིག་རེད། རྒྱ་ནག་གིས་ཁོང་ཚོས་ཞབས་འདྲེན་ཞུ་ཡི་རེད་བསམ་ནས་བོད་ནང་ལ་གསར་འགོད་པ་གཏོང་གི་ཡོད་པ་མ་རེད། ཡུལ་སྐོར་བ་འགྲོ་འཇུག་གི་ཡོད་པ་མ་རེད། གནས་ཚུལ་ཕྱི་ལོགས་སུ་ཤེས་འཇུག་གི་ཡོད་པ་མ་རེད། བོད་ནང་དམྱལ་བ་མངོན་སུམ་དུ་མི་ཡུལ་ལ་ཡོད་པ་ལྟ་བུ་ཆགས་བསྡད་ཡོད་པ་རེད། མི་ཕན་ཚུན་ཐུག་མ་བཅུག ྋསྐྱབས་མགོན་རིན་པོ་ཆེའི་མཚན་བརྗོད་བཅུག་གི་ཡོད་པ་མ་རེད། ཧ་ཅང་བློ་ཕམ་གྱི་གནས་སྟངས་ཤིག་རེད། ཨོ་ལིམ་པིག་རྗེས་ནས་ག་འདྲ་ཆགས་ཡོང་བསམ་ནས་དོགས་པ་བྱེད་ཀྱི་ཡོད་པ་རེད་མོད། ཨོ་ལིམ་པིག་རྗེས་ནས་དོན་དག་འགྲུབ་པ་ཞིག་རྩ་བ་ནས་ཡོང་གི་མ་རེད། བོད་དོན་རྒྱབ་སྐྱོར་བ་དང༌། བོད་ཕྱི་ནང་གཉིས་ནས་གནས་སྟངས་ལ་འགྱུར་བ་བཏང་སྟེ། བོད་དོན་ལས་འགུལ་ཤུགས་ཆེ་རུ་དང༌། མཁྲེགས་པོ་མ་བྱས་ན། ངའི་བསམ་ཚུལ་ལ་འགྱུར་བ་མ་སོང༌། མང་པོ་ཞིག་གིས་རེ་བ་བརྒྱབ། དཀའ་ལས་བརྒྱབ། མགོ་སྐོར་ཤ་སྟག་གི་འོག་ཏུ་བསྡད་ན། ཡུན་རིང་པོར་བོད་དོན་དེ་དོན་ཕན་ལྡན་པ་ཞིག་ཡོང་གི་མ་རེད་བསམ་ནས་ང་དོགས་པ་ཟ་ཡི་ཡོད་པ་རེད། ལས་འགུལ་དེ་བདག་ཉིད་ཆེན་པོ་གྷན་དྷི་ཡིས་འཚེ་བ་མེད་པའི་ཐོག་ནས་རྒྱ་གར་གྱི་རང་བཙན་བླངས་པ་རེད། དཀའ་ངལ་མང་པོ་འཕྲད་པ་རེད། མི་མང་པོའི་སྲོག་ཤོར་བ་རེད་མོད། མཐའ་མ་རང་བཙན་བླངས་པ་རེད། ད་ལྟ་བར་དུ་ང་ཚོ་ཚང་མས་ྋགོང་ས་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས། བོད་ཡོངས་སུ་རྫོགས་པ་ལ་རང་སྐྱོང་དོན་དང་ལྡན་པ་ཞིག་དགོས་ཀྱི་འདུག་གསུངས་པ་དེར་རྒྱབ་སྐྱོར་བྱས་པ་རེད། ཨོ་ལིམ་པིག་གི་རྗེས་ནས་བོད་རང་བཙན་གཙང་མ་རྩ་བའི་དམིགས་ཡུལ་ལ་བཞག་ནས་ལས་འགུལ་རྩོམ་དགོས་ཀྱི་རེད་ངས་ཞུ་ཡི་ཡོད།
ད་ལྟ་བོད་དོན་ལས་འགུལ་བ་ཁག་ཅིག་གིས་གསང་བའི་ཐོག་ནས་བོད་ནང་བསྐྱོད་ཐབས་བྱེད་ཀྱི་ཡོད་པ་རེད། དེ་ཐབས་ལམ་ཡག་པོ་ཞིག་རེད་དགོངས་ཀྱི་ཡོད་མེད་དྲིས་པར། ཁོང་གིས་གསུངས་དོན། དེ་ང་ཚོས་གཅིག་གིས་གཅིག་ལ་སེམས་ཤུགས་སྤར་རྒྱུ་དང༌། བོད་དོན་ཁྱབ་བསྒྲགས་འགྲོ་རྒྱུར་ཕན་གྱི་རེད། ཡིན་ནའང་གསང་བའི་ཐོག་ནས་འགྲོ་རྒྱུ་དེ་ཁག་པོ་རེད་བསམ་གྱི་འདུག ཁོ་རང་ཚོར་ལྷག་བསམ་ཡོད་པ་རེད། དཀའ་ལས་རྒྱག་གི་ཡོད་པ་རེད། འགྲོ་སོང་གཏོང་གི་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། རང་བཙན་གྱི་ཐོབ་ཐང་སོགས་ལ་དོ་སྣང་བྱེད་མཁན་ཚོའི་སྤྱི་ཚོགས་ནང་སོང་ནས། རེ་སྐུལ་ཞུས། ག་ཚོད་རྒྱབ་སྐྱོར་ཡོང་གི་འདུག དེ་ནས་ཟས་བཅད་ངོ་རྒོལ་བྱེད་རྒྱུ་དང༌། གོམ་བགྲོད། མཚན་རྟགས་བསྡུ་རུབ་སོགས་བྱས་ན་རླབས་ཆེ་བ་ཡོང་གི་རེད་ངས་བསམ་གྱི་འདུག
གལ་སྲིད་བོད་རང་བཙན་འཐབ་རྩོད་བྱས་ན་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ག་འདྲ་ཐོབ་ཀྱི་རེད་དགོངས་ཀྱི་ཡོད་ཅེས་དྲིས་པར། ཁོང་གིས་གསུང་དོན། དེ་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་རག་གི་རེད། ད་ལྟ་རྒྱ་གར་གཞུང་གིས་བོད་ཀྱི་གནས་སྟངས་ལ་རྒྱབ་སྐྱོར་མ་བྱས་པ་མ་རེད། ཆོས་དང་རིག་གཞུང༌། མི་རིགས་སྲུང་སྐྱོབ་ཆེད་དུ་དངོས་སུ་རྒྱབ་སྐྱོར་གནང་བསྡད་ཡོད་པ་རེད། བོད་དོན་བདེན་མཐའ་གསལ་ཐབས་སུ་གསལ་ཁ་དོད་པོ་ཞིག་མེད་ནའང༌། རྒྱབ་སྐྱོར་ཏན་ཏན་ཡོད་པ་རེད། ཕྱིན་ཆད་ཀྱང་གཞི་རྩ་མཁྲེགས་པོ་བཟུང་ནས་ལས་འགུལ་བརྩམ་ན། རྒྱ་གར་གཞུང་གིས་དངོས་སུ་བོད་ཀྱི་ཆོས་དང་རིག་གཞུང༌། མི་རིགས་སྲུང་སྐྱོབ་ཀྱི་ཆེད་རྒྱབ་སྐྱོར་སྔར་ལས་ཆེ་བ་གནང་གི་རེད། བརྒྱུད་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་ལ་ཏན་ཏན་རྒྱབ་སྐྱོར་གནང་གི་རེད་བསམ་གྱི་འདུག་ཅེས་གསུངས་སོང༌།། ཐེངས་འདིའི་ཆེད་གཉེར་གསར་འགོད་པས་ལྡི་ལི་ནས།