བུད་མེད་ཀྱིས་སྐད་ཆ་མང་ཙམ་བཤད་ཐུབ་དགོས་པ་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བཀྲས་མཐོང་ལྷ་སྒྲོན་ལགས་སུ་བུད་མེད་ཀྱི་གནས་བབ་སྐོར་ལ་བཅར་འདྲི།
དྲི་བ། ཁྱེད་རང་གིས་ཕྱིའི་རྒྱལ་ཁབ་ནང་སློབ་གཉེར་གཙོ་བོ་ག་རེ་གནང་བ་ཡིན།
ལན། རྒྱལ་རབས་སློབ་སྦྱོང་བྱས་པ་དང༌། དེའི་ནང་དམིགས་བསལ་དེང་དུས་ཨ་རིའི་རྒྱལ་རབས་ལོ་རྒྱུས་ཐོག་སློབ་སྦྱོང་བྱས་པ་ཡིན། ཨ་རི་ནི་དེང་སྐབས་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཁོང་ཚོས་བོད་ལ་རོགས་པ་ཏོག་ཙམ་བྱེད་ཀྱི་ཡོད་པ་བཞིན། ཁོ་ཚོའི་སྐོར་མང་ཙམ་ཤེས་ན་བོད་དོན་ཐོག་ལའང་རོགས་པ་བྱེད་ཐུབ་པར་ཕན་གྱི་རེད་བསམ་གྱི་འདུག
དྲི་བ། ཁྱོད་རང་བུད་མེད་ཅིག་ཡིན་པའི་ཆ་ནས་མི་ཚེའི་ནང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་སོང༌།
ལན། ང་རང་བུད་མེད་ཅིག་ཡིན་ཡང་མི་ཚེའི་ནང་གི་དཀའ་ངལ་ཆེ་ཤོས་དེ་ཕལ་ཆེར་འཕྲད་རྒྱུ་ཡིན་ས་རེད། ད་ཆ་བོད་པའི་ཆབ་སྲིད་འཐབ་རྩོད་ཀྱི་བྱ་འགུལ་མུ་མཐུད་བྱེད་དགོས་པ་དང༌། མ་འོངས་པར་ཁྱིམ་ཚང་དང་ཕྲུ་གུར་དུས་ཚོད་གཏོང་དགོས་པའི་ཐོག་ནས་ངའི་ལས་དོན་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་གཏན་ཁེལ་བ་ཞིག་རེད། གཞན་ཡང་ང་རང་ཚོགས་འདུ་སོགས་སུ་ཞུགས་དུས་བོད་པའི་འཐབ་རྩོད་ཀྱི་བྱ་བར་ཐག་གཅོད་དགོས་པའི་གནས་ཚུལ་སྐབས་སུ་དཔེར་ན། ཚོགས་རའི་ནང་རྒན་རབས་ཚོས་བུད་མེད་ཀྱི་སྐད་ཆར་ཉན་འཇོག་མི་བྱེད་པའི་དཀའ་ངལ་ཏོག་ཙམ་ཡང་འཕྲད་ཀྱི་འདུག
དྲི་བ། བཀའ་ཤག་གིས་བུད་མེད་ཀྱི་སྲིད་ཇུས་ཤིག་སྤེལ་ཡོད་པ་དང༌། དེའི་ཐོག་ཁྱོད་རང་གིས་བཙན་བྱོལ་ཁྲོད་ཀྱི་བུད་མེད་ཚོས་གང་ཅིའི་ཐད་ཡར་རྒྱས་གང་འདྲ་གཏོང་དགོས་ཀྱི་རེད་དགོངས་ཀྱི་འདུག
ལན། སྤྱིའི་ཆ་ནས་བཤད་ན་གཙོ་བོར་བུད་མེད་ཀྱི་རྩ་བའི་ཤེས་ཡོན་སློབ་སྦྱོང་གི་ཆ་རྐྱེན་ཡར་རྒྱས་གཏོང་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། འོན་ཀྱང་ཤེས་ཡོན་ཟེར་བ་དེ་བུད་མེད་ཚང་མས་གཅིག་མཚུངས་ཀྱི་ལས་རིགས་དཔེར་ན། སྨན་ཞབས་དང་དགེ་རྒན་ལྟ་བུའི་ལས་གནས་གཅིག་པུའི་ཐོག་མཉམ་ཞུགས་ཙམ་རེད། ཆུང་དུས་ནས་བཟུང་སོ་སོའི་ངོས་ནས་རང་བཞིན་གྱི་འདོད་མོས་ལྟར་བྱ་བ་གང་ཞིག་ལ་ཞུགས་ཀྱང་ལས་རིགས་དེར་དོ་སྣང་ཡག་པོ་བྱས་ཐོག་ལས་དོན་དེ་མཐར་ཕྱིན་པ་ཞིག་དགོས་རྒྱུ་དེ་ནི་བུད་མེད་ཆ་ཚང་བ་ཞིག་ཆགས་རྒྱུར་ཤིན་ཏུ་གལ་ཆེ། དེ་མིན་བུ་མོ་ཆུང་དུས་ནས་སྐད་ཆ་མང་ཙམ་བཤད་དགོས་པ་རེད་སྙམ། སྐད་ཆ་དེའང་གྲོགས་ཕོ་མོ་དབར་འཁྱམ་མྱུལ་སྐབས་ཀྱི་སྐད་ཆ་དེ་འདྲ་མིན་པར་བོད་པའི་སྤྱི་ཚོགས་སུ་བུད་མེད་ཀྱི་ངོས་ནས་སྐད་ཆ་མང་ཙམ་བཤད་ཐུབ་དགོས་པ་རེད། བུད་མེད་ཀྱི་སྐད་ཆ་འགྲིག་མིན་ལ་མ་ལྟོས་པར་བུད་མེད་རང་ངོས་ནས་སོ་སོའི་བསམ་འཆར་གླེང་དགོས་པ་རེད། སྐད་ཆ་བཤད་ནོར་བྱས་འདུག་ཅེས་ཁོ་མོ་ཚོའི་སྐད་ཆ་བཤད་པར་ཉེས་ཆད་བཏང་བ་སོགས་མིན་པར། བུད་མེད་ཚོས་སྐད་ཆ་བཤད་ཐུབ་པར་སེམས་ཤུགས་སྤྲད་དགོས་པ་ཤིན་ཏུ་གལ་ཆེ་བའི་གནས་ཚུལ་ཞིག་རེད། དེ་འདྲའི་ཐོག་ནས་བུད་མེད་ཀྱིས་རང་ལ་གདེང་ཚོད་སྤར་ཐུབ་པ་ཞིག་བྱུང་ན་ཆབ་སྲིད་སོགས་ལས་དོན་གང་ཅིའི་ཐད་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད། སྤྱིའི་ཆ་ནས་ཚོད་དཔག་དཀའ་ནའང་རྒྱལ་སྤྱིའི་ཐོག་ཏུ་ཚང་མར་གཅིག་མཚུངས་ཀྱི་ཉམས་མྱོང་ཞིག་བྱུང་བ་དེ་ནི། བུད་མེད་ཀྱིས་གཞུང་སྒེར་གང་ཡང་རུང་བའི་ཚོགས་པའི་མ་དངུལ་གཡར་ནས་ལས་དོན་བསྒྲུབས་པ་དང༌། དེ་རྗེས་གཡར་དངུལ་གྱི་མ་རྩ་ཆ་ཚང་ཕྱིར་སྤྲོད་ཐུབ་པ་དེ་ནི་ཚད་མཐོན་པོ་རེད། གནས་སྟངས་གཅིག་མཚུངས་ཀྱིས་ང་ཚོའི་བོད་ཀྱི་བུད་མེད་ཚོར་ཡང་གཞུང་ངོས་ནས་མ་དངུལ་གཡར་ཏེ་ཚོང་གཉེར་སོགས་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ལ་དོ་སྣང་བྱེད་བཅུག་པ་དེ་འདྲ་བྱུང་ན། བུད་མེད་ཀྱི་ཐོབ་ཐང་དང་བོད་པའི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ཕན་ནུས་ངེས་ཅན་ཡོད་ངེས་རེད།
དྲི་བ། ཁྱེད་རང་ཕྱིའི་རྒྱལ་ཁབ་ཏུ་བཞུགས་ཡོད་སྟབས་བོད་སྐད་མཁྱེན་གྱི་མེད་པས་དེའི་སྐོར་ལ་དགོངས་ཚུལ་གང་ཡོད་དམ།
ལན། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་སྐད་རྒྱག་མི་ཐུབ་པ་དེར་ཁྱོད་ཚོ་ངོ་ཚ་པོ་དང་སེམས་སྐྱོ་པོ་ཡོད་པ་ལས། ང་རང་གིས་བོད་སྐད་རྒྱག་མ་ཐུབ་པ་དེར་སྤོབས་པ་ཡོད་མདོག་བྱས་ན་ང་རང་བོད་པ་ཞིག་ཆགས་ཀྱི་མ་རེད། དེའང་དུས་ཚོད་འདང་མིན་དང་ལོ་ཚོད་ཆེ་མ་དྲགས་ན་རང་གི་སྐད་ཡིག་སྦྱོང་རྒྱུའི་འཆར་གཞི་ཏན་ཏན་སྒྲིག་གི་ཡིན། འོན་ཀྱང་རྒྱ་ཆེ་ས་ནས་བསམ་བློ་བཏང་ན་དེ་ནི་ང་གཅིག་པུའི་གནས་སྟངས་མ་རེད། བོད་ཕྱི་ནང་དུ་སོ་སོའི་རྒྱལ་ཁབ་མེད་པའི་མི་ཞིག་གི་ངོས་ནས་གནས་ཚུལ་དེ་རྒྱ་ཁྱབ་ཆེན་པོ་ཡིན་པ་དཔེར་ན། རང་སྐད་རིམ་གྱིས་བོར་འགྲོ་བའི་གནས་ཚུལ་དེ་བོད་ནང་ཁུལ་གྱི་གནས་སྟངས་ཀྱང་གཅིག་མཚུངས་རེད། དེ་བས་གལ་ཆེ་བ་དང་ནུས་ཤུགས་ཆེ་བ་ཐོན་ཐུབ་པ་ནི་བོད་པའི་ཆབ་སྲིད་ཀྱི་འཐབ་རྩོད་དང་བོད་ཀྱི་བདེན་མཐའ་གསལ་ཆེད་བོད་རང་བཙན་རྩོད་ཐུབ་པ་དགོས་རྒྱུ་རེད། སྤྱིའི་ཆ་ནས་རང་གི་རིག་གཞུང་གཅེས་ཉར་བྱེད་རྒྱུ་གལ་ཆེན་པོ་རེད། བཙན་བྱོལ་དུ་ཡིན་ཡང་དུས་ངེས་ཅན་ཞིག་ནང་རང་གི་སྐད་ཡིག་ཉར་ཚགས་ཐུབ་ཀྱང་སོ་སོའི་ལུང་པ་མེད་པའི་ཆ་ནས་སྔ་ཕྱི་མ་གཏོགས་མཉམ་དམས་སུ་འགྲོ་རྒྱུ་དང༌། མ་འོངས་པར་རང་གི་རིག་གཞུང་བོད་ནང་དུ་དངོས་འབྲེལ་སྤེལ་ཐུབ་པ་དང་ཚད་མཐོན་པོས་གཅེས་སྐྱོང་ཐུབ་པར་ད་ལྟའི་ཆར་ངེས་པར་དུ་ཆབ་སྲིད་ཀྱི་འཐབ་རྩོད་དགོས་ཀྱི་རེད།།