ཁོང་ཚོ་ནི་བོད་ལ་འོད་སྣང་སྤྲོད་མཁན་ཞིག་རེད།
ལྡི་ལི་རུ་བོད་མི་དྲུག་གིས་ཟས་བཅད་ངོ་རྒོལ་ཐེངས་གཉིས་པ་བྱེད་བཞིན་པའི་སྐབས། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ལྕམ་ཨཱ་ཤཱ་རེ་གྲིའ་ལགས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་ཉིན་ལྔའི་རིང་ཟས་བཅད་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་དང༌། ཁོང་ནི་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་རེད།
ཁོང་གིས་ཟས་བཅད་ངོ་རྒོལ་གནང་ནས་ཉིན་བཞི་པའི་སྐབས་ལས་འགུལ་དེའི་ཐོག་ལ་ཚོར་བ་གང་ཡོད་པ་དང༌། དམིགས་ཡུལ་སྐོར་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན།
ང་རང་བོད་དོན་དང་འབྲེལ་བའི་ལས་འགུལ་མི་ཉུང་བ་ཞིག་གི་ནང་མཉམ་ཞུགས་བྱས་པ་ཡིན། ད་ཐེངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཟས་དང་ཆུ་གང་ཡང་མེད་པའི་ཟས་བཅད་ངོ་རྒོལ་གསལ་བསྒྲགས་བྱེད་དུས་ང་རང་ལ་ཡང་གོ་སྐབས་ཡག་པོ་འདུག་བསམ་བྱུང༌།
གང་ཡིན་ཟེར་ན་ལས་འགུལ་འདི་ལྟ་བུས་བོད་མི་ཚོའི་དཀའ་སྡུག་རྣམས་ཚོར་རྒྱུའི་གོ་སྐབས་ཞིག་སྤྲོད་ཀྱི་རེད། ང་རང་ག་དུས་ཡིན་ནའང༌། མ་བདེ་བ་ཞིག་ཚོར་དུས་བོད་ནང་གི་བོད་མི་ཚོ་དྲན་གྱི་ཡོད། དེ་ནས་ང་རང་མ་བདེ་བ་ཆ་ཚང་མེད་པ་ཆགས་འགྲོ་ཡི་འདུག ད་ལྟ་ང་རང་གི་གཟུགས་པོ་ཧ་ཅང་གི་བདེ་པོ་འདུག སྤྱིར་སྟངས་ང་རང་བསོད་ནམས་ཅན་ཞིག་ཡིན་འདུག ཟས་བཅད་ངོ་རྒོལ་བ་སྡེ་ཚན་སྔོན་མའི་ནང་དུ་ཉིན་གཅིག་རིང་དུས་ཚོད་བཏང་བ་ཡིན། ང་རང་ལ་མཚོན་ན། ངས་ཁོང་ཚོ་མང་ཆེ་བ་ངོ་ཤེས་ཀྱི་ཡོད། ཁོང་ཚོའི་མཉམ་དུ་བོད་དོན་གོམ་བགྲོད་འདྲ་མིན་ནང་ལས་ཀ་བྱས་པ་ཡིན། དཔེར་ན། འཚེ་མེད་ཞི་བའི་གོམ་བགྲོད་དང་རང་བཙན་གོམ་བགྲོད་ལྟ་བུ་རེད། ད་ཐེངས་ངས་ཁོང་ཚོ་མཐོང་དུས་ཁོང་ཚོ་ཀེང་རུས་ལྟ་བུ་ཆགས་འདུག་པས། ང་རང་ལ་སེམས་འགུལ་ཤུགས་ཆེན་པོ་སྤྲད་སོང༌། ཁོང་ཚོ་ནི་བོད་ལ་རེ་བ་དང་འོད་སྣང་སྤྲོད་མཁན་གྱི་ཡང་ལཱ་རྩ་ཆེན་ཞིག་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ཁོ་རང་ཚོས་བོད་དོན་ལ་འོད་སྣང་སྤྲོད་བཞིན་སོ་སོ་ལས་འགུལ་ནང་དུ་མེད་པ་ཆགས་འགྲོ་ཡི་ཡོད་པ་རེད་ཅེས་དང༌།
སྐུ་ཉིད་ཀྱིས་བོད་དོན་ཐོག་རྒྱུན་རིང་རྒྱབ་སྐྱོར་བྱེད་བཞིན་ཡོད་པས་དེའི་ཐོག་ནས་ཉམས་མྱོང་དང་རེ་བ། བོད་མི་ཚོར་བརྡ་ལན་ག་རེ་ཡོད་དྲིས་པར། བོད་དོན་ཆེད་ཡར་ལངས་པ་དེ་དྲང་བདེན་ཆེད་དུ་ལངས་པ་ལྟ་བུ་རེད། ང་རང་ཚོ་ཆོས་ལུགས་གང་ནས་ཡིན་ཡང་ཆོས་ལུགས་ཚང་མས་དྲང་བདེན་ལ་རྒྱལ་ཁ་ཡོད་པ་དང༌། དེ་ཁྱབ་གདལ་འགྲོ་ཡི་རེད་ཅེས་སློབ་ཀྱི་ཡོད་པ་རེད། བོད་མི་ཚོ་རྒྱུན་རིང་པོ་དཀའ་སྡུག་མང་པོ་མྱངས་དང་མྱོང་བཞིན་ཡོད་ཀྱང་ངས་བོད་ཀྱི་ཆེད་དུ་དུས་ཚོད་ཡག་པོ་ཞིག་མགྱོགས་པོ་ཡོང་གི་རེད་བསམ་གྱི་འདུག བོད་དོན་ཆེད་ཐབས་ལམ་ཞིག་མྱུར་དུ་ཡོང་རྒྱུ་ཡིན་པར་ང་ལ་ཡིད་ཆེས་གཙང་མ་ཡོད།།