རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཤད་པ་དེ་བདེན་ན་བརྒྱ་ཆ་བརྒྱ་ངོ་རྒོལ་ཡོད།

བཀའ་ཟུར་ལྷན་ཚོགས་སྐོར་བདེ་སྲུང་བཀའ་ཟུར་པདྨ་ཆོས་འབྱོར་མཆོག་ལ་བཅར་འདྲི་ཞུས་པ།

དྲི་བ། བཀའ་ཟུར་ལྷན་ཚོགས་འདིའི་གྲོས་གཞི་གཙོ་བོ་གང་དང་གང་ཡིན་ནམ།

ལན། གནད་དོན་གཙོ་བོ་བར་ལམ་ནས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ྋརྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཤུགས་ཆེན་པོ་ཞིག་བཏང་ཡོད་པ་རེད། སྤྱིར་མཚན་སྨད་སྔོན་མ་ནས་མང་པོ་ཞིག་གཏོང་གི་ཡོད་པ་རེད་དེ། ཉེ་བའི་ཆར་ྋརྒྱལ་བ་རིན་པོ་ཆེ་ལ་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་དོན་དུ་བཀའ་མོལ་གནང་རྒྱུའི་ཐོབ་ཐང་གང་ཡང་མེད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་ཕྱི་ལོ་༡༩༥༩ སྔོན་མ་གཏོགས། ད་ལྟ་ཁོ་རང་ལ་དབང་ཚད་དེ་ཡོད་པ་མ་རེད།

ང་ཚོ་ཁོ་རང་དང་མཉམ་དུ་བཀའ་མོལ་གནང་འདོད་ཡོད། དེ་ཁོ་རང་སྒེར་གྱི་དོན་དག་མ་གཏོགས་བོད་མི་སྤྱིའི་དོན་དུ་བཀའ་མོལ་གནང་དགོས་དོན་གང་ཡང་མེད་ཅེས་དེ་ཐག་ཆོད་པོ་བྱས་ནས་ལབ་ཡོད་པ་རེད། དེ་ནང་བཞིན་ཆབ་སྲིད་ཐད་ལོག་སྤྱོད་རང་བཞིན། ཆོས་ལུགས་ཐད་ནས་གཡོ་རྫུན་རང་བཞིན། བྱེད་ཐབས་ཀྱི་ཐོག་ནས་མགོ་སྐོར་རང་བཞིན་ཞེས་སོགས་ཚད་ལས་བརྒལ་བའི་མཚན་སྨད་རབ་དང་རིམ་པ་ཞིག་བྱེད་བཞིན་ཡོད་སྟབས་ང་ཚོས་བཀའ་མོལ་གནང་ནས་ག་འདྲ་ཞིག་ཆགས་ཀྱི་ཡོད་དམ་བསམ་ནས། བཀའ་ཟུར་དེ་ཚོ་གཅིག་འཛོམས་ནས་གྲོས་བསྡུར་ཞིག་བྱེད་དགོས་ཀྱི་འདུག་ཅེས་འཛོམས་པ་རེད། གཙོ་བོ་རྒྱ་མིས་འདི་ལྟ་བུ་བཤད་བསྡད་ན་རྒྱ་མི་དང་མཉམ་དུ་བཀའ་མོལ་གནང་ནས་དགོས་པ་རྒྱུ་མཚན་འདུག་དང་མི་འདུག་སོགས་གཞི་ལ་བཞག་ནས་གྲོས་བསྡུར་མང་པོ་བྱས་པ་དང་གྲོས་ཆོད་ཁག་བཅུ་བཞག་ནས་ྋསྐྱབས་མགོན་རིན་པོ་ཆེ་ལ་སྙན་སེང་ཞུས། བཀའ་ཤག་ལ་སྙན་སེང་ཞུས་པ་རེད། ཡིན་ནའང་གསལ་པོ་བཟོ་དགོས་པ་ཞིག་ལ་མང་པོ་ཞིག་གིས་བཀའ་ཤག་ལ་སྐྱོན་བརྗོད་དང༌། བཀའ་ཤག་ལ་ངོ་རྒོལ། བཀའ་ཤག་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་བཀའ་ཟུར་ཚོ་འཚོགས་པ་རེད་ཅེས་དཀྲོག་གཏམ་མང་པོ་ཞིག་ཡོང་གི་ཡོད་ས་རེད། དེ་འདྲ་རྩ་བ་ཉིད་ནས་མ་རེད། ང་ཚོས་བཀའ་ཤག་ལ་ངོ་རྒོལ་བྱེད་རྒྱུ་དང༌། བཀའ་ཤག་ལ་སྐྱོན་བརྗོད་བྱེད་རྒྱུ། བཀའ་ཤག་གི་བྱེད་སྟངས་འགྲིག་མི་འདུག་ཅེས་དམིགས་བསལ་གྱིས་ཞུ་རྒྱུ་གང་ཡང་ཡོད་པ་མ་རེད། ཡིན་ནའང་བར་ལམ་ནས་སྤྱི་ཚོགས་ནང་གཙོ་བོ་རྒྱ་བོད་ཞི་མོལ་གྱི་བཀའ་མོལ་གནང་ཕྱོགས་ཐད་ལ་བསམ་ཚུལ་མང་པོ་ཞིག་ཡོད་པ་རེད། དེ་དང་དེ་མཚུངས་ཀྱི་ཐོག་ནས་རྒྱ་མིས་འདྲ་མི་འདྲ་ལབ་ཡོང་དུས་ང་ཚོས་ལེགས་སྤེལ་ཉེས་འགོག་གི་ཆེད་ལྟ་བུར། ྋརྒྱལ་བ་རིན་པོ་ཆེས་བཀའ་ཟུར་དེ་ཚོ་གཅིག་འཚོགས་ཞེས་བཀའ་གནང་ཡོད་པ་རེད། བཀའ་ཟུར་ཁ་ཤས་ཀྱིས་ང་ཚོ་ཕྱི་རྒྱལ་དུ་སྡོད་མཁན་ཚོ་ལ་ཡོང་དགོས་ཀྱི་འདུག་ཅེས་ཡང་ཡང་གསུངས་ནས་ཕྱི་རྒྱལ་ནས་བཀའ་ཟུར་གསུམ་བཅར་ཡོད་པ་རེད། ཉིན་ལྔའི་རིང་ཚོགས་འདུ་འཚོགས་ནས་བཀའ་ཤག་ལ་བཅར་ནས་ཞུས་པ་ཡིན། རྒྱ་མིའི་བྱེད་སྟངས་ཀྱི་ཐོག་ལ་བཀའ་ཤག་གིས་ག་རེ་གནང་གི་འདུག མ་འོངས་པར་ག་འདྲ་དགོས་ས་རེད་ང་ཚོས་དོན་ཚན་བཅུ་ཞིག་བཀའ་ཤག་ལ་ཞུས་ཡོད་པ་རེད།

བཀའ་ཤག་ལ་ཞུས་པའི་སྐབས་དེར་བཀའ་བློན་ཁྲི་པ་བཞུགས་མི་འདུག་ཀྱང་བཀའ་བློན་མང་པོ་ཞིག་བཞུགས་འདུག གོ་བསྡུར་ལྷུག་པོ་བྱུང་སོང༌། དེ་བཞིན་དམིགས་བསལ་ཞུས་པ་གཅིག་ལ་ཕྱི་ཟླ་༡༡ པའི་ནང་གི་དམིགས་བསལ་ཚོགས་ཆེན་དེ་ལ་ལངས་ཕྱོགས་ག་འདྲ་ཞིག་དགོས་ཀྱི་ཡོད་མེད་ཐག་གཅོད་རྒྱུ། རྒྱ་ཆེའི་མི་མང་གི་བསམ་ཚུལ་སླེབས་ཐུབ་དགོས་པ་དེ་གལ་ཆེན་པོ་མཐོང་གི་ཡོད། སྤྱི་ཟུར་རྙིང་པ་དང༌། བཀའ་ཟུར་རྙིང་པ་མང་པོ་ཞིག་གདན་འདྲེན་ཞུས་འདུག སྤྱིར་མི་རྙིང་པ་ལ་བསམ་ཚུལ་གསར་པ་ཞིག་ག་འདྲ་འདོན་རྒྱུ་ཡོད་ན། དེ་ལས་ཕྱི་རྒྱལ་དུ་ཡོད་པའི་རྒྱལ་སྤྱིའི་ནང་དུ་མཚན་སྙན་གྲགས་ཡོད་པའི་བོད་མི་གང་འཚམས་ཞིག་ཡོད་པ་རེད། དེ་ཚོ་གདན་འདྲེན་ཞུ་དགོས་ཀྱི་འདུག་ཅེས་སྙན་སེང་ཞུ་རྒྱུ་བྱུང༌། ང་ཚོའི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཆགས་བསྡད་ཡོད་དུས། འཛམ་གླིང་རྒྱལ་སྤྱིའི་གནས་སྟངས་དང་བསྟུན་ནས་བོད་ཀྱི་གནད་དོན་དེ་ག་འདྲ་ཞིག་ལ་བསྒྱུར་འགྲོ་ཡི་རེད། ག་འདྲ་བསྒྱུར་ན་དགའ་ཡི་རེད། ཁོང་ཚོར་སློབ་སྟོན་གསར་པ་དང༌། བསམ་ཚུལ་གསར་པ། ལམ་སྟོན་གསར་པ་དེ་འདྲ་གནང་རྒྱུ་ཡོད་འགྲོ་ཞེས་ཞུ་རྒྱུ་བྱུང༌།

དྲི་བ། གྲོས་ཆོད་བྱུང་བའི་ནང་དོན་གལ་ཆེ་བ་གང་དང་གང་ཡིན་ནམ།

ལན། གཙོ་བོ་རྒྱ་བོད་བཀའ་མོལ་གནང་དགོས་ཀྱི་འདུག་དང་མི་འདུག ཕྱི་ཟླ་བཅུ་པའི་ནང་ཕེབས་ཀྱི་ཡིན་གསུང་གི་ཡོད་པ་རེད། ཕེབས་ནས་དོན་དག་ག་འདྲ་ཞིག་ཡོང་ས་རེད། ཕེབས་དགོས་ཀྱི་འདུག་དང་མི་འདུག་སྐོར་ལ་བགྲོ་གླེང་གཙོ་བོ་བྱས་པ་རེད། སྤྱིར་བཏང་ང་ཚོས་བལྟས་ན་དགོས་པ་རྒྱུ་མཚན་ཞིག་ཆགས་ཀྱི་མི་འདུག འོན་ཀྱང་ང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ནས་གོ་བསྡད་པ་དང་ཤེས་བསྡད་པ་དེ་ཚོ་ལས་ལྷག་པ་ཞིག་ཤེས་ཀྱི་ཡོད་པ་མ་རེད། ཇི་མ་ཇི་བཞིན་རྒྱལ་སྲིད་སྤྱི་ཁབ་ཁང་ནས་ག་རེ་ཤོད་ཀྱི་ཡོད་དང༌། དངོས་ཡོད་གནས་ཚུལ་ཁོ་རང་ཚོས་ཞལ་དྲོན་པོ་ནས་ག་རེ་གསུང་གི་ཡོད་མེད་སོགས་སྤྱིར་བཏང་བཀའ་མོལ་གནང་རྒྱུ་ཡོད་དང་མེད། བཀའ་ཤག་དང་སྐུ་ཚབ་རྣམ་པས་མཁྱེན་གྱི་རེད། ང་ཚོས་གོ་ཐོས་བྱུང་བ་ལས་ལྷག་ཅིག་མེད་ན་བཀའ་མོལ་གནང་ནས་དགོས་པ་རྒྱུ་མཚན་ཞིག་གང་ཡང་མི་འདུག་ཅེས་གཙོ་བོ་དེ་རེད། དེ་དང་ཆབས་གཅིག་ཏུ་བསམ་ཚུལ་གཅིག་གྱུར་བྱུང་བ་ལྟ་བུ་ཞིག་ལ་བར་ལམ་རྒྱ་ནག་གི་ཕྱོགས་ནས་ྋགོང་ས་མཆོག་ལ་མཚན་སྨད་ཚད་ལས་འདས་པ་ཞིག་བྱས་ཀྱང༌། འདིར་མི་མང་གི་ཐོག་ནས་གཞོན་ནུ་ཚོགས་པ་སོགས་ཚོགས་པ་མང་པོ་ཞིག་ཡོད་པ་རེད་དེ། དེ་ལ་ལན་འདེབས་གང་ཡང་མེད་པ་དང༌། བཀའ་ཤག་གིས་དམིགས་བསལ་སྐྱོན་བརྗོད་གང་ཡང་མེད་པ་ལྟ་བུ་དང༌། གྲོས་ཚོགས་ནས་ཀྱང་བཀའ་མོལ་གནང་ཡོད་རྒྱུ་རེད་དེ། དེ་ཚོ་ཡིག་ཐོག་ཏུ་བཞག་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། གསལ་བསྒྲགས་རྒྱ་ཆེན་པོ་བྱས་ནས་རྒྱ་མིར་བརྡ་གསལ་པོ་སྤྲད་དགོས་པ་ཞིག་ཆགས་ཡོད་པ་རེད། ྋརྒྱལ་བ་རིན་པོ་ཆེ་དང་བོད་མི་ས་ཡ་དྲུག་སྐེ་དང་འཇིང་པ་འབྲལ་ཐབས་ཡོད་པ་མ་རེད། རྒྱ་མིས་ག་རེ་བཤད་ཀྱང་མ་བཤད་ཀྱང་ྋརྒྱལ་བ་རིན་པོ་སྐུ་སྒེར་གྱི་དོན་དག་ཅིག་ཐག་གཅོད་གང་ཡང་གནང་གི་ཡོད་པ་མ་རེད། བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་བཀའ་མོལ་གནང་གི་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཤད་པ་དེ་བདེན་ན་བརྒྱ་ཆ་བརྒྱ་ངོ་རྒོལ་ཡོད། ྋརྒྱལ་བ་རིན་པོ་ཆེ་ཆིབས་བསྒྱུར་མང་པོ་གནང་གི་ཡོད་པ་རེད། དེ་ཡིན་དུས་སྐུའི་ཉེན་སྲུང་གི་ཐོག་ལ་བློ་འཚབ་མང་པོ་ཡོད་པས་བཀའ་ཤག་གིས་དགོངས་པ་རྒྱ་ཆེན་པོ་བཞེས་ནས་གྲ་སྒྲིག་གནང་དགོས་པ་སོགས་ཞུས་པ་རེད།

དྲི་བ། བཙན་བྱོལ་སྤྱི་ཚོགས་དང་འཛིན་སྐྱོང་གི་སྐོར་བཀའ་བསྡུར་བྱུང་ཡོད་དམ།

ལན། དམིགས་སུ་བཀར་ནས་བྱུང་ཡོད་པ་མ་རེད། ཡིན་ནའང་བཀའ་མོལ་མང་པོ་ཞིག་བྱུང་སོང༌། བཙན་བྱོལ་སྤྱི་ཚོགས་དེ་གནས་དགོས་ཀྱི་ཡོད་པ་གལ་ཆེན་པོ་ཞེ་དྲག་ཡིན་པ་དང༌། དེ་ག་ནང་བཞིན་བཙན་བྱོལ་གཞུང་དེ་གནས་དགོས་པ་གལ་ཆེན་པོ་ཡིན་པ། རྒྱ་གར་གཞུང་དང༌། བཙན་བྱོལ་གཞུང༌། ཧིན་བོད་མི་མང་གི་དབར་དུ་འབྲེལ་བ་ཡག་པོ་ཞིག་ཡོང་དགོས་པ་དེ་ཚོ་གལ་ཆེན་པོ་ཡིན་པ་དང༌། བཙན་བྱོལ་སྤྱི་ཚོགས་ནང་གཞོན་སྐྱེས་ལས་མེད་མང་དུ་འགྲོ་བཞིན་ཡོད་པ་རེད། འདི་ཚོ་ལ་ལྟ་རྟོགས་བྱེད་རྒྱུའི་ཐབས་ཤེས་ཤིག་མ་བྱས་ན་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཞིག་འཕྲད་རྒྱུ་ཉག་གཅིག་ཡིན་པ་མཐོང་གི་ཡོད་པ་རེད། ལས་མེད་དེ་ཚོ་ལ་བདག་པོ་བརྒྱབ། གང་གནང་ཐུབ་པ་དེ་ཚོ་གནང་དགོས་ཀྱི་འདུག་ཅེས་ཞུས་ཡོད་པ་རེད།

དྲི་བ། སྐུ་ངོ་ཁྱེད་ཀྱི་དགོངས་ཚུལ་བྱས་ན་བཀའ་ཟུར་ཚོགས་འདུ་དེ་ཡག་པོ་བྱུང་སོང་ངམ།

ལན། ཡག་པོ་ཞེ་དྲག་བྱུང་སོང༌། སྤྱིར་བཀའ་ཟུར་དེ་ཚོ་ཐེངས་མ་ཁ་ཤས་འཚོགས་ཚར་བ་རེད། ང་ཚོ་ཕྱི་ལོགས་སུ་སྡོད་མཁན་དེ་ཚོ་ད་ལྟ་མ་གཏོགས་བཅར་ཐུབ་ཡོད་པ་མ་རེད། ད་ལྟ་བཀའ་བློན་ཁྲི་ཟུར་ལྔ་འདུག་དེ་ཚོ་ཚང་མ་ཕེབས་ཡོད་པ་རེད། རྒན་པ་དེ་ཚོའི་ནང་ནས་ས་དབང་ཆེན་མོ་རྒྱལ་ལོ་དོན་གྲུབ་དང༌། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་གཉིས་ལ་མཚོན་ན་ཧ་ལས་པའི་ཉམས་མྱོང་ཆེན་པོ་དང༌། བྱུང་རབས་ལོ་རྒྱུས་ཀྱི་ཐོག་ནས་གསལ་པོ་གསུང་རྒྱུ་ཡོད་པ་དང༌། བསྟན་པ་ཆབ་སྲིད་ཀྱི་དོན་དག མ་འོངས་བོད་ཀྱི་གནད་དོན་གྱི་ཐོག་ལ་ག་འདྲ་གནང་དགོས་ཀྱི་རེད། ག་འདྲ་ཆགས་སྲིད་ཀྱི་རེད། ཅེས་བཀའ་མོལ་གནང་དུས་རེ་བ་རྒྱག་རྒྱུ་ཞིག་ཞེ་དྲག་མེད་པའི་བཟོ་འདྲ་ཞིག་རེད། ྋསྐྱབས་མགོན་རིན་པོ་ཆེས་རེ་བ་ཡག་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་གྱིས་ཞེས་བཀའ་གནང་བ་བཞིན། དེ་ལ་དཔག་པའི་བཀའ་བསྡུར་ག་འདྲ་ཞིག་གནང་དགོས་ཀྱི་འདུག དེའི་སྐོར་ལ་རྒན་པ་མང་པོ་ཞིག་དང་མཉམ་དུ་ཉིན་མང་པོ་བཀའ་བསྡུར་གནང་བ་དེས་ང་ལ་མཚོན་ན་ཕན་ཐོགས་ཞེ་དྲག་བྱུང༌། དྲི་བ། བཀའ་ཟུར་སྒེར་སོ་སོའི་ངོས་ནས་བཀའ་མོལ་གནང་དུས་ལམ་དབུ་མའི་སྲིད་ཇུས་འདིས་གྲུབ་འབྲས་ཐོན་མ་ཐོན་སྐོར་གསུང་མཁན་བྱུང་སོང་ངམ།

ལན། བྱུང་སོང༌། ྋསྐྱབས་མགོན་རིན་པོ་ཆེས་༡༩༧༢ ལོ་ནས་རང་བཙན་བྱས་ན་རག་ཁག་པོ་ཆགས་ཡོད་པ་དང༌། རྒྱ་མིའི་མཉམ་དུ་གྲོས་བསྡུར་བྱས་ནས་བོད་ཆོལ་ཁ་གསུམ་རང་སྲིད་རང་སྐྱོང་སྐོར་ལ་ཐབས་ལམ་ག་འདྲ་དགོས་མིན་སོགས་བཀའ་མོལ་བྱུང་མྱོང་གསུང་གི་འདུག ༡༩༧༩ ལོར་ཏིང་ཞོ་ཕིང་གིས་རང་བཙན་མ་བརྩད་ན་བཀའ་མོལ་གནང་འདོད་ཡོད་ཅེས་ས་དབང་ཆེན་མོ་རྒྱལ་ལོ་དོན་གྲུབ་ཀྱིས་ལན་ཞིག་ཁུར་ནས་སླེབས་སོང༌། དེ་འདྲ་ཡིན་དུས་སྔོན་མ་བཀའ་བསྡུར་གནང་བ་དེ་ཚོ་བཤད་ཆོག་ཆོག་འདུག རང་བཙན་དོར་ནས་ཆོལ་ཁ་གསུམ་ལ་རང་སྲིད་རང་སྐྱོང་ཚད་དང་ལྡན་པ་ཞིག་དགོས་པའི་དགོངས་ཚུལ་དེ་བཏོན་པ་རེད། ལམ་དབུ་མ་བྱས་པ་ཡིན་ན་རྒྱ་གར་གྱིས་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཨ་རིས་གཙོས་ཕྱི་རྒྱལ་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་དེ་དྲང་པོ་འདུག བདེན་པ་འདུག་ཅེས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་ནག་ནང་གི་རྒྱ་མི་རིགས་མང་པོ་ཞིག་གིས་ྋསྐྱབས་མགོན་རིན་པོ་ཆེའི་ལངས་ཕྱོགས་དེ་ཡག་པོ་འདུག་ཅེས་རྒྱབ་སྐྱོར་དང༌། དགའ་བསུ་ཞུ་མཁན་མང་པོ་ཡོང་གི་ཡོད་པ་རེད། རྒྱ་ནག་གཞུང་ལ་སྙན་ཞུ་ཕུལ་བ་དེ་འདྲ་བྱུང་ཡོད་པ་རེད། ལམ་དབུ་མ་དེ་ཐབས་ལམ་ཡག་ཤོས་རེད་ཅེས་བཀའ་མོལ་གནང་མཁན་བྱུང་སོང༌།།

 

 

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།