བོད་ཡིག་གསར་ཤོག་མཐོང་དུས་ཉོབ་ཀྱི་མི་འདུག་གམ་ཟེར་མཁན་འདུག
བསྟན་འཛིན་གཡང་སྒྲོན་ནི་ཨོ་རི་ས་གཞིས་ཆགས་ནས་ཡིན་པ་དང༌། འཛིན་གྲྭ་དྲུག་པ་ནས་བཅུ་པ་ཌལ་ཧོར་གཏན་སློབ་ཏུ་ཕྱིན་ཡོད་པ་རེད། ད་ལྟའི་ཆར་མོན་གྷོ་གཏན་སློབ་ C.S.T་ཡི་འཛིན་རིམ་བཅུ་གཉིས་ནང་དུ་ཚོང་ལས་སྐོར་ལ་སློབ་གཉེར་བྱེད་བཞིན་ཡོད་པ་རེད།
དྲི་བ། མ་འོངས་བོད་ཀྱི་རྐང་འཛིན་གཞོན་སྐྱེས་ཚོས་མི་རིགས་རང་གི་ཐུན་མིན་རིག་གཞུང་སྤྱི་དང༌། ལྷག་པར་བོད་ཀྱི་སྐད་ཡིག་འདི་ལ་གདེང་འཇོག་ཇི་འདྲ་ཡོང་གི་འདུག
ལན། ཨང་དང་པོ་ང་ཚོ་བོད་མི་རིགས་ཀྱི་གཞོན་སྐྱེས་ཡིན་པ་ངོ་འཕྲོད་དགོས་པ་དང༌། མི་རིགས་འདིའི་གལ་ཆེའི་སྲོག་རྩ་རིག་གཞུང་དང༌། སྐད་ཡིག་དེ་ཡག་པོ་ཤེས་དགོས་པ་དང་དེ་མཚུངས་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་ཆོས་སོགས་ཡག་པོ་ཤེས་དགོས་ཀྱི་འདུག་བསམ་གྱི་ཡོད།
དྲི་བ། དེང་སང་རྒྱ་གར་ནང་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་ཀྱི་སློབ་ཕྲུག་དང་གཞོན་སྐྱེས་མང་པོ་ཞིག་གིས་བོད་ཡིག་དེ་ཙམ་ཡག་པོ་ཤེས་ཀྱི་མེད་པའི་ཁར་སྦྱོང་འདོད་ཀྱང་མེད་པ་དེ་དག་གི་ཐད་ལ་ཁྱེད་རང་གི་བསམ་ཚུལ་གང་འདྲ་ཡོད།
ལན། དེང་སང་གི་གཞོན་སྐྱེས་མང་པོ་ཞིག་བོད་ཡིག་ལ་དོ་སྣང་དེ་ཙམ་ཞིག་མེད་པའི་རྒྱུ་རྐྱེན་གཙོ་བོ་སློབ་མཐར་ཕྱིན་ཏེ་དངོས་སུ་གཞུང་དང་སྤྱི་ཚོགས་གང་ལ་ཕྱིན་ཡང༌། བོད་ཡིག་གིས་ལྟོ་རག་གི་མེད་པའི་ཚོར་སྣང་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། དེའི་ཕྱིར་བོད་ཡིག་ལ་སྦྱང་གོམས་ཞེ་དྲག་མེད་པ་རེད།
དྲི་བ། ང་ཚོའི་མི་ཚེའི་རིང་ལ་འདི་ལྟར་སོ་སོའི་སྐད་ཡིག་ལ་ཡ་མེད་དང་སྣང་མེད་བྱས་ཏེ་མ་སྦྱང་ན། ད་ལྟ་སྔོན་འགྲོ་ནས་ཡར་ཡོང་མཁན་གྱི་བོད་ཕྲུག་དེ་དག་ལ་བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་མིན་གྱི་སྐོར་ལ་བསླབ་བྱ་ཇི་ལྟར་རྒྱག་གི་ཡིན་ནམ།
ལན། དེ་ག་རང་རེད། མ་འོངས་པར་སོ་སོའི་ཕྲུ་གུ་ལ་སྐད་ཡིག་སློབ་སྐབས་རང་གི་སྐད་ཡིག་ཡག་པོ་སློབ་མི་ཤེས་པའི་གནས་སྟངས་ཤིག་བྱུང་ན་དེའི་སྐབས་ཀྱི་ཕ་མ་དེ་ཚོ་ངོ་ཚ་དང་འདས་ཟིན་པའི་རིང་ལ་མི་རིགས་རང་གི་སྐད་ཡིག་ལ་སྣང་མེད་བཞག་རྐྱེན་གྱིས་ཞབས་འདྲེན་ཆགས་ཀྱི་རེད་ལ། མི་རིགས་གཞན་གྱིས་མཐོང་ཆུང་དང་འཕྱ་སྨོད་བྱེད་ངེས་རེད་བསམ་གྱི་འདུག
དྲི་བ། ང་ཚོ་མིའི་ལུང་པར་སྐྱབས་བཅོལ་དུ་སྡོད་རིང་བྱ་བ་གང་ཐད་ནས་སྐད་ཡིག་གཞན་ལ་མ་བསྟུན་པར་སོ་སོའི་སྐད་ཡིག་ཁོ་ནས་ཁུངས་འཁྱོལ་ཐུབ་བམ།
ལན། ང་ཚོར་ཆ་བཞག་ན་སྐད་ཡིག་ཚང་མ་གལ་ཆེན་པོ་རེད། དེའི་ནང་ནས་དབྱིན་སྐད་ཧ་ཅང་དགོས་གལ་ཆེན་པོ་རེད། ཡིན་ནའང༌། དབྱིན་ཡིག་དང་དབྱིན་སྐད་ག་ཚོད་ཡག་པོ་ཡོད་ན་གཙོ་བོ་བོད་ཡིག་དང་བོད་སྐད་ཚད་ལྡན་གྱི་ཤེས་ཚད་མེད་ན་རྒྱ་ཆེ་སའི་ཆོས་སྲིད་ཀྱི་གནད་དོན་གོ་ཐུབ་ཀྱི་མ་རེད།
དྲི་བ། ྋགོང་ས་མཆོག་གིས་ག་དུས་ཡིན་ནའང་བོད་ཀྱི་གཞོན་སྐྱེས་ཚོས་མི་རིགས་རང་གི་སྐད་ཡིག་ལེགས་པོ་སྦྱང་བའི་ཐོག་ནས་ནང་ཆོས་ལ་དམིགས་བསལ་གྱིས་སློབ་སྦྱོང་བྱེད་དགོས་སྐོར་གསུང་དུས་ཁྱེད་རང་ལ་ཚོར་སྣང་ག་འདྲ་འདུག
ལན། དཔེ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོར་བོད་ཡིག་དང་ནང་ཆོས་ཀྱི་གོ་རྟོགས་མེད་དུས་དངངས་སྐྲག་ཀྱང་ཡོང་གི་འདུག མཚམས་རེ་ལ་ད་ནས་བཟུང་སྟེ་བོད་ཡིག་དང་ནང་ཆོས་སོགས་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་བསམ་གྱི་འདུག
དྲི་བ། ཁྱེད་རང་གིས་ད་ལྟ་བར་དུ་གཙོ་བོ་སྐད་ཡིག་གང་ལ་སློབ་སྦྱོང་བྱས་ཡོད།
ལན། ང་རང་གིས་བོད་ཡིག་དང་དབྱིན་ཡིག་གཉིས་ལ་གཙོ་བོ་སློབ་སྦྱོང་བྱས་པ་ཡིན་ལ། ཆུང་ཆུང་སྐབས་སུ་བོད་ཡིག་རྒན་ལགས་ཚེ་དབང་མཐར་ཕྱིན་ཟེར་བ་ཞིག་ཡོད། ཁོང་གིས་བོད་ཡིག་སྦྱོང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད་གསུང་མྱོང་ཡོད་ལ། རྩོམ་ཡིག་འབྲི་ཀློག་མང་པོ་བྱེད་ཀྱི་ཡོད་པ་རེད། དེ་ནས་བཟུང་དོ་སྣང་གང་ཐུབ་བྱས་པ་ཡིན། དེ་འདྲ་ཡིན་ཙང་བོད་ཡིག་འབྲི་ཀློག་བྱེད་རྒྱུར་དགའ་བོ་ཡོད། གལ་ཆེན་པོ་རེད་བསམ་ནས་ད་ལྟ་བོད་ཡིག་གསར་ཤོག བོད་ཀྱི་དུས་བབ་དང༌། བོད་ཀྱི་བང་ཆེན། སྤྱི་ཚོགས་མེ་ལོང༌། ལྷོ་ཕྱོགས་ཕོ་ཉ་སོགས་བོད་པའི་གསར་ཤོག་དེ་ཚོ་ཉོ་རྐྱང་བྱས་ཏེ་ཀློག་གི་ཡོད། ཕན་ཐོགས་དཔེ་ཡོང་གི་འདུག
དྲི་བ། ཁྱེད་རང་ནང་བཞིན་སློབ་ཕྲུག་གཞན་པ་ཚོས་དོ་སྣང་བྱེད་ཀྱི་ཡོད་དམ།
ལན། ཁ་ཤས་འདུག ངས་བཀླགས་ཟིན་རྗེས་ཁོང་ཚོར་གསར་ཤོག་དེ་ཚོ་སྤྲོད་ཀྱི་ཡོད། ཁ་ཤས་ལ་གསར་ཤོག་ནང་གི་གལ་ཆེའི་གནད་དོན་རིགས་ང་རང་གིས་གང་ཤེས་འགྲེལ་བཤད་བྱེད་ཀྱི་ཡོད། ཡིན་ཡང༌། སློབ་ཕྲུག་མང་ཆེ་ཤོས་ཀྱིས་བོད་ཡིག་གསར་ཤོག་ཀློག་རྒྱུར་དགའ་བོ་བྱེད་ཀྱི་མི་འདུག ད་དུང་ང་ལ་ཁྱེད་རང་གིས་བོད་ཡིག་གསར་ཤོག་མཐོང་དུས་ཉོབ་ཀྱི་མི་འདུག་གམ། གཉིད་ཁུག་གི་མི་འདུག་གམ་ཟེར་གྱི་འདུག དེ་ཚོ་དོ་སྣང་མེད་པའི་རྟགས་རེད་བསམ་གྱི་འདུག
དྲི་བ། གསར་ཤོག་དེ་ཚོ་སྒོ་བརྒྱབ་པ་ཡིན་ན་ཁྱེད་རང་ལ་བསམ་ཚུལ་ག་འདྲ་ཡོང་ས་རེད།
ལན། གསར་ཤོག་དེ་ཚོ་སྒོ་བརྒྱབ་པ་ཡིན་ན་དཔེ་བློ་ཕམ་ཡོང་ས་རེད། རྒྱལ་སྤྱིའི་གནད་དོན་དང་བོད་ཀྱི་ཆབ་སྲིད་སོགས་གལ་ཆེ་བའི་རིགས་མང་པོ་གསར་ཤོག་བརྒྱུད་ནས་ཡོང་གི་ཡོད་པ་རེད། ལྷག་དོན་བོད་ཀྱི་བང་ཆེན་ནང་དུ་ང་ཚོའི་བློ་ངོར་འཚམ་པ་དང་ང་ཚོའི་དཔལ་འབྱོར་དང་འཚམ་པའི་ནང་ཆོས་ངོ་སྤྲོད་དང་བོད་ཀྱི་རྒྱལ་རབས་ཀྱི་ས་བཅད་གཉིས་ཡོད་པ་དེ་ང་ཚོར་ཧ་ཅང་ཕན་ཐོགས་ཡོང་གི་འདུག དེ་བཞིན་བོད་ཡིག་ཀློག་སྟངས་དང་དག་ཆ་སོགས་ལ་ཧ་ཅང་ཕན་གྱི་འདུག དེ་འདྲ་ཡིན་དུས་གལ་སྲིད་སྒོ་བརྒྱབ་པ་ཡིན་ན་བློ་ཕམ་ཆེན་པོ་ཡོང་ས་རེད་ལ་བོད་ཡིག་རང་ངོས་ལ་གཞིགས་ན་ཉམས་ཆག་འགྲོ་ས་རེད་དྲན་གྱི་འདུག
དྲི་བ། ཁྱེད་རང་ཚོའི་སློབ་གྲྭའི་སློབ་ཕྲུག་ཚོར་གསར་ཤོག་ལ་དོ་སྣང་མེད་ནའང་དམིགས་བསལ་བོད་ཡིག་ཡག་པོ་ཤེས་མཁན་དེ་འདྲ་ཡོད་དམ།
ལན། དེ་ངས་མཐོང་མ་སོང༌། འདི་གར་བོད་ཡིག་ཤེས་ཚད་ཞེ་དྲག་སྐྱོ་བོ་འདུག
དྲི་བ། དེང་སང་ང་ཚོ་ཕན་ཚུན་སྐད་ཆ་བཤད་སྐབས་བོད་སྐད་ནང་དུ་མིང་ཚིག་ཡོད་བཞིན་གཞན་སྐད་བསྲེས་སྐབས་ཚོར་སྣང་ག་རེ་འདུག
ལན། ས་གནས་གང་ལ་སོང་ན་སྐུ་ངོ་ཚོ་དང་མི་སྣ་ཆེ་ཁག་ཚོས་ང་ཚོའི་སྐད་ཡིག་གལ་ཆེན་རེད། རིག་གཞུང་གལ་ཆེན་རེད། ངེས་པར་དུ་བོད་སྐད་དང་བོད་པའི་རིག་གནས་སློབ་སྦྱོང་བྱེད་དགོས་རེད་ལབ་ཀྱི་འདུག ཁོང་ཚོས་དབྱིན་སྐད་སོགས་མང་པོ་བསྲེས་ཡོང་དུས་ང་ཚོས་རང་བཞིན་གྱིས་དོ་སྣང་བྱེད་ཐུབ་ཀྱི་མི་འདུག ཁོ་རང་ཚོའི་བུ་ཕྲུག་དེ་ཚོ་དབྱིན་ཇིའི་སློབ་གྲྭར་གཏོང་གི་ཡོད་ཚུལ་གོ་རྒྱུ་འདུག་ལ། དེ་ཚོ་དངོས་གནས་བོད་སྤྱི་པའི་སྐད་ཡིག་ལ་མཐོང་ཆེན་མི་བྱེད་མཁན་རང་རེད་བསམ་གྱི་འདུག
དྲི་བ། མཐའ་དོན་བོད་ཀྱི་བང་ཆེན་གསར་ཤོག་བརྒྱུད་ནས་བོད་རིགས་གཞོན་སྐྱེས་ཚོར་རེ་སྐུལ་དེ་འདྲ་ཞུ་རྒྱུ་ཡོད་དམ།
ལན། ང་རང་འདྲ་བའི་གཞོན་སྐྱེས་ཚོར་འབོད་སྐུལ་ཚུལ་དུ་ཞུས་ན། སོ་སོའི་སྐད་ཡིག་འདི་སྦྱང་བརྩོན་བྱེད་རྒྱུ་གལ་ཆེན་རེད་བསམ་གྱི་འདུག དེ་མཚུངས་ཕ་མ་ཚོས་ཀྱང་བུ་ཕྲུག་ལ་སོ་སོ་བོད་པ་གཙང་མ་ཞིག་ཡིན་པའི་ཆ་ནས་བོད་ཡིག་བོད་སྐད་ཡག་པོ་ཞིག་བསླབས་ནས་མི་རབས་རྗེས་མར་རང་སྐད་མི་ཤེས་པའི་དཀའ་ངལ་མེད་པ་བཟོ་རྒྱུ་ཁུར་དུ་བབ་པའི་ལས་འགན་རེད་བསམ་གྱི་འདུག།
མོན་གྷོ་གསར་འགོད་པས་བཅར་འདྲི་བྱས།